ཟླ་བ་གཞོན་ནུ།
སྐྱོན་ལ་སྐྱོན་དུ་འཛིན་པ་སྐྱོན་དང་ནི།།
ཡོན་ལ་ཡོན་དུ་འཛིན་པ་ཡོན་དུ་ནི།།
མ་ངེས་ཕྱིར་ན་དྲན་འཆར་ཡངས་པ་ཡིས།།
སྨྱུ་གུ་བསྐྱོད་ལ་འགལ་བ་ཅང་མཆིས་སམ།།
ཞེས་པའི་ཚིགས་སུ་བཅད་པ་འདི་སྔོན་དུ་དྲངས་ཏེ། བྱིས་བློའི་དྲི་མ་མ་ཡལ་བར་བཤད་པར་འདོད་པ་ནི། ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོལ་མ་ས་གསུམ་གྱི་སྒྲོན་མེ་རུ་གྲགས་པ་འདི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དང་རྗོད་བྱེད་ཀྱི་ཚིག་གི་སྦྱོར་བའང་ཁྱད་པར་དུ་འཕགས་པས་རྗེས་སུ་ཡི་རང་བར་བྱ་བའི་གནས་ཡིན་པ་དང༌། མཁས་རྒུ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ས་དང་དང་བའི་ཡིད་ཀྱིས་དོན་གཉེར་བྱ་ཡུལ་ཞིག་ཡིན་ཡང༌། དཔར་ཁང་དང་ཞུ་ཆེན་པ་སོགས་ཀྱིས་ཐུགས་མཉམ་མ་བཞག་པ་དང་ཡང་ན་ཞུ་སྒྲིག་པས་ལྷོད་གཡེང་དང་འཐུས་ཤོར་གྱི་རྣམ་སྨིན་ལ་བརྟེན་ནས་བྱང་ཆུབ་ལམ་སྒྲོན་གྱི་རྩ་བ་དཔར་ཁང་ཁག་མི་འདྲ་བའི་ཁྱད་པར་ཅུང་ཆེ་བ་དང༌། ཁ་ཤས་ནི་སྐྱོན་དུ་ཁ་ཚོན་བཅད་ནས་བཤད་ཆོག་པ་སོགས་འོག་ནས་འཆད་འགྱུར་ལྟར་ཡིན་པས་ལས་དང་པོ་བ་དག་ཡིད་གཉིས་སུ་འགྱུར་བར་བྱེད།
འོན་ཀྱང་མཁྱེན་དགོས་པ་ཞིག་ལ་འདིར་བཤད་བཞིན་པ་ནི་དོན་གྱི་སྐྱོན་མ་ཡིན་པར་ཚིག་གི་སྐྱོན་ཏེ། ཚིག་ཕྲད་སྦྱོར་སྟངས་མ་འདྲ་བའི་དབང་གིས་དོན་ལ་ཁྱད་པར་ཆེན་པོ་ཤོར་འགྲོ་བ་སྨོས་མེད་བཞིན། ཚིགས་བཅད་ཁ་ཤས་ཤིག་ཚིག་ཕྲད་སྦྱོར་སྟངས་མ་འདྲ་བའི་རྐྱེན་གྱིས་བརྗོད་བྱར་ཁྱད་པར་དང་ཐལ་ཆ་ཤོར་འདུག་པ་དང༌། ཁ་ཤས་གོང་དུ་བཤད་པ་བཞིན་བསྟན་བྱ་སྟོན་མ་ཐུབ་པའི་སྐྱོན་ཡང་སླེབས་འདུག་པ་དེ་འདྲར་མ་ཟད། དབུས་ཧི་མ་ལ་ཡའི་ལེགས་བྱང་གཙུག་ལག་སློབ་གཉེར་ཁང་ནས་དཔར་དུ་བསྐྲུན་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལ་ཤོག་གྲངས་ཉིས་བརྒྱ་ལྷག་ཡོད་པ་ལས་ལྡེབ་ངོས་གཅིག་ལའང་དག་ཆ་མི་མཐུན་པ་འགའ་རེ་ཡོད་པ་དེ་ནི་དོན་གཉེར་ཅན་སྒྱིད་ལུག་པར་བྱེད་པའི་རྒྱུ་ཁོ་ནར་གྱུར་འདུག། ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་དུ་ལེགས་སྦྱར་སོགས་བྱང་ཆུབ་པར་ཁས་འཆེས་ཤིང་མཁས་པར་རློམ་པ་གང་མང་ཞིག་ཡོད་ཀྱང་འདི་ལ་ཐུགས་སྣང་ཅུང་ཟད་ཀྱང་མི་གནང་བ་ནི་ངོ་མ་བློ་འགྱོད་པའི་གཞི་ཉིད་དུ་མཐོང་ལ། སྤྱིར་ལེགས་སྦྱར་སོགས་བེད་སྤྱོད་བྱེད་པའི་དགོས་པ་མེད་པའི་སྐབས་ཏེ། མང་ཚོགས་སོགས་ཀྱི་མདུན་དུ་བོད་ཀྱི་མིང་ཚིག་དང་མཉམ་དུ་ལེགས་སྦྱར་སྦྱོར་ཅི་ཐུབ་ཀྱིས་ཅི་ཞིག་འཐོབ་འདོད་བྱེད་པ་ལས། བྱང་ཆུབ་ལམ་སྒྲོན་ལྟ་བུའི་དེབ་རྩ་ཆེན་པོ་འདི་འདྲ་ལ་དག་ཐེར་རེ་གཏོང་ཐུབ་ན་སྔ་ཕྱི་དང་མཐོ་དམན་ཀུན་པོར་ཕན་ཞིང་མི་རབས་ནས་མི་རབས་བར་དུ་མ་དག་རྒྱུན་འབྱམས་སུ་འགྲོ་མ་དགོས་པ་ཞིག་ཆགས་འོང་བས། འདི་ལ་རྩོལ་བ་མི་བརྟེན་པ་ནི་དངོས་གནས་ཡི་མུག་པའི་གནས་ཁོ་ནའོ།།
ད་ནི་ལེ་བདའ་དང་འཁང་ཚིག་གི་སྦྱོར་བ་ཡོངས་སུ་སྤངས་ཏེ། རྩ་བའི་ཤོ་ལོ་ཀ་ཁ་ཤས་ཀྱི་ཚིག་ཕྲད་སྦྱོང་སྟངས་གོ་འཛོལ་བྱུང་ཡོད་པར་སྙམ་པ་དག་ལ་རང་ནུས་ཅི་ལྕོགས་ཀྱིས་འགྲེལ་བའི་ངལ་བ་ལྷུར་ལེན་པར་བྱ་སྟེ། དེ་ཡང་རྩ་བར་༼དེ་ལྟར་སྨོན་པའི་སེམས་དག་ནི།། བསྐྱེད་པའི་ཡོན་ཏན་གང་ཡིན་པ།། དེ་ནི་སྡོང་པོ་བཀོད་པ་ཡི།། མདོ་ལས་བྱམས་པས་རབ་ཏུ་བཤད།།༽ཅེས་བྱང་ཆུབ་སྨོན་པའི་སེམས་དག་གི་ཡོན་ཏན་དེ། སྡོང་པོ་བཀོད་པའི་མདོ་ལས་བྱམས་པས་རབ་ཏུ་བཤད་ཡོད་པའི་ཚུལ་བསྟན་པའི་རྗེས་ཏག་ཏག་ཏུ། ༼དེ་ཡིས་མདོ་ཀློག་པའམ་བླ་མ་ལ་ཉན་ཏེ།། རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ།། རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ།། དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ།།༽ཞེས་པའི་ཚིགས་བཅད་འདིའི་ཚིག་རྐང་དང་པོ་དང་གསུམ་པར་མི་མཐུན་པ་མང་པོ་ཡོད་པ་སྟེ། དེ་ཡིས་མདོ་ཞེས་པར་༼དེ་ཡི༽་དང་༼བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ།།༽ཞེས་པར་༼བྱང་ཆུབ་སེམས་ཀྱིས༽ཞེས་པེ་སྣར་དུ་བྲིས་ཡོད་པར་གསལ་ལ། ཡང་༼དེ་གནས་རྒྱུ་མཚན་དུ༽ཞེས་པར་ཁ་ཤས་ཀྱིས་༼དེ་ནས་ཉིན་མཚན་དུ༽ཞེས་མི་འདྲ་བ་མང་དུ་ཡོད་པ་ལས། ཚིག་རྐང་དང་པོའི་༼དེ་ཡིས་མདོ་ཀློག་པའམ༽ཞེས་བྱེད་སྒྲ་དེ་བྱེད་སྒྲ་ཡིན་པར་མི་འོས་ཤིང༌། དེ་ལྟར་བྱས་ན་དོན་གཞན་དུ་འགྱུར་བ་སྟེ། དེ་ཞེས་དེ་དེ་བྱེད་པ་པོར་འཇོག་དགོས་པ་ལ། འདིར་དེ་ཡིས་བྱེད་པ་པོ་མི་མཚོན་པར་ཐ་སྙད་འདས་མ་ཐག་པ་སྟེ། དེ་ཡི་མདོ་ཞེས་པས་བྱམས་པས་གསུངས་པའི་མདོ་དེ་སྟོན་ལ། དེ་ཞེས་པས་གོང་དུ་འདས་མ་ཐག་པའི་ཐ་སྙད་བྱམས་པ་སྟོན་གྱི་ཡོད་ལ། བྱམས་པས་གསུངས་པའི་མདོ་དེ་ཀློག་པའམ་བླ་མ་ལས་མཉན་ཏེ། ཞེས་འགྲེལ་ན་འབྲེལ་ཆགས་པར་བསམས་ལ། གལ་ཏེ་དེ་ཡིས་ཞེས་བྱེད་པ་པོ་ཡིན་པའི་དབང་དུ་བཏང་ན་དེ་ཞེས་པ་བྱེད་པ་པོ་ཆགས་དགོས་ལ་དེ་སྟོན་པའི་བརྗོད་པར་བྱ་བའམ་བསྟན་བྱ་ཞིག་འདིར་མེད་པས་འབྲེལ་སྒྲ་ཡིན་པ་ལས་འོས་མེད་དོ།།
དེའི་རྗེས་ལ་༼རྫོགས་པའི་བྱང་ཆུབ་སེམས་ཀྱིས་ཡོན་ཏན་མཐའ་མེད་པ།།༽ཞེས་པ་པེ་སྣར་དུ་གསལ་བར་གསུངས་པ་ལྟར་ན། དེ་ནི་གོ་ལོག་ཆེན་པོ་ཞིག་ཡིན་པ་གསལ་བ་སྟེ། འདིར་བརྗོད་པར་འདོད་པ་ནི་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཞེས་ཁྱད་གཞི་བྱང་ཆུབ་སེམས་དང་ཁྱད་ཆོས་ཡོན་ཏན་བཤད་ཀྱིན་པ་གསལ་བས་༼བྱང་ཆུབ་སེམས་ཀྱིས་ཡོན་ཏན་༽ཞེས་ནོར་བ་རེད་ཅེས་བཤད་ཀྱང་འགལ་བ་ཆེར་མི་འདུག་སྙམ། དེ་ནས་ཚིག་རྐང་གསུམ་པར་༼རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ།།༽ཞེས་པར་༼དེ་གནས་རྒྱུ་མཚན་དུ་༽ཞེས་པ་དེ་དང་ཚིག་རྐང་མཐའ་མ་༼དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ།།༽ཞེས་པར་སྦྲེལ་ནས་འགྲེལ་དུས་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཤེས་པར་བྱས་ལ། དེ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སེམས་ནི་བསྐྱེད་པར་བྱ་ཞེས་བཀྲལ་ན་གོ་རྒྱུ་འདུག་པས། ཕལ་ཆེར་༼དེ་ནས་ཉིན་མཚན་དུ༽ཞེས་པ་དེ་ཡིན་རྒྱུ་རེད་སྙམ། དེ་མ་ཡིན་ན་དེ་གནས་རྒྱུ་མཚན་དུ་ཞེས་འགྲེལ་དགོས་ན་འབྲེལ་ཡང་མི་ཆགས་པས་སྔ་མ་བཞིན་བྱས་ན་མི་དགའམ་སྙམ་མོ།།
ཡང་དེའི་འོག་གི་ཚིགས་བཅད་ཅིག་ཏུ་༼གང་གཱའི་བྱེ་བ་གྲངས་སྙེད་ཀྱི།།༽ཞེས་པའི་ཚིག་རྐང་འདི་ལ་༼གང་གཱའི་བྱེ་བ༽ཞེས་དཔར་མ་མང་དག་ཅིག་ཏུ་མཐོང་ལ། བོད་གཞུང་ཆོས་རིགས་ལས་ཁུངས་ནས་དཔར་སྐྲུན་བྱས་པའི་དེབ་ཆུང་དེ་ལའང་འདི་ལྟར་བྲིས་འདུག་པས། དེ་ནི་དངོས་གནས་ཐུགས་མཉམ་མ་བཞག་པར་འདོད་པ་སྟེ། ཅི་ལ་ཞེ་ན་གཅིག་ནས་༼གང་གཱའི་བྱེ་མ༽་ཞེས་གྲངས་མང་པོ་སྟོན་པའི་དཔེ་རུ་ནང་བའི་གཞུང་གང་མང་ཞིག་ཏུ་འདྲེན་པའི་སྲོལ་ཡོད་ལ། སྤྱོད་འཇུག་སོགས་ལའང་ཡོད་པ་ལྟར་དང༌། གཉིས་ནས་དེ་གང་གཱའི་བྱེ་བ་ཡིན་པའི་དབང་དུ་བཏང་ནས་བྱེ་བ་ཞེས་པ་གྲངས་མང་པོ་སྟོན་པར་འགྲེལ་ན་འདིར་གང་གཱ་ཞེས་བྲིས་ཡོད་པ་དེ་འབྲེལ་མེད་དང་དགོས་མེད་དུ་འགྲོ་བའི་ཕྱིར་རོ།།
ད་དུང་རེ་རེ་བཞིན་བྲིས་ན་མང་དུ་དོགས་ལ། བགྲོ་གླེང་འདྲ་བྱུང་ན་དེ་དུས་དྲི་བའི་ཚུལ་དུ་བཀོད་ཆོག་པས་འདིར་མི་སྤྲོའོ།།
དོགས་གཞི་ཅན་གྱི་ཚིགས་བཅད་ནི་གཤམ་གསལ་ལྟར།
དེ་ཡིས་༼ཡི༽མདོ་བཀླགས་པའམ་བླ་མ་ལ་མཉན་ཏེ།། རྫོགས་པའི་བྱང་ཆུབ་སེམས་ཀྱི་༼ཀྱིས༽་ཡོན་ཏན་མཐའ་མེད་པ།།
རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དདེ་ནས་ཉིན་མཚན་ད༽།། དེ་ལྟར་ཡང་དང་ཡང་དུ་འབད་པར་བྱ།།
གང་གཱའི་བྱེ་མའི༼བྱེ་བའི༽གྲངས་སྙེད་ཀྱི་༼ཀྱིས༽།། སངས་རྒྱས་ཞིང་རྣམས་མི་གང་གིས།།
རིན་ཆེན་དག་གིས་ཀུན་བཀང་སྟེ།། འཇིག་རྟེན་མགོན་ལ་ཕུལ་བ་ལས།།
གང་གིས་ཐལ་མོ་སྦྱར་བགྱིས་ཏེ།། བྱང་ཆུབ་ཏུ་ནི་སེམས་བཏུད་ན།།
མཆོད་པ་འདི་ནི་ཁྱད་པར་འཕགས།། དེ་ལ་ཐབས་ནི་མ་མཆིས་སོ།།
རྩོམ་ཡིག་འདི་འདིར་བཀོད་དོན་ནི་ནང་བའི་གཞུང་ལ་འཇུག་པ་ཡངས་པའི་སྒོམ་སྡེ་ལྷ་རམས་པ་དང་ཨ་ཁུ་ཀླུ་སྨྱོན། མགོན་པོ་ཕྱག་གཉིས་པ་ལྟ་བུ་སོགས་ཀྱི་དགོངས་འཆར་དང་མཛུབ་འཁྲིད་ལ་རེ་བ་ཡིན།
ང་སྔོན་མར་གྲྭ་ཆུང་ཡིན་དུས་ནས་བྱང་ཆུབ་ལམ་སྒྲོན་འདི་བློ་ལ་བཟུང་སྟེ་ཉིན་རེར་ཚར་རེ་བསྐྱོར་བ་ཡིན། རྒྱུ་མཚན་ནི་ང་ཚོའི་དགོན་པའི་ཞོགས་ཚོགས་མ་འཚོགས་གོང་དུ་གྲྭ་མང་འདུ་ཁང་གི་ཕྱིའི་རྡོ་སྐས་ཀྱི་སྟེང་དུ་བཞུགས་ནས་བྱང་ཆུབ་ལམ་སྒྲོན་འདི་ཚར་གཅིག་གསུངས་དགོས། ཡིན་ན་ཡང་དེང་སང་ཆ་ཚང་བློ་ལ་འགྲོ་གི་མི་འདུག་ཀྱང་ཟླ་འགའི་སྔོན་ལ་གྲོགས་པོ་ཞིག་གིས་དེབ་དེ་བཀླགས་ཤིང་ངས་ཁོང་དང་མཉམ་དུ་སྐྱོར་བས་ཕལ་ཆེར་དབུ་ནས་ཞབས་བར་དུ་འཁྱར་འཁྱོར་ཞིག་བློ་ན་འདུག གང་ལྟར་འདི་ལ་ཇོ་བོ་ཆེན་པོ་རང་ཉིད་ཀྱི་འགྲེལ་བ་ཀྱང་ཡོད་ཅིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གངས་ཅན་རིག་བརྒྱའི་སྒོ་འབྱེད་དེབ་ཕྲེང་ནང་ཇོ་བོའི་ལམ་སྒྲོན་རྩ་འགྲེལ་མཉམ་དུ་པར་སྐྲུན་བྱས་འདུག དེ་ཡིས་མདོ་ཀློག་པའམ་བླ་མ་ལ་ཉན་ཏེ།། རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ།། རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ།། དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ།།ཞེས་པ་འདི་ང་རང་གི་བློ་ལ་ཡོད་པ་དེ་ཇི་བཞིན་དུ་འདུག རྫོགས་པའི་བྱང་ཆུབ་སེམས་ཀྱིས་ཡོན་ཏན་མཐའ་མེད་པ།།ཞེས་པའི་བྱེད་སྒྲ་དེ་འབྲེལ་སྒྲ་རེད། གང་གཱའི་བྱེ་བ་གྲངས་སྙེད་ཀྱི།།ཞེས་པའི་བྱེ་བ་དེ་བྱེ་མའི་གྲངས་སྙེད་ཀྱི། །ཞེས་པ་དོན་དང་མཐུན། ངས་ཇོ་བོའི་ལམ་སྒྲོན་རང་འགྲེལ་ལ་ཅིག་བལྟས་རྗེས་ཡང་སྐྱར་འདིར་ཁ་སྣོན་རེ་བྱེད་ཨེ་ཐུབ་བལྟ། རྡ་ས་དཔེ་མཛོད་ཁང་ཡིན་ནམ་ཅིག་གིས་དབྱིན་ཡིག་ཏུ་ཡང་བསྒྱུར་པ་ཞིག་མཇལ་མྱོང་། ལམ་སྒྲོན་འདི་ནི་བོད་ནང་དུ་བོད་མི་ཚོ་མདོ་སྔགས་ཀྱི་ཉམས་ལེན་བར་ནས་མགོ་བོ་འཐོམས་ཏེ་གར་འགྲོ་འདིར་འགྲོ་མེད་པའི་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་ལ་བརྩམས་པ་ཡིན་པས་འདིའི་རིན་ཐང་གཞལ་བར་དཀའ།
དེ་ཡིས་མདོ་ཀློག་པའམ་བླ་མ་ལ་ཉན་ཏེ།།ཞེས་པར། ངའི་བློ་ངོར། དེ་ཡིས་མདོ་ཀློག་པའམ་བླ་མ་ལས་མཉན་ཏེ། །ཞེས་པ་ཞིག་འདུག
དགོངས་དག པེ་ཅིན་དཔར་མའི་ལམ་སྒྲོན་འགྲེལ་པ་དེ་ཇོ་བོའི་རང་འགྲེལ་མ་ཡིན་པར་ཇོ་བོའི་རང་འགྲེལ་དང་ཇོ་བོ་གདན་འདྲེན་པ་པོ་ནག་ཚོའི་འགྲེལ་བ། སྟོན་པ་རིན་པོ་ཆེ་དང་པོ་ཏོ་བའི་གསུང་བགྲོས་མང་པོ། དགེ་བཤེས་པོ་ཏོ་བའི་བེའུ་བུམ་སྔོན་པོ་དང་། ཤ་ར་བའི་ལམ་རིམ། སྣར་ཐང་བའི་ལམ་མཆོག རྗེ་བདག་ཆེན་པོའི་ལམ་རིམ་སོགས་ལ་གཞི་བཅོལ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་བརྩམས་པའི་ལམ་སྒྲོན་འགྲེལ་པ་བཀྲིས་ལྷུན་པར་མ་ཞིག་རེད་འདུག་ལ། དེའི་ནང་དུ། རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ། །སོགས་དང་། གངྒྰའི་བྱེ་མའི་གྲངས་སྙེད་ཀྱི། །ཞེས་དྲངས་འདུག་ལ་འགྲེལ་བཤད་ཀྱང་དེ་དང་མཐུན་པ་རང་བསྐྱོན་འདུག
ཟླ་བ་གཞོན་ནུ་ལགས།
སངས་རྒྱས་གཉིས་པ་ཇོ་བོ་ཨ་ཏི་ཤས། །
ཁ་བ་ཅན་ལ་ཐུན་མིན་སྒེར་ཆོས་སུ། །
བསྩལ་བའི་ཐུགས་བཅུད་བྱང་ཆུབ་ལམ་སྒྲོན་ལ། །
བློ་སྣ་ཕྱོགས་འདི་ཤིན་ཏུ་སྐལ་བ་བཟང་། །
ཁྱེད་ནས་དོགས་གཅོད་ཞེ་དྲག་ཡག་པོ་གནང་འདུག ཐུགས་རྗེ་ཆེ།
ངེད་རང་ལའང་རྨོངས་འཆར་རེ་ཟུང་ཞིག་ཞུ་རྒྱུ་ཡོད།
ཁོ་བོ་ལྟར་ན།
ལམ་སྒྲོན་རྩ་བ་ལས།
༼དེ་ཡིས་མདོ་བཀླགས་པའམ་བླ་མ་ལ་མཉན་ཏེ། །
རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ། །
རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ། །
དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །༽
༡༽ ༼དེ་ཡིས་མདོ་བཀླགས་པའམ་བླ་མ་ལ་མཉན་ཏེ།།༽
ཞེས་གོང་གི་༼དེ་ཡིས༽ཞེས་པ་བྱེད་སྒྲ་རང་ཡིན་པར་ངེས། ༼དེ༽སྒྲ་དེ་ཡང་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་མཁན་གྱི་གང་ཟག་དེ་ལ་གོ་དགོས།
དེ་ཡང་།
ལམ་སྒྲོན་གྱི་རྩ་ཚིག
འགྲོ་བ་ཐར་པར་འདོད་པ་ཡིས། །ལྡོག་པ་མེད་པར་དམ་འཆའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །
ཞེས་པའི་ཚིག་འདི་དང་དེའི་གོང་ཚིག་རྣམས་ལ་འབྲེལ་དགོས།
༢༽༼རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ། །༽
ཞེས་༼སེམས་ཀྱི༽ཞེས་ཁྱེད་གསུང་བ་ལྟར་འབྲེལ་སྒྲ་རང་ཡིན།
༣༽༼རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ། །༽
འདི་ལ་ད་ལྟ་ཐག་མ་ཆོད། ཇོ་བོའི་རང་འགྲེལ་དུའང་ཚིག་འདི་ལ་འགྲེལ་པ་མི་གསུང་བར། ཐད་ཀར་༼འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང། །༽ཞེས་པའི་གཤམ་གྱི་ཚིགས་བཅད་འདི་ལ་མཆོངས་འདུག
༼གངྒཱའི་བྱེ་བ་གྲངས་སྙེད་ཀྱི། །༽
འདི་༼བྱེ་བ༽རང་ལ་སྦྱར་ནའང་འཐད་པར་སེམས་ཏེ།
དཔེར་ན། གངྒཱའི་ཆུ་ཡི་ཕུང་པོའི་རྡུལ་བྱེ་བའི་༼བྱེ་བའམ་མང་པོའི༽གྲངས་སྙེད་ཀྱི། ཞེས་འགྲེལ་རུང་བ་ལྟར་འཐད་པར་སེམས།
ལམ་སྒྲོན་རང་འགྲེལ་ལས་ཀྱང་།
དཀོན་མཆོག་གསུམ་གྱི་བསྟོད་པའི་སྒྲ་དབྱངས་སྙན་ཅིང་དོན་དང་ལྡན་པ་དང་ཕྱེ་མའི་ཕུར་མ་རི་རབ་བྱེ་བ་ཕྲག་བརྒྱ་གཅིག་ཏུ་བསྡོམས་པ་ཙམ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་རོ། །
དེ་ཙམ་ཡིན།
སྒོམ་སྡེ་ལགས། མདོ་སྡེ་མང་པོར། གངྒྰའི་ཀླུང་གི་བྱེ་མ་སྙེད་ཅེས་ཡང་ཡང་འབྱུང་བ་མ་ཟད། ལམ་སྒྲོན་བླ་བྲང་དཔར་མ་ལས་ཀྱང་། །གངྒྰའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་ཤིང་། །དེ་དྲངས་ནས་པཎ་ཆེན་མཆོག་གི་འགྲེལ་པ་ལས་ཀྱང་། བྱང་ཆུབ་ཀྱི་སེམས་ལ་བསོད་ནམས་ཀྱི་མཐའ་ནི་མ་མཆིས་སོ་སྟེ་ཚད་བཟུང་དུ་མེད་པའི་བསོད་ནམས་ཡོད་དེ། སྣོད་ཀྱི་ཁྱད་པར་ཆུ་བོ་གངྒྰའི་འགྲམ་གྱི་བྱེ་མའི་གྲངས་སམ། གངྒྰའི་ཆུ་རྡུལ་དུ་ཕྱེ་བའི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་རྟེན་དད་པ་དང་ལྡན་པའི་མི་གང་གིས་མཆོད་རྫས་ཀྱི་ཁྱད་པར་ལྷའི་རིན་པོ་ཆེ་དབང་གི་རྒྱལ་པོ་དག་གིས་ཀུན་ཏུ་ཕྱུར་བུར་བཀང་སྟེ། ཡུལ་ཁྱད་པར་ཅན་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་འབུལ་བ་ཕུལ་པ་བས། ཐེག་ཆེན་གྱི་རྟེན་གྱི་གང་ཟག་གང་གིས། དཀོན་མཆོག་གམ་བླ་མའི་དྲུང་དུ་དད་པས་ཐལ་མོ་སྦྱར་བགྱིས་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བཏུད་པ་བསྐྱེད་ན། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཆོད་པ་འདི་ནི་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས། གངྒྰའི་བྱེ་མའི་གྲངས་སྙེད་ཀྱི། །ཞེས་པ་འདི་དོན་དང་མཐུན་ཚབས་ཆེ་ལ། བརྒྱད་སྟོང་པ་དང་རྡོ་རྗེ་གཅོད་པ་སོགས་ཤེར་ཕྱིན་གྱི་མདོ་སྡེ་གང་མང་གི་ཚིག་རིས་དང་ཡང་ཧ་ཅང་མཐུན་པར་སྣང་། ཞིབ་ཏུ་བསམས་ན་གངྒྰའི་བྱེ་མའི་ཀླུང་ཞེས་པའི་ཚིག་འདི་མདོ་སྡེ་མང་པོར་ཚིག་རིས་གཅིག་པར་ཡོང་རྐྱེན་གཅིག་ནི་ཆོས་རྒྱལ་གོང་མ་ཚོའི་སྐུ་དུས་སུ་ཆོས་ཚིག་གཅིག་ལ་སྒྲ་སྒྱུར་དོན་སྒྱུར་མང་པོ་མི་བྱེད་པར་གང་ཡོངས་སུ་གྲགས་ཤིང་གྲུབ་པ་དེ་རང་གཏན་འཁེལ་བྱེད་དགོས་པའི་བཀས་བཅད་མཛད་པ་དེའི་བཀའ་དྲིན་ཡང་ལོས་ཡིན་སེམས་སོ།།
ཚིག་སྐྱོན། གངྒྰའི་བྱེ་མའི་ཀླུང་།
བཟོ་བཅོས། གངྒྰའི་ཀླུང་གི་བྱེ་མ།
སླར་ཡང་བསམ་ཚུལ་ཞིག་ཞུ་ན།
༼གངྒཱའི་བྱེ་བ་གྲངས་སྙེད་ཀྱི། །༽
གངྒཱའི་བྱེ་མའི་(རྡུལ་གྱི)གྲངས་སྙེད་ཀྱི། ཞེས་ཟེར་བ་བས། གངྒཱའི་(ཆུ་རྡུལ)བྱེ་བ་གྲངས་སྙེད་ཀྱི། །ཞེས་ཟེར་ན་ནུས་པ་ཆེ་བ་དང་མང་ཉུང་ཆ་ནས་བྱེ་མའི་རྡུལ་ལས་ཆུང་རྡུལ་མང་གི་རེད། དཔེར་ན་རྒྱ་མཚོའི་བྱེ་མའི་རྡུལ་དང་། རྒྱ་མཚོའི་ཆུའི་རྡུལ་བཞིན་ནོ། །
འོན་ཀྱང་།
༼གངྒཱའི་བྱེ་མའི་གྲངས་སྙེད་ཀྱི།།༽
ཞེས་པ་བརྗོད་བདེ་བ་འདུག
གཞན་ཡང་།
གངྒཱའི་ཀླུང་གི་བྱེ་མ་ཞེས་པའང་། བྱེ་མ་རང་ལ་མི་སྦྱོར་བར་རྡུལ་ལ་སྦྱར་བ་ཞིག་ཀྱང་མཐོང་བྱུང་སྙམ་ལགས།
གངྒཱའི་ཀླུང་གི་བྱེ་མ་སྙེད། ཅེས་པ་དང་། གངྒཱའི་ཆུ་ཡི་རྡུལ་སྙེད། ཅེས་པ་གཉིས་ཁོང་ཅག་གིས་དོན་གཅིག་པར་བཞེད།
དེ་དུས་ང་ལ་བློ་ལ་མི་བདེ་བ་ཆེན་པོ་ཞིག་བྱུང་རུང་། ད་ལྟ་བསམ་དུས་གོ་རྒྱུ་འདུག་སྙམ།
ཨ་ཁུ་ཀླུ་སྨྱོན་ལགས་དང་སྒོམ་སྡེ་ལྷ་རམས་པ་གཉིས་ནས་མཛུམ་སྟོན་དུས་ལྟར་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
རྣམ་པ་གཉིས་ནས༼དེ་ཡིས་མདོ་ཀློག་པའམ་བླ་མ་ལ་ཉན་ཏེ།།༽ཞེས་པར་དེ་ཡིས་ཞེས་བྱེད་སྒྲ་ཡིན་ཚུལ་གསུངས་འདུག་ཀྱང༌། ང་རང་ལ་ད་དུང་དོགས་པ་ཞིག་འདུག་སྟེ། དེའིེ་གོང་དེ་རང་ལ་༼དེ་ལྟར་སྨོན་པའི་སེམས་དག་ནི།། བསྐྱེད་པའི་ཡོན་ཏན་གང་ཡིན་པ།། དེ་ནི་སྡོང་པོ་བཀོད་པ་ཡི།། མདོ་ལས་བྱམས་པས་རབ་ཏུ་བཤད།།༽ཅེས་ཡོད་པ་དེ་དང་སྦྲེལ་མི་དགོས་སམ། ངས་ནི་དེ་དང་སྦྲེལ་ནས་དེ་ཞེས་པ་དེ་སྡོང་པོ་བཀོད་པ་ཡི་མདོ་དེ་ལ་གོ་ནས། སྡོང་པོ་བཀོད་པའི་མདོ་ལས་བྱམས་པས་རབ་ཏུ་བཤད་པ་དེ་ཀློག་པའམ་ཡང་ན་བླ་མ་དག་ལས་ཉན་ཏེ་ཞེས་གོ་བ་བླངས་པ་ཡིན། དེ་ཞེས་པ་དེ་གོང་གི་ཚིགས་བཅད་དེ་དང་སྦྱར་ནས་འགྲེལ་དགོས་སམ་ཡང་ན་སྒོམ་སྡེ་ལྷ་རམས་པས་བཤད་པ་ལྟར་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་མཁན་གྱི་གང་ཟག་དེ་ལ་གོ་བ་ལེན་དགོས།
གང་གཱའི་བྱེ་བ་སྙེད་ཅེས་པ་དེ་ང་རང་ཉིད་ཀྱིས་ཀྱང་གལ་ཏེ་དེ་གྲངས་མང་པོ་སྟོན་པའི་བྱེ་བ་ཡིན་ན། ནམ་མཁའི་སྐར་ཚོགས་དང་སའི་རྡུལ་སོགས་ལ་མི་སྦྱོར་བར་ཅིའི་གང་གཱར་སྦྱར་ཞེས་རྒྱ་གཞུང་སློབ་དཔོན་ལ་དྲིས་ཀྱང༌། སྒོམ་སྡེ་ལྷ་རམས་པས་གོང་ནས་བརྒྱབས་པའི་འགྲེལ་ལྟ་བུ་ཞིག་བརྒྱབས་སོང༌མོད།
གལ་ཏེ་བྱེ་བ་ཡིན་ན་ནི་གང་གཱ་དང་མཉམ་དུ་ཙིའི་ཕྱིར་སྦྱོར་དགོས་སམ་སྙམ་པའི་དོགས་པ་ཞིག་ད་དུང་
ལྷགས་འདུག
བཀའ་དང་བསྟན་བཅོས་དག་ལས་དགེ་འབྲས་ཀྱི་གྲངས་འབོར་དེ་དཔེ་རུ་འགོད་དུས་ཆུ་མོ་གངྒྰ་རང་ཉིད་གྲངས་སུ་མི་བགྲངས་པར་གངྒྰའི་འགྲམ་ངོགས་ཀྱི་བྱེ་མའི་རྡུལ་གྲངས་དེ་དཔེ་རུ་འགོད་པ་ནི་ཡོངས་སུ་གྲགས་པའི་དཔེ་བརྗོད་སྤྱི་འགྲོས་ཤིག་རེད།
ཞིབ་ཏུ་བསམས་ན་ལོས་ཡིན་ཏེ་འཛམ་བུ་གླིང་ན་གངྒྰ་གཅིག་རང་གཅིག་ལས་མེད་པས་སོ།།
༼གངྒཱའི་བྱེ་བ་གྲངས་སྙེད་ཀྱི། །༽
འདི་༼བྱེ་བ༽རང་ལ་སྦྱར་ནའང་འཐད་པར་སེམས་ཏེ།
དཔེར་ན། གངྒཱའི་ཆུ་ཡི་ཕུང་པོའི་རྡུལ་བྱེ་བའི་༼བྱེ་བའམ་མང་པོའི༽གྲངས་སྙེད་ཀྱི། ཞེས་འགྲེལ་རུང་བ་ལྟར་འཐད་པར་སེམས།
ལམ་སྒྲོན་རང་འགྲེལ་ལས་ཀྱང་།
དཀོན་མཆོག་གསུམ་གྱི་བསྟོད་པའི་སྒྲ་དབྱངས་སྙན་ཅིང་དོན་དང་ལྡན་པ་དང་ཕྱེ་མའི་ཕུར་མ་རི་རབ་བྱེ་བ་ཕྲག་བརྒྱ་གཅིག་ཏུ་བསྡོམས་པ་ཙམ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་རོ། །