དེ་རིང་ཞོགས་པར་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༩ ༤༧ ཡས་མས་སུ། རྒྱལ་གཅེས་དཔའ་བོ་དོན་འགྲུབ་ལགས་ནས་བླ་བྲང་དགོན་པའི་སྟོན་ཆོས་ཆོས་གྲྭའི་རྒྱབ་ལོགས་སུ་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག་པའི་གནས་ཚུལ་ཐོན་ཡོད་ཅིང་། དཔའ་བོ་ཁོང་ནི། མདོ་སྨད་བསང་ཆུ་རྫོང་མདའ་སྨད་ཞང་ནས་ཡིན་པ་དང་། ད་ཆ་རང་ལོ་ ༦༡ སོན་པ་ཞིག་ཡིན་འདུག ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་རྣམས། བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་བཙུན་མ་རྣམས། ནོར་གླིང་དང་ནོར་གླིང་འདབས་འབྲེལ་དུ་གནས་སྡོད་མི་མང་སུམ་བརྒྱ་བརྒལ་བ་ཁམས་སྤྲུལ་རིན་པོ་ཆེའི་དགོན་པ་འཆི་མེད་དགའ་ཚལ་གླིང་དུ་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་དང་། མཆོད་འབུལ་སྨོན་ལམ་གྲུབ་མཇུག་དགོན་པའི་མདུན་ཐང་དུ་འཛོམས་ནས་སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་། དེ་རྗེས་ཚོགས་པའི་ཚོགས་གཞོན་བཀྲ་ཤིས་དོན་འགྲུབ་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་དག་གིས་གཅིག་རྗེས་གཉིས་མཐུད་ཀྱི་ངང་རང་གི་རྒྱལ་ཁབ་དང་། རང་གི་མི་རིགས་ཀྱི་ཆེད་དུ་བློས་གཏོང་གནང་གི་ཡོད་པ་ཞིག་ཆགས་ཡོད་སྐོར་དང་། ང་ཚོས་ཁོང་ཚོའི་དགེ་རྩར་དམིགས་པའི་མཆོད་འབུལ་ཞུ་བ་ནི་ད་ལྟ་གསོན་པོར་བསྡད་ཡོད་པ་ཡོངས་ཀྱི་ལས་འགན་ཡིན་པ་ངོ་སྤྲོད་གནས་སྟེ། དཔའ་བོ་ཁོང་གི་ལོ་རྒྱུས་སྒྲོག་འདོན་དང་། དེ་བཞིན་མཆོད་འབུལ་སྨོན་ལམ་ཚུགས་ཐེངས་རེར་མི་མང་མཉམ་འཛོམས་ཀྱི་རྣམ་པ་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་པར་ཚོགས་པའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྤོབས་པ་ཞིག་ཏུའང་ངོས་འཛིན་ཞུ་ཡི་ཡོད་སྐོར་སོགས་དང་། མ་འོངས་པའི་དུས་ཡུན་ནང་། དཔའ་བོ་དཔའ་མོ་དག་གི་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གོ་སྒྲིག་ཐུབ་པ་ཞུ་འཆར་ཡོད་སྐོར་སོགས་འགྲེལ་བརྗོད་དང་། མཇུག་ཏུ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་ནས་དེ་རིང་གི་མཆོད་འབུལ་སྨོན་ལམ་མཇུག་སྒྲིལ་ཞུས་ཡོད།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས།
ཕྱི་ལོ་༢༠༡༢་ཟླ་༡༠་ཚེས་༢༢་ཉིན།
ས་གནས་སྤྱི་མཐུས་ཚོགས་པ་འདི་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ། མུ་མཐུད་ནས་ཁ་བཤད་དོན་འཁྱོལ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཚོགས་པ་འདིས་ལས་འགུལ་སྤེལ་བ་ཁ་སང་དང་དེ་རིང་ཙམ་མ་རེད། བོད་ནང་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་སྐབས་མང་པོར་མར་མེ་ཁྲོམ་སྐོར་དང་། མི་ཎི་གསོག་སྒྲུབ་སོགས་འདི་ལྟ་བུའི་ལས་འགུལ་མང་པོ་ཞིག་གོ་སྒྲིག་བྱས་སོང་ལ། བྱེད་ཐེངས་སྔོན་མ་མང་བོ་ཞིག་ནི་དང་བླངས་བ་ཁག་ཅིག་མིང་དང་ངོ་སོ་མེད་པར་ཁུ་སིམ་མེར་གོ་སྒྲིག་བྱས་སོང་བ་ནི་དེ་རིང་ཁ་སང་གི་བྱེད་སྟངས་འདི་ལས་དགའ་བ་ཞིག་རེད་འདུག མ་གཞི་ཚོགས་སྐྱིད་མང་བོ་ཞིག་གིས་མིང་ས་འབོད་རྡོ་འབོད་ཀྱིས་ཉོབ་ཐག་ཆོད་ཡོད་ལ། ཚོགས་པ་འདིས་ཀྱང་དེ་རིང་ཁ་སང་གི་འབོད་སྟངས་ལ་ལྟས་ནས་ཉིན་ཅིག་ཉོབ་མི་བཅུག་པའི་གདེང་ཚོད་ནི་ཅི་ཡང་མི་འདུག་པས། སེམས་མི་སྐྱིད་པ་འདྲ་ཞིག་ཀྱང་ཡོང་གིན་འདུག་ཀྱང་། འདི་ནི་རྣམ་རྟོག་ཅིག་ཡིན་རྒྱུ་རེད། གང་ལྟར་ཁོང་ཚོར་བསྔགས་བརྗོད་འཐོབ་པ་ཞིག་རེད་འདུག་ཞུ།