སོག་མདའ།
གནག་སྣུམ་སྐྲ་ཡི་ལན་བུར་སེར་ཐིག་ལྷུང་ཐལ།།
ཡ་ཐོད་སྤྱན་གྱི་མཐའ་ལ་གཉེར་མས་ཁེངས་ཐལ།།
མ་ཐུག་ལོ་ཟླའི་ཕྲེང་གོག་རིང་མོའི་ཁྲོད་ནས།།
སྙིང་གི་མ་བུ་ཁྱེད་གཉིས་བདེ་མོ་ཡིན་ནམ།།
སྟོད་ཕྱོགས་འབྲོག་གི་སྡེ་ཆེན་དཀྱིལ་གྱི་དྲུང་ནས།།
ཆ་མཉམ་ཁ་ཡ་ན་ཟླའི་རྩེད་རའི་ཁྲོད་ནས།།
བརྩེ་དུང་དར་གྱི་མདུད་པ་གཅིག་ལ་བརྒྱུས་དུས།།
སེམས་པ་དམར་ཆུང་གཉིས་ཀ་ཇི་འདྲའི་སྐྱིད་ཨང་།།
དགུན་གསུམ་ཁ་བའི་གཡོགས་པའི་དུས་ཚིགས་སྐབས་སུ།།
སྐར་མ་གྲང་འདར་བྱེད་པའི་མཚན་མོ་ཞིག་ལ།།
ནོར་སླས་གོར་མོ་དཀྱིལ་ནས་མཆིན་པ་གླན་དུས།།
དྲོད་ཀྱི་རླངས་པ་འཐུལ་བའི་ངང་ཚུལ་དྲན་གི །
སྟོན་གསུམ་ནོར་བར་སོང་བའི་སྦྲ་གུར་ནང་ནས།།
ལྷབ་ལྷུབ་མེ་ལྕེ་འབར་བའི་ཐབ་ཀའི་རྩ་ནས།།
སྙན་མོ་ལ་གཞས་འཐེན་པའི་ངང་ཚུལ་བསམ་ན།།
རྒྱང་རིང་ས་མཐའ་འདི་ནས་འདུག་སྣང་མི་འཆར།།
འབྱུང་བཞི་ལུས་པོ་ད་ལྟ་བདེ་ཙམ་མཆིས་ཀྱང་།།
སེམས་པ་གཤོག་ཐོགས་ཁྱེད་གཉིས་ཕྱོགས་སུ་འཕུར་བས།
བྲལ་གདུང་ཤུགས་ཀྱི་ཚོར་བར་རྣོ་ངར་ཆེ་བས།།
རྨི་ལམ་སྒྱུ་མའི་གྲོང་ནས་ཁྱེད་གཉིས་རྨིས་ཐལ།།
ངེད་གཉིས་རང་དབང་བྲལ་བའི་ཉིན་མོ་དེ་ལ།།
སྙིང་གི་གཅེས་ཕྲུག་ཨ་མའི་ལྟོ་བར་གནས་པས།།
མ་ཤི་གསོན་བྲལ་བྱས་པའི་ཉིན་མོ་བསམ་ན།།
འཇིག་རྟེན་འདི་རུ་བསྡད་པ་དོན་གོ་ཆུང་སོང་།།
གནས་ལུགས་རྒྱུ་མཚན་མེད་པའི་ཁོར་ཡུག་ཆུང་ཆུང་།།
བསམ་གཞིགས་བློ་དོག་ཆུང་བའི་ཕ་རྒན་རྒད་པོས།།
བུ་མོ་གཞན་ལ་བཙོང་བའི་རིན་འབབ་ཆེད་དུ།།
མ་བུ་ངེད་གསུམ་འདི་ལྟར་སྡུག་ལ་བསྐྱལ་ཡོད།།
ཆུང་མ་གཞན་ལ་ཤོར་བའི་སྡར་མ་ང་ཡིན།།
བུ་ཆུང་མཉམ་ཏུ་ཤོར་བའི་ཐབས་ངན་ང་ཡིན།།
ཡོད་ཚད་གཞན་ལ་ཤོར་ནས་རང་སྡུག་ཆེ་ཡང་།།
དྲན་པའི་གཞུ་རྒྱུད་མདའ་མོ་འཁྱོགས་ཀྱི་མི་འདུག །
དྲང་བདེན་གནས་ལུགས་བཤད་སའི་རྒྱ་མ་མེད་ཐལ།།
ཡིན་ལུགས་གཏམ་གྱི་སྙིང་བོར་གོ་བ་མེད་ཐལ།།
ཅི་འདོད་ཕ་ལ་དབང་བའི་མི་རབས་དེ་ལ།།
སྨན་ཆུང་བུ་མོ་རྣམས་ལ་འདེམས་དབང་མེད་ཐ།།
གཞན་གྱི་མི་ཡུལ་འགྲིམས་ནས་ལུས་པོ་རྒས་ཐལ།།
འདང་ཆེན་རོགས་ལོ་དྲན་ནས་སེམས་པ་རྒས་ཐལ།།
སྙིང་གི་གཅེས་ཕྲུག་དྲན་ནས་མིག་ཆུ་ཤོར་ཐལ།།
སྐྱོ་སྡུག་ལོ་ཟླའི་ཕྲེང་གོག་འདི་ལྟར་རྫོགས་ཐལ།།
སྐྱིད་ཀྱི་ཉིན་མོ་འཆར་བའི་ཉིན་ཞིག་ཡོད་ན།།
མ་ཤི་གསོན་བྲལ་བྱས་པའི་ནང་མི་བཟའ་ཚང་།།
ལྷན་ཅིག་འཛོམས་པའི་དུས་བཟང་ཤར་བ་ཞིག་ལ།།
མ་བཅོས་སེམས་ཀྱི་གཏིང་ནས་སྨོན་ལམ་བཏབ་ཡོད།
༢༠༡༢་༩་༢༡་ཉིན་རང་ཤག་ནས།
དངོས་གནས་ཚིག་གི་སྦྱོར་བདེ་སོགས་གང་ཐད་ནས་སྙན་ངག་བདེ་མོ་ཞིག་འཁྱོངས་འདུག ཀླུ་ཚང་འདས་པོ་ལས་གཞན་འདི་འདྲ་འབྲི་མཁན་བཙན་བྱོལ་ན་ཧ་ཅང་དཀོན། དེ་རིང་ཁྱོས་ངའི་སེམས་ལ་རྩོམ་རིག་གམ་སྙན་ངག་ཕྱོགས་ནས་བག་ཆགས་ཟབ་མོ་བཞག་སོང་། ད་དུང་འདི་ལྟ་བུའི་སྙན་ངག་རེ་ཕྲིས། ཁ་མིན་དོན་གྱི་སྙན་ངག་ལབ་ན་འདི་འདྲའི་ཚིག་སྙན་པ་དང་ཡི་གེའི་ཐོབ་ཐང་མ་ནོར་བ། གོ་རིམ་མཐར་ཆགས་སུ་ཕྱིན་པའི་ངག་གི་ཕྲེང་བ་ལ་གོ་བ་ལེན་རྒྱུ་ལས་རྡོ་ཆག་བཙན་བསྒྲིག་དག་ལ་ནི་སྙིང་བོ་ཅི། ཚེ་ཐག་རིང་རྒྱུ་བོ། ཁ་བྲོ། ཁྱོའི་སྙན་ངག་གི་བསྟན་པ་དར་བར་ཤོག རྒྱལ་གྱུར་ཅིག
བདག་ཀྱང་དེ་དེ་བཞིན་ནོ།
སོག་མདའ་ལགས་སྙན་བྱུང་ཡང་ཡང་འབྲི་རོགས་ཞུ་།
ཡིད་དགའ་སའི་ཚིག་སྦྱོར་རེད། གཅིག་བཀླགས་ནས་བུད་སོང་ང་།
ཕ་མ་མེད་པའི་ཁ་རྒྱལ་མགོ་རྒྱལ་ཚོ།།
ངོ་ཚ་མེད་པའི་རྐྱལ་སྟོངས་མགོ་སྟོངས་ཚོ།།
ངོ་ཚ་མེད་པའི་གཞི་ཁྱིམ་སྟོང་བ་ན།
ལ་གཞས་ལ་ནས་མི་ལེན་ཐབ་རྩར་འཐེན།
རྒྱུས་མེད་ཡུལ་གྲུ་ཞིག་ནས་མདོ་སྨད་ཀྱི་འཁྱམ་པོས། །
བརྩེ་ལྡན་མ་བུ་དྲན་པའི་སྐྱོ་གདུང་གི་གླུ་ཆུང་། །
མ་བཅོས་ལྷོད་ཀྱིས་བཞུར་བའི་སྙན་ངག་ལ་དྲངས་པས། །
འདྲེ་རྒན་རྐང་ཐོའི་སེམས་པ་དབང་མེད་འཕྲོག་ཐལ། །
སེམས་པ་སྐྱོ་སྐྱོ་མ་གནང་རྒྱུས་མེད་ཀྱི་གྲོགས་པོ། །
ལས་དང་སྐལ་བ་ཡོད་ན་ནམ་ཞིག་གི་ཚེ་ན། །
ཁྱེད་ཅག་མ་བུ་དག་ནི་ལྷན་ཅིག་ཏུ་འཛོམས་པའི། །
དུས་ཤིག་ཡོད་པར་ཡིད་ཆེས་སེམས་གཏིང་ལ་ཉལ་རོགས། །
བརྩེ་ལྡན་ཕ་མ་བུ་ཕྲུག་གངས་འདབ་ལ་བསྐྱུར་ཏེ། །
སྒྱུར་མེད་ལས་ཀྱི་རླུང་གིས་ས་མཐའ་རུ་དེད་པའི། །
ཁ་ཁྲག་རུས་གསུམ་གཅིག་པའི་སེམས་ནང་གི་གྲོགས་དག །
མི་འགྱངས་ཕ་ཡུལ་ཕྱོགས་སུ་སླེབས་པ་ཡི་སྨོན་ལམ། །
ཁ་བརྡ་སང་ལ་ཞུ་རྒྱུ་ང་ལ་དང་པོ་ནས་དག་མཆན་ཐོབ་ཚར་བ་ལ་ད་དུང་དག་མཆན་དགོས་དོ་་ཅི་རེད་ལགས་།
དངོས་གནས་ཡག་པོ་འདུག
མ་ཡུམ་ལགས།
ཁྱེད་ཀྱིས་ང་ལ་ལང་ཚོར་དང་སྤྱོད་ལམ་གྱི་བསླབ་བྱ་མ་ཟད།
ཞི་བའི་རང་བཞིན་ཐར་པའི་ལམ་སྣེ་ལ།
ཆུང་དུས་ནས་འཛིན་དགོས་པའི་བཀའ་སློབ་ཡང་བསྩལ་སྟེ།
ཁྱེད་ནི་ངའི་མི་ཚེའི་ནང་ཕྲད་དཀའ་བའི་གཤེས་གཉེན་དང་པོར་གྱུར།
གྲོགས་ཚོའི་གདེང་འཇོག་དང་རྒྱབ་སྐྱོར་གནང་པ་ཐུགས་རྗེ་ཆེ།
གྲོགས་ཚོའི་ཀློག་པར་ཐུགས་རྗེ་ཆེ།
མ་བཅོས་རང་སེམས་ནས་རྡོལ་བའི་སྙན་ངག།
མིག་གི་དབང་པོ་རུ་འདི་ལྟར་ལྷུང་དུས།།
ཁ་ཞེ་གཉིས་མེད་ཀྱི་ཚོར་འདུ་ཞིག་གིས།།
བསྟོད་པའི་ཁ་གཡང་ཞིག་དབང་མེད་ཤོར་སོང་།།
དངོས་གནས་ཡག་པོ་འདུག ངས་ཀྱང་ཁྱོད་ལ་རྒྱབ་སྐྱོར་འདི་ལྟར་ཞུ།
གཞན་གྱི་མི་ཡུལ་འགྲིམས་ནས་ལུས་པོ་རྒས་ཀྱང་།།
འདང་ཆེན་རོགས་ལོ་དྲན་ནས་སེམས་པ་རྒས་ཀྱང་།།
སྙིང་གི་གཅེས་ཕྲུག་དྲན་ནས་མིག་ཆུ་ཤོར་ཀྱང་།།
སྐྱོ་སྡུག་ལོ་ཟླའི་ཕྲེང་གོག་འདི་ལྟར་རྫོགས་ཀྱང་།།
སྐྱིད་ཀྱི་ཉིན་མོ་འཆར་བའི་ཉིན་ཞིག་ལོས་ཡོད།།
མ་ཤི་གསོན་བྲལ་བྱས་པའི་ནང་མི་བཟའ་ཚང་།།
ལྷན་ཅིག་འཛོམས་པའི་དགའ་སྐྱིད་དུས་བཟང་ཤར་བའི།།
མ་བཅོས་སེམས་ཀྱིས་བཏབ་པའི་སྨོན་ལམ་འགྲུབ་ཡོང་།།
ཉི་ཤུའི་ལང་ཚོ་སྐད་ཅིག་ཚོར་བ་འདྲ་བྱུང་།
མི་བདེན་མི་རྟག་མི་ཚེའི་ཡོ་ལང་ཁྲོད་ནས་།
འདི་དང་དེ་ཞེས་གཏམ་ངན་གླིང་བ་མ་གནང་།
བདེན་མཐའ་ཟེར་པ་ཉི་མ་ཞིག་ལ་འཆར་ཡོང་
སྐྱིད་ལ་སྡུག་པའི་མི་ཚེ་མི་ཡུལ་གྱི་ལུང་བར། །
ལོ་ངོ་བཅུ་ཕྲག་ལྷག་ཅིག་དར་བུ་ཡིས་བཞུར་རིང་། །
བྱམས་དང་བརྩེ་བའི་མ་ལོའི་ནུ་ཞོ་ཡི་རིན་ཙམ། །
མ་ཞོག་ས་མཐའི་འདྲེ་ངའི་སེམས་པ་རང་སྐྱོ་བ། །
འདྲེ་རྐང་ཐོ་ལགས།
རང་གི་ཨ་མ་ལ་ནུ་ཞོ་ཡོད་ཟེར་ན་ག་རེ་རེད། ནུ་ཟེར་ན་ག་རེ་རེད། ཞོ་ཟེར་ན་ག་རེ་རེད། འོ་ཞོ་ནི་འོ་མ་དང་འོ་མས་བཟོས་བའི་ཞོ་ལ་ཟེར་བ་རེད། ཨ་མའི་འོ་མས་ཞོ་ཞིག་བཟོས་བ་འཐུང་ནི་མ་དགོས་གོ་ཡང་མ་མྱོང་།
གསལ་བཤད་ཞིག་གནང་ན་འགྲིག་གམ།
དངོས་གནས་གྲོགས་པོ་ལགས། ཧང་སང་སང་སྙན་གྱི་ད་དུང་དེ་འདྲ་བ་རྩོམ་རོགས་།