བཀྲ་ཤིས་རྒྱལ་མཚན།
རྒྱ་གར་ནང་པའི་གནས་ཡིག་ཅེས་པ་མཚམས་སྦྱོར་མདོར་བསྡུས།
དེང་སང་རྒྱལ་སྤྱིའི་ཡུལ་གྲུ་གང་དུ་འགྲོ་དགོས་བྱུང་རུང། ཚད་ལྡན་གྱི་ལག་འཁྱེར་མེད་པར་འགྲོ་མི་ཐུབ། ཡིན་ན་ཡང། ཁྱེད་རང་གི་ལག་འཁྱེར་དེར་བརྟེན་ནས་རྒྱལ་ཁབ་གང་རུང་ཞིག་ཏུ་འགྲུལ་བསྐྱོད་བྱེད་ཐུབ་རུང། རྒྱལ་ཁོངས་དེའི་ནང་གི་དམིགས་བསལ་རང་བཞིན་གང་ཡང་འགྲེལ་བརྗོད་བྱེད་མི་ཐུབ། དེར་བརྟེན་ཁྱེད་རང་གིས་རྒྱལ་ཁོངས་གང་ཞིག་གི་དམིགས་བསལ་རང་བཞིན་ཅན་གྱི་གནའ་ཤུལ་སོགས་ཡུལ་སྐོར་སྤྲོ་འཁྱམས་ཀྱི་ས་ཚིགས་གང་རུང་ཞིག་གི་སྐོར་ཤེས་རྟོགས་བྱེད་འདོད་ཡོད་ཚེ་ངེས་པར་དུ་ལག་འཁྱེར་གཞན་ཞིག་ལ་བརྟེན་དགོས། དེ་ནི་སྐུ་ཞབས་སྐྱེས་སར་ཀླུ་སྒྲུབ་ཀྱི་རྒྱ་གར་ནང་པའི་གནས་ཡིག་ལྟ་བུ་ཡིན། དེ་ཡང་ཡིན་ཏེ། ཁྱེད་རང་རྒྱ་གར་ནང་ཕེབས་བྱེད་ཀྱི་ལག་འཁྱེར་དེས་ཁྱེད་ལ་ཡུལ་སྤྲོ་འཁྱམས་ཀྱི་ས་ཚིགས་ཁག་ངོ་སྤྲོད་གཏན་ནས་བྱེད་མི་ཐུབ་སྟབས། ལག་འཁྱེར་གསར་པ་ཞིག་འཚོལ་དགོས་རྒྱུ་སྨྲོས་མེད་རེད། ལག་འཁྱེར་དེ་མེད་ཚེ་ཁྱེད་རང་ཡུལ་སྐོར་གྱི་ས་ཚིགས་རེ་རེའི་མདུན་གྱི་གླེན་པ་ཞིག་ཆགས་རྒྱུ་ཉག་གཅིག་རེད།
གནས་སྐོར་བྱེད་པ་ནི། ཆོས་བྱས་པར་ངོས་འཛིན་བྱེད་ཆོག་ལ། མ་ཟད་ལོ་རྒྱུས་ཀྱི་གནའ་ཤུལ་དུ་ཉུལ་ཞིབ་བྱས་པར་ཡང་འདོད་ཆོག དེས་ན་སངས་རྒྱས་ཆོས་ལུགས་པ་ཞིག་དང། སངས་རྒྱས་ཆོས་ལུགས་ལ་དགའ་ཞེན་བྱེད་མི་ཚོར་མཚོན་ན་སངས་རྒྱས་ཤཱཀྱ་མུ་ནེ་དང་ཁོང་གི་རྗེས་འཇུག་ཚོའི་གནས་མཆོག་རྣམས་སུ་མཇལ་སྐོར་དང། ལྟ་ཞིབ་བྱེད་རྒྱུ་དེ་མི་ཚེའི་ནང་གི་ལས་དོན་གལ་ཆེན་ཞིག་རེད། ལས་དོན་དེའི་མཐུན་རྐྱེན་ཡག་ཤོས་གཅིག་ནི། ལག་འཁྱེར་གསར་པ་འདི་ཡིན། དེ་ནི་རྒྱ་གར་ནང་པའི་གནས་ཡིག་ཡིན་ཞིང། ཡུལ་སྐོར་སྤྲོ་འཁྱམས་པ་ཁྱེད་ཀྱི་ལམ་སྟོན་སྒྲོན་མེ་དང། བློས་ཐུབ་ཀྱི་སྣེ་ཤན་པ་ཡག་ཤོས་དེ་ཡིན། དེ་སྔ་བོད་ཡིག་ནང་ཆག་ལོའི་ལམ་ཡིག་དང། དགེ་ཆོས་གནས་ཡིག་སོགས་གནས་ཡིག་མང་དུ་བྱུང་བ་དེ་དག་གིས་དུས་ཚོད་དང་བསྟུན་པའི་སྒོ་ནས་སྤྱི་
ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཡིན་ཡང། ད་ཆ་དུས་ཀྱི་འགྱུར་བ་དང་མཐུན་པའི་གནས་ཡིག་གསར་པ་ཞིག་གི་དགོས་མཁོ་ཤུགས་ཆེའི་དུས་མཚམས་འདིར་སྐུ་ཞབས་སྐྱེས་སར་ཀླུ་སྒྲུབ་ཀྱིས་རྩོམ་སྒྲིག་བྱས་པའི་རྒྱ་གར་ནང་པའི་གནས་ཡིག་ནི། དུས་མཐུན་གྱི་ཕན་ཆ་ཆེན་པོ་ལྡན་པ་ཞིག་ཆགས་ཡོད། དེར་བརྟེན་ཁྱེད་རྣམས་ནང་པའི་གནས་ཆེན་ཁག་ཏུ་གནས་མཇལ་ལམ་ཡང་ན། སྤྲོ་འཁྱམས་སོགས་སུ་ཕེབས་སྐབས་གནས་ཡིག་འདིས་ཁྱེད་རྣམས་ལ་ཐུགས་ཕན་སོས་ངེས་ཡིན་སྟབས། ཁྱེད་རྣམས་གནས་མཇལ་ལ་ཕེབས་སྐབས་ལག་འཁྱེར་ལྟ་བུའི་གནས་ཡིག་འདི་ཁྱེར་ན་དགེ་མཚན་ཆེན་པོ་འདུག གནས་ཡིག་འདིའི་ནང་གཤམ་གསལ་དོན་གནད་ཁག་གི་ཐད་ནས་དགེ་མཚན་ཆེན་པོ་ཡོད།
༡ གནས་ཆེན་ཁག་ཉེར་བརྒྱད་ཀྱི་གནས་བཤད་ཚིག་རྒྱས་བསྡུས་འོས་འཚམ་ངང་ནང་དོན་ཆ་ཚང་འགྲེལ་བཤད་བྱས་ཡོད།
༢ གནས་ཆེན་སོ་སོར་གནམ་གྲུ་དང། མེ་འཁོར། རླངས་འཁོར་བཅས་འགྲིམ་འགྲུལ་གྱི་བརྒྱུད་ལམ་གང་ཞིག་ནས་ཕེབས་ཐུབ་མིན་སྐོར་གསལ་བཤད་བྱས་ཡོད།
༣ གནས་ཆེན་སོ་སོའི་ཉེ་འཁྲིས་ཀྱི་གནས་ཆེན་གཞན་དང། དེ་མིན་གྲོང་ཁྱེར་སོགས་ནས་རྒྱང་ཐག་སྤྱི་ལེ་ཅི་ཡོད་གསལ་འགོད་བྱས་ཡོད།
༤ གནས་ཆེན་སོ་སོར་མགྲོན་ཁང་དང། ཟ་ཁང་ཅི་ཡོད་སོགས་ཀྱི་མིང་དང། ཁ་པར་ཨང་གྲངས། གློག་འཕྲིན་བཅས་གསལ་འགོད་བྱས་ཡོད།
༥ ཁྱེད་རང་གནས་སྐོར་དུ་ཕེབས་སྐབས་དངོས་རིགས་གང་ཞིག་མཉམ་འཁྱེར་བྱེད་དགོས་པ་དང། དེ་མཚུངས་དམིགས་བསལ་གྱིས་ཐུགས་སྣང་གནང་དགོས་རིགས་ཁག་ཅིག་གསལ་བཤད་བྱས་ཡོད།
༦ གནས་ཆེན་སོ་སོའི་འགྲེལ་བཤད་དང་མཉམ་དུ་ཚོན་དཔར་གང་མང་བདམས་འགོད་བྱས་ཡོད།
༧ གནས་ཆེན་ཁག་མངའ་སྡེ་གང་གི་ནང་དུ་ཡོད་མིན་གསལ་རྟོགས་ཆེད། མངའ་སྡེ་སོ་སོའི་ས་བཀྲའི་ནང་གནས་ཆེན་ཁག་ཡོད་སར་ཨང་རྟགས་ཞིབ་འགོད་བྱས་ཏེ་ས་བཀྲའི་གཤམ་དུ་བོད་ཡིག་ནང་ཞིབ་འགྲེལ་བྱས་ཡོད།
༨ ཉེར་མཁོའི་ཚོང་གཉེར་ཞབས་ཞུ་ཁང། དཔེར་ན། དཔར་རིགས་དང། གློག་བརྙན་རིགས་ཀྱི་ཞབས་ཞུ་གཉེར་མཁན་སོགས་མཚམས་སྦྱོར་བྱས་པ།
དེས་ན་ཁྱེད་ལ་ལག་འཁྱེར་གསར་པ་འདི་མི་མཁོའམ། ཁྱེད་ཀྱི་ནང་པའི་ལོ་རྒྱུས་སྐོར་གྱི་མཁྱེན་རྒྱ་ཆེ་རུ་གཏོང་ཕྱིར། ཁྱེད་ཀྱི་གནས་སྐོར་དང་ཡུལ་སྐོར་དོན་ཡོད་བྱ་ཕྱིར། ཅི་ཞིག་བྱེད་དགོས་སམ།
ཁྱེད་ཀྱིས་གནས་ཡིག་འདི་མངགས་ཉོ་གནང་བཞེད་བྱུང་ན། གཤམ་གསལ་ཁ་བྱང་སྟེང་འབྲེལ་བ་གནང་དགོས་འདུག
Kyisar Ludup
C/o Nyimon Educational Computer Centre
Next to Post Office Mcleod Ganj
Dharamsala- 176219
H.P. INDIA
Or Call: 0091-9816811836, 0r write to: kyisar@yahoo.com
འོ་འོ། གསར་འགྱུར་སྙན་པོ་འདུག སྐྱེས་སར་ཀླུ་སྒྲུབ་ཀྱི་གནས་ཡིན་དེ་ཧ་ལས་པའི་ཡག་པོ་ཞིག་ཡོད་སེམས་ཐག་ཡིན། གང་ཡིན་ཟེར་ན་ང་ཁོང་ལ་ཆ་རྒྱུས་འབྲིང་ཙམ་ཡོད་ཀྱང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བའི་ཁར་སྨྱུག་རྩལ་ཡང་ཤིན་ཏུ་བཟང་། ད་དུང་ཁོང་གིས་བྲིས་པའི་ན་ལེནྡྲའི་ལོ་རྒྱུས་དང་བི་ཀྲ་མ་ཤྰི་ལའི་ལོ་རྒྱུས་གཉིས་ཀྱང་ཧ་ཅང་ཡག་པོ་འདུག དེའི་ཁར་ཁོང་གིས་འབད་བརྩོན་ལ་བརྟེན་ཏེ་རྒྱ་གར་གྱི་དཔེ་མཛོད་ཁང་རྙིང་པ་ཞིག་ནས་ཆེས་དཔེ་དཀོན་གྱི་གནས་ཡིག་ཁག་ཅིག་ཀྱང་ལག་སོན་བྱུང་འདུག་ཚུལ་གོ དེར་བརྟེན་ཕྱོགས་གང་ཐད་ནས་ཡག་པོ་ཡོང་ཡོད་ངེས་ཡིན་པས་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་ལ་མཚོན་ན་རྒྱ་གར་གྱི་གནས་ཀུན་གསལ་བོར་ཤེས་པར་མ་ཟད། གནས་ཆེན་རེ་རེར་ཐེངས་བཅུ་ཁ་རེར་འགྲོ་ཚར་ཞིང་། ད་ལྟ་ནུབ་ཕྱོགས་སུ་འཚོ་སྡོད་བྱེད་བཞིན་པར་བརྟེན་ལོ་ཤས་ཤིག་ལ་རྒྱ་གར་དུ་འགྲོ་ཨེ་ཐུབ་ཡང་མི་ཤེས་མོད། རང་རེ་རྩོམ་པ་པོ་རྣམས་སྐྱིད་སྡུག་གཅིག་པ་ཡིན་པས་ཁོང་ལ་རྒྱབ་སྐྱོར་གྱི་ཚུལ་དུ་མངགས་ཉོ་བྱེད་ངེས་ཡིན་ལ། འབྲེལ་ཡོད་ཀྱི་གནས་སྐོར་བ་ཚོར་རྔན་པ་སྤྲོད་རྒྱུའི་ཆེད་བཅུ་ཁ་ཉི་ཤུ་ཞིག་མངགས་ཉོ་བྱེད་ངེས་ཡིན། འོན་ཀྱང་ཁ་བརྡའི་དྲ་ཐོག་འདིར་ཁྱབ་བསྒྲགས་བྱེད་རྒྱུ་དེ་ཅུང་ཐབས་ལ་མ་མཁས་པ་འདྲ། ཡང་དྲ་གྲོགས་སྐོར་ཞིག་གིས་ཐུགས་རྗེ་ཆེ་ཞུ་རྒྱུའི་ཚབས་ལ་ཅིག་ཅིག་མ་མ་ཉིག་ཉིག་གོ་གོ་ཞེས་སྡུག་རུ་ངན་ཚད་ཅིག་ལབ་མི་ཡོང་བའི་སྨོན་ལམ།
སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་རྒྱ་གར་གནས་ཡིག་གསར་བ་ཞིག་བརྩམས་གནང་མཛད་པར་རྗེས་སུ་ཡི་རང་གིས་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། གང་ཡིན་ཟེར་ན། དེ་སྔོན་ངས་ཀྱང་ཁོང་གིས་བྲིས་པའི་ན་ལེནྡྲ་དང་། བི་ཀྲ་མ་ཤྰི་ལའི་ལོ་རྒྱུས་གཉིས་ཀློག་མྱོང་ལ་ཧ་ཅང་ཡག་པོ་འདུག དེར་བརྟེན་རྒྱ་གར་གནས་ཡིག་འདི་ཡག་པོ་ཞིག་བརྩམས་ཡོད་མེད་ལ་ཐེ་ཚོམ་མི་དགོས། ལྷག་པར་དུ་ལོ་ཤས་སྔོན་མགོ་ལོག་དམ་ཆོས་དཔལ་བཟང་གིས་རྒྱ་གར་གནས་ཡིག་ཟེར་བའི་དེབ་ཆུང་ཞིག་བྲིས་ནས་གང་སར་འགྲེམ་བཞིན་ཡོད་མོད། དེ་ལ་སྐབས་བབ་ཀྱི་དོན་གསལ་གང་ཡང་མེད་པ་མ་ཟད། མི་དགོས་པའི་ཚིག་ཉོག་འབའ་ཞིག་གིས་བཀང་ཡོད་འདུག ད་དུང་དགེ་འདུན་ཆོས་འཕེལ་སོགས་ཀྱིས་བརྩམས་པའི་ཁུང་ལྡན་གནས་ཡིག་གི་གནད་མ་གོ རང་ཉིད་ཀྱི་རྣམ་དཔྱོད་དང་རྩོམ་སྩལ་གྱི་མ་འདངས། ཁོ་རང་གནས་སོ་སོར་དངོས་སུ་ཕྱིན་ཀྱང་གནས་དེའི་ཁྱད་ཆོས་དང་དེང་དུས་ཀྱི་འགྲིལ་ལམ་སོགས་ཀྱི་ངོ་སྤྲོད་ལྟ་ཅི། ཐ་ན་གནས་ཡིག་རྙིང་བ་རྣམས་སུ་གསལ་བའི་གནས་ཆེན་ཁག་གི་ངོ་སྤྲོད་ཀྱང་མི་གསལ་བར་བྱས་ཡོད་པས། ང་ཚོར་ཡུལ་དུས་དང་འཚམ་པའི་རྒྱ་གར་གནས་ཆེན་ཁག་གི་གནས་ཡིག་ཅིག་ངེས་པར་དགོས། དམ་ཆོས་དཔལ་བཟང་གི་གནས་ཡིག་མདོ་ཙམ་ངོ་སྤྲོད་བྱས་ན། དཔེར་ན་སྟོན་པའི་མདོ་སྡེ་ཁག་ཏུ་ཆོས་ལ་བརྟག་དཔྱད་དང་། གང་ཟག་ལ་དག་སྣང་སྦྱང་དགོས་གསུངས་ཡོད་མོད། ཁོས་རྒྱལ་བའི་བཀའ་ཚད་མ་ཡང་མགོ་སྔ་བསྒྱུར་ནས་གང་ཟག་ལ་བརྟག་དཔྱད་དང་། ཆོས་ལ་དག་སྣང་སྦྱང་དགོས་ཟེར་བ་འདྲ་བོ་དང་། ཡང་ལྷོ་ཕྱོགས་དཔལ་གྱི་རིའི་གནས་ཡིག་བཤད་སྐབས། སྔོན་ཆད་གནས་དེར་མེ་འཁོར་གྱི་ལམ་མི་འདུག་ཟེར་བ་ལྟ་བུའི་གསལ་བཤད་དགོད་ཤོར་བ་རེ་དང་། ཡང་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་སྐོར་བཤད་སྐབས། འཇིགས་སུ་རུང་བའི་དུར་དྲོད་ཆེན་པོ་བརྒྱད་ཡོད་ཟེར་བ་ལྟ་བའི་ལོག་བཤད་སྐྱུག་བྲོ་བ་རེ་དང་། གནས་ཆེན་ཁག་གི་འདྲ་པར་ཁ་ཤས་ཡོད་མོད། ཁོ་རང་གནས་དེར་ཕྱིན་སྐབས་ཀྱི་དཔར་རེ་བཀོད་ནས་དོན་ལ་ཁོ་རང་ཁྱབ་སྒྲག་བྱེད་ཀྱི་ཡོད་པ་འདྲ་བོ་སོགས་གནས་ཡིག་དེའི་ནང་དུ་དེང་དུས་ཀྱི་གནས་སྐོར་བ་ཚོར་ཕན་པའི་ཚིག་གཅིག་མེད་པ་མ་ཟད། དེ་ལ་བརྟེན་ལ་གནས་དང་གནས་ཀྱི་ཁྱད་ཆོས་སོགས་གོ་ནོར་ཐེབས་རྒྱུ་མང་པོ་འདུག་པས། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་བརྩམས་པའི་གནས་ཡིག་དེ། དུས་སུ་བབ་པའི་ཆར་དང་། སྐབས་སུ་བབ་པའི་གཏམ་ལྟ་བུ་ཞིག་ཡིན་རྒྱུ་རེད་སྙམ། དྲ་གྲོགས་ཚོས་དམ་ཆོས་དཔལ་བཟང་གིས་བརྩམས་པའི་རྒྱ་གར་གནས་ཡིག་ལ་གཟིགས་འདོད་ཡོད་ན། བོད་ཀྱི་དཔེ་མཛོད་ཁང་དུ་ཕེབས་དང་དེར་འདུག
དྲ་གྲོགས་འདོད་ལྷའི་བུ་ལགས།
ཁྱེད་ཀྱིས་གསལ་བོར་མཁྱེན་གྱིན་ཡོད་ན། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་རྒྱ་གར་གྱི་དཔེ་མཛོད་ཁང་རྙིང་པ་ཞིག་ནས་ཆེས་དཔེ་དཀོན་གྱི་གནས་ཡིག་ཁག་ཅིག་ཀྱང་ལག་སོན་བྱུང་འདུག་གསུང་བའི་སྐོར་ལ་འགྲེལ་བཤད་ཅུང་ཟད་གནང་རོགས། དཔེར་ན་རྒྱ་གར་གྱི་དཔེ་མཛོད་ཁང་གང་ཡིན་དང་། དེ་བཞིན་གནས་ཡིག་དེ་སུས་བརྩམས་པ་ཡིན། སྐད་ཡིག་གང་ཞིག་ཡིན། དུས་རབས་ནམ་ཞིག་ཡིན། བོད་རྩོམ་ཡིན་ནམ་རྒྱ་གར་བའི་རྩོམ་ཡིན། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་ཇི་ལྟར་བྱས་ནས་རག་པ་ཡིན་སོགས་གསལ་བཤད་ཅིག་གནང་ཐུབ་ན་ཡག་པོ་འདུག ང་ཡང་རྒྱ་གརགནས་ཡིག་སྐོར་ལ་དགའ་བོ་བྱེད་མཁན་ཞིག་ཡིན་མོད། ད་བར་དགེ་ཆོས་ཀྱི་གནས་ཡིག་ལས་ལྷག་ཅིག་མཐོང་མ་བྱུང་། ད་ལན་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་བརྩམས་པའི་གནས་ཡིག་དེ་ཡག་པོ་ཞིག་ཡོད་ཚོད་འདུག་པས། མགྱོགས་པོར་རག་ཐབས་བྱེད་རྒྱུ་ཡིན། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་ཁ་བརྡ་དྲ་དེབ་ལ་གཟིགས་ཀྱིན་ཡོད་ན། ཁྱེད་ཀྱིས་རག་པའི་རྩ་ཆེའི་གནས་ཡིག་དེའི་སྐོར་ཅིག་གསུང་རོགས་ཞེས་ཀྱང་ཞུ་བ་ཡིན།
དེ་མིན་ཐེམ་ཆེན་ལགས་ཀྱིས་གསུང་བའི་དམ་ཆོས་དཔལ་བཟང་གི་གནས་ཡིག་དེ་ང་ལ་ཡོད། ཅུང་ཟད་བཀླགས་ཀྱང་མྱོང་མོད། དངོས་གནས་ཕན་ཐོགས་དེ་ཙམ་མེད་ལ་ཐུགས་ཉམས་མ་བཞག་པ་འམ་ཡང་གློག་ཀླད་དུ་བཅུག་སྐབས་ནོར་བ་གང་ཡིན་མི་ཤེས་མོད། གནས་ཆེན་ཁག་གི་མཚན་དང་གནས་ཡུལ་སོགས་ནོར་བ་དང་། གསལ་བཤད་གནང་དགོས་སར་གནང་མ་ཐུབ་པ། མི་དགོས་སར་འགྲེལ་བཤད་ཅུང་རིང་པོ། ཁྱད་པར་ད་ལྟའི་དུས་ཀྱི་ལམ་ཁ་དང་། ས་མིང་སོགས་ངེས་པར་དགོས་པའི་རིགས་འཐུས་ཚང་ཞིག་མེད་ལ། གནས་ཆེན་ཁག་ཅིག་གནས་གཞན་དུ་ཡོད་པའི་འཁྲུལ་བ་ཡང་འབྱུང་ཉེན་འདུག་པས། རེ་ཞིག་ཀློག་མཚམས་བཞག་སྟེ་དཔེ་གྲལ་དུ་བཞུགས་སུ་གསོལ་ཡོད། དེར་བརྟེན་སྐྱེས་སར་ལགས་ཀྱིས་བརྩམས་པའི་རྒྱ་གར་གནས་ཡིག་དེས་དེང་དུས་ཀྱི་གནས་སྐོར་བ་རྣམས་དང་། ནང་པའི་གནས་ཆེན་ཁག་ལ་ཞིབ་འཇུག་གནང་མཁན་ཚོར་ཕན་ཐོགས་ཆེན་པོ་འབྱུང་བའི་རེ་བ་འདུག བཀའ་དྲིན་ཆེ།
ཨོ། སྐྱེས་སར་ཀླུ་སྒྲུབ། སུ་ཡིན་མི་ཤེས་མོད། མིང་ཐོས་པ་ཙམ་གྱིས་དགའ་སྣང་སྐྱེ་བ་ཞིག་འདུག ཁོང་རྩོམ་པ་པོ་ཞིག་རེད་དམ། ངས་ཁོང་གིས་བྲིས་པ་གང་ཡང་མཐོང་མ་མྱོང་། ཡིན་ཡང་འདོད་ལྷའི་བུ་ཟེར་བས་བཤད་ཚོད་ལྟར་ན་ཡག་པོ་ཡོད་འདྲ། ངས་མགྱོགས་པོར་ཚར་གཅིག་ཀློག་ཐུབ་པ་བྱེད་ཀྱི་ཡིན། དེ་ནས་དྲ་གྲོགས་ཚོར་མཚམས་སྦྱོར་བྱེད་ཆོག
མགོ་དམ་གྱི་རྒྱ་གར་གནས་ཡིག་ངས་ཀྱང་མཐོང་མྱོང་། དེ་ངོ་མ་དགོད་ཤོར་རྒྱུ་ཞིག་ལས་ཅི་ཡང་མེད། མགོ་ལོག་ལོ་རྒྱུས་ལས་ཀྱང་དེ་བཙོག་གི་ཡ། སྤྱིར་བཏང་དེང་དུས་ཀྱི་འགྲུལ་བཞུད་ལམ་ཁ་དང་། ས་གནས་ཀྱི་མིང་། ས་ཐག་རིང་ཐུང་སོགས་གསལ་བཤད་བྱེད་ཐུབ་ན་ཡག་པོ་འདུག དེ་མིན་གནས་ཆེན་ཁག་ལ་དམིགས་བསལ་གྱི་འགྲེལ་བཤད་དགོས་ཀྱི་མི་འདུག དགེ་ཆོས་དང་། གྲུབ་ཐོབ་ཨོ་རྒྱན་པ། ད་དུང་ཆག་ལོས་མཛད་པའི་གནས་ཡིག་ཟེར་བ་ཞིག་ཀྱང་ཡོད་ཚོད་འདུག ཏཱ་ར་ནཱ་ཐས་མཛད་པའི་སྟོན་པའི་མཛད་བརྒྱར་ཡང་གནས་ཆེན་ཁག་གི་སྐོར་གསལ་བོ་ཞེ་དྲགས་འདུག
ངས་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་གནས་ཡིག་དེ་རྩོམ་པའི་དགོས་པ་ཅི་ཞིག་ཡིན་ཤེས་འདོད་ཡོད་པས། སྐྱེས་སར་ལགས་ཀྱིས་ལན་ཞིག་གནང་རོགས་ཞུ་བ་ཡིན།
ང་ཚོར་རྒྱ་གར་གནས་ཡིག་མང་མེད་ན་ཉུང་མེད། དཔེར་ན་གནའ་རྩོམ་གོང་དུ་བྲིས་པ་རྣམས་དང་། ད་རྩོམ་མགོ་དམ་གྱི་གནས་ཡིག་ཡོད་པས། གསར་དུ་ཅིག་རྩོམ་དགོས་དོན་ཨེ་ཡོད་སྙམ།
མིག་གིས་གཟུགས་ལ་བལྟ་ཤེས་པ་ནས་བཟུང་དམ་དཔལ་གྱི་གནས་ཡིག་ལྟ་བུའི་གནས་ཡིག་ཐབ་ཆག་ཅིག་མཐོང་མ་མྱོང་། གནས་ཡིག་དེས་ཕན་ཐོག་རྒྱུའི་ཚབ་ལ་ཚིག་སྦྱོར་ཞན་པ་དང་། ཡར་མར་མང་པོ་ནས་པར་བཤུས་བྱས་ཡོང་བ་རྣམས་ཡག་པོ་ཞིག་མཐུད་མ་ཤེས་པས་མགོ་ཉོག་རུ་བཏང་འདུག ཆོལ་གསུམ་ལོ་རྒྱུས་འབྲི་ཞོར་ལ་བྲིས་པ་རེད། གནས་ཡིག་དེའི་ནང་དུ་སྐུ་སྐེར་ཡིག་ཚང་གི་ཆོལ་གསུམ་ལོ་རྒྱུས་འབྲི་བྱད་ཀྱི་སྒོར་མོ་ཡང་མང་པོ་སོང་ཡོད་པས་ཡག་པོ་འདྲ་ཞིག་བྱུང་ན་ཆོག་མོད། སྐུ་སྒེར་ཡིག་ཚང་གིས་སྒོར་མོ་བཏང་སའི་རྩོམ་ཡིག་འབྲི་མཁན་ཚང་མ་དེ་འདྲ་ཞིག་ཡིན་དོན་ཅི་ཡིན་མི་ཤེས། འོན་ཀྱང་སྐྱེས་སར་གྱི་གནས་ཡིག་དེ་ཡག་པོ་ཞིག་ཡོད་པ་ང་ལ་ཡང་ཡིད་ཆེས་ཡོད། ཡིན་ན་ཡང་ལོ་ཤས་སྔོན་དགེ་ཚུལ་ཐུབ་བསྟན་ཤེས་རབ་ཟེར་བ་ཞིག་གིས་ཀྱང་གནས་ཡིག་གསར་བ་ཞིག་བྲིས་འདུག དེ་དང་སྐྱེས་སར་ཀླུ་སྒྲུབ་ཀྱི་གནས་ཡིག་གཉིས་མིང་གཅིག་རེད་འདུག་པའི་རྒྱུ་མཚན་ཅི་ཡིན་ནམ།
བཀུར་འོས་སྐུ་ཞབས་ཁྱེད་ཀྱིས་ཕྲན་སྐྱེས་སར་ཀླུ་སྒྲུབ་ཀྱིས་རྒྱ་གར་དཔེ་མཛོད་ཁང་རྙིང་པ་ཞིག་ནས་ཡིག་རྙིང་ཞིག་ལག་སོན་བྱུང་རིགས་ཐད། རྩད་གཅོད་གནང་བཞིན་པ་དེའི་ཐད། ཕྲན་གྱིས་གསལ་ཞུ་རྒྱུར། ད་ཆ་དཔེ་རྙིང་དེར་དཔར་རིགས་གང་མང་ཞིག་ལྷན་ཐབས་སུ་སྦྱར་ནས་དེབ་ཚད་ལྡན་ཞིག་འདོན་ཐབས་སུ་ལས་ཀ་བྱེད་བཞིན་ཡོད། དེས་ན་མི་རིང་བར་ཁྱེད་ཀྱི་སྤྱན་ལམ་དུ་དཔེ་རྙིང་དེ་དང། དཔེ་རྙིང་དེའི་ལོ་རྒྱུས་བཅས་གསལ་ལམ་མེར་ཐོན་ངེས་ཡིན་ཞེས་གུས་འདུད་བཅས་ཕུལ།
ཡུལ་སྐོར་གནས་ཡིག་གིས་ཁྱོད་ལ་ཡུལ་གང་གི་གནའ་ཤུལ་སོགས་ཀྱི་གནས་རིམ་རང་བཞིན་གསལ་སྟོན་བྱས་ཡོད་པ་མ་གཏོགས། ཁྱོད་རང་ཡུལ་གང་དུ་བསྐྱོད་འཐུས་ཆོག་པའི་བདེན་དཔང་ཅི་ཡང་མངོན་དུ་མེད། ལག་འཁྱེར་ཞིག་ཡིན་ན་དེ་ལ་དེར་ཚང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཁྱོད་རང་ཡུལ་གང་དུ་འགྲུལ་བཞུད་བྱས་ཆོག་པའི་བདེན་རྟགས་གལ་ཆེན་དེ་རེད། དེའི་ཕྱིར་ལག་ཁྱེར་དང་གནས་སྐོར་ལམ་ཡིག་གཉིས་ལས་གང་གལ་ཆེ་བར་གཞིགས་ན་བྱེད་ལས་རང་བཞིན་གྱི་སྒོ་ནས་ལག་འཁྱེར་དེ་ཁྱོད་རང་འགྲུལ་བཞུད་སྐོར་བསྐྱོད་བྱེད་པ་སོགས་ལ་བཀག་འགོག་མི་ཐེབས་པར་བྱེད་པའི་ཕན་གྲོགས་ལྟ་བུ་ཡིན་པའི་ཆ་ནས་དེ་ནི་ཁྱོད་ལ་མཚོན་གལ་ཆེན་ཡིན་པ་དང་། གནས་སྐོར་ལམ་ཡིག་ནི་ཁྱོད་ལ་ལམ་ཁ་སོགས་གནས་ཡུལ་ཁག་རྒྱུས་མངའ་ཡོད་པར་་བྱེད་པའི་ལམ་ཁྲིད་པའང་ལམ་སྟོན་པ་ལྟ་བུ་ཡིན་པ་ལས་ཁྱོད་རང་གང་དུ་འགྲུལ་བསྐྱོད་བྱེད་པའི་ལམ་ཁའི་བཀག་འགོག་ཐད་ཕན་པ་སྤུ་ཙམ་ཡང་མེད་པ་བཅས་ཕན་ནུས་དང་བྱེད་ལས་ཀྱི་བར་ཁྱད་ཆེན་པོ་ཡོད། དེའི་ཕྱིར་གནས་སྐོར་ལམ་ཡིག་ལ་ལག་འཁྱེར་ཞེས་པའི་མིང་བརྡ་དེ་དུས་ཀུན་སྦྱར་མི་རུང་པ་ཡིན། གནས་སྐོར་ལམ་ཡིག་ལ་ལག་འཁྱེར་ཞེས་ཐ་སྙད་བཏགས་སྦྱར་བྱས་ན་དེ་ནི་རྩོམ་པ་པོས་འབྲི་འདོད་ཀྱི་བརྗོད་དོན་དཀྱུས་སྙིང་དང་རྩོམ་ཡིག་གི་ཁ་བྱང་འབྲེལ་འདྲིས་ཐད་སྦྱོར་བྱ་མ་ཤེས་པའི་སྐྱོན་དང་། ཐ་སྙད་གང་ཞིག་གང་ལ་གང་བྱུང་དུ་བཏགས་ནས་སྤྱི་ཚོགས་ནང་སྒྲ་དོན་འགལ་འཇོལ་ཅན་གྱི་ཐ་སྙད་རྒྱུན་འབྱམས་སུ་འགྲོ་བའི་འགལ་ཉེན་གྱི་འགན་མ་འཁུར་བའི་རྟགས་སུ་འཁུམས། འདི་རིགས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་མ་ཡིན་ཡིན་མདོག་གིས་རྩོམ་པ་པོར་རློན་མཁན་ཚོའི་ནང་ཁེངས་ནས་ཡོད་པས་ན་དོན་བྱ་ཆུང་ངུ་ཞིག་ཡིན་ནའང་གཟབ་རྒྱུ་གལ་ཆེན་པོ་རེད་ཟེར་བ་ཡིན།
ཡང་གཞན་ཞིག་བཤད་ན། འོག་གི་མཆན་འཇོག་མཁན་གྱི་གྲས་སུ་གནས་ཡིག་དེ་སྐྱེས་སེར་ཀླུ་སྒྲུབ་ཀྱིས་བརྩམས་གནང་བ་ཡིན་པར་བཤད་ཀྱིན་ཡོད་པས། དེ་ཡང་དོན་ལ་གཟབ་དགོས་པ་ཞིག་རེད། གང་ཞིག་བརྩམས་པ་དང་རྩོམ་སྒྲིག་བྱས་པའི་ངོས་གཉིས་ནས་བར་ཁྱད་ཡོད་པ་དེ་ངེས་པར་དུ་ཤེས་དགོས། འདིར་སྐྱེས་སེར་ཀླུ་སྒྲུབ་ཁོང་ཉིད་ཀྱིས་གནས་ཡིག་དཔེ་དེབ་དེར་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་འདོན་སྤེལ་བྱས་ཡོད་ནའང་། ཁོང་ཉིད་ཀྱིས་བརྩམས་གནང་བ་ཡིན་པར་མི་གླེང་པར་རྩོམ་སྒྲིག་བྱས་ཞེས་དཔེ་དེབ་སྟེང་བྲིས་ཡོད་པ་དེ་སྒྲིག་པ་པོས་བསམ་བློ་འཐུས་ཚང་བཏང་བའི་ཡང་དག་པའི་ཚིག་ཅིག་རེད། གཞན་ང་ཚོའི་སྤྱི་ནང་ནད་ཡམས་ཤིག་ཁྱཔ་ནས་ཡོད་པ་ནི་ལ་བཏུས་ལུང་བཏུས་བསྡུ་སྒྲིག་གིས་གླེགས་བམ་ཆེན་པོ་ཞིག་བཏོན་ཏེ་རང་ཉིད་ཀྱི་མིང་དང་བཅས་བརྩམས་ཞེས་བྲིས་འདུག་པ་ནི་དངོས་ནས་དགོད་བྲོ་བ་ཞིག་རེད། རྩོམ་པ་པོ་ཞིག་གིས་བརྩམས་གནང་བ་ཡིན་ན་དེ་ལ་རྩོམ་པ་པོ་དེའི་ཀུན་གཤིས་བསམ་བློ་དང་བསྟུན། བརྗོད་དོན་གསར་འདེམས་ཀྱི་རིག་སྟོབས། རྨང་གཞི་ལེགས་སྒྲིག་གི་ནུས་པ། ཚིག་སྦྱོར་རང་སྤེལ་གྱི་བརྗོད་བྱ་སོགས་རྩོམ་ཀྱི་ཁྱད་གཤིས་ཀུན་རྩོམ་པ་པོ་རང་ཉིད་གཅིག་པུ་ལས་རག་ལས་པ་ཞིག་ཡིན་དགོས་པར་སྙམ་མོ།།
ངས་ཞིབ་ཚགས་པོར་བཀླགས་མ་ཐུབ་ཀྱང༌། ལག་ཏུ་ཐེངས་གཅིག་བཟུང་ནས་དཀར་ཆག་ལ་བལྟ་ཙམ་བྱས་པ་ཡིན།
རྒྱབ་ཤུབ་སྒང་ལ་དགེ་ཆོས་དང་ཆག་ལོ་སོགས་ཀྱི་གནས་ཡིག་ཕྱོགས་བསྒྲིགས་བྱས་ཚུལ་ཞིག་བྲིས་ཡོད་
བསམས་སོང༌།
འདི་ནི་དགེ་ཆོས་དང་ཆག་ལོ་སོགས་ཀྱི་གནས་ཡིག་ཕྱོགས་སྒྲིག་ཅིག་ཏུ་འདུག་པ་ལས་བརྩམས་པ་ཞིག་མ་
རེད་འདོད། ནཱ་ལན་དྲའི་ཞིབ་འཇུག་ཀྱང་མཐོང་སོང་ལ་དཀར་ཆག་ལ་བལྟས་དུས། སྔོན་གྱི་མཁས་པ་ཨ་ཏི་ཤ་སོགས་ཀྱི་མཚན་རིམ་པ་བཞིན་འདུག་པས། དེ་ཡང་ཕལ་ཆེར་མི་སྣའི་ལོ་རྒྱུས་ཟུར་འདོན་བྱས་ཡོད་པའི་དེབ་ཅིག་མིན་ནམ་སྙམ།
གང་ལྟར་རྗེས་སུ་ཡི་རང་ཞུ་བཞིན་ཡོད།
རང་རེའི་ནང་བསྟན་ཆོས་ལུགས་དང། དེ་མཚུངས་མཚན་ཉིད་རིག་པར་སློབ་སྦྱོང་གནང་མཁན་ཞིག་ཡིན་ཚེ། དེའི་འགོ་ཁུངས་ཀྱི་ལོ་རྒྱུས་ཤིག་ངེས་པར་དུ་འཚོལ་དགོས་པ་འདུག སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས་པའི་ནཱལནྡཱ་ཞིབ་འཇུག་ཅེས་པའི་དེབ་ནང་ནཱལནྡཱའི་བྱུང་འཕེལ་འཇིག་གསུམ་རིམ་པར་ཞིབ་ཚགས་ཤིག་བཀོད་ནས་བྲིས་ཡོད་སྟབས། སློབ་གཉེར་པ་དང། ཉམས་ཞིབ་པ་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། རྗེས་སུ་ཡི་རང་ཡོད། ཡིན་ན་ཡང། ཡིག་ནོར་ཁ་ཤས་ཐོན་འདུག་པ་དེར་དགག་བྱ་བྱེད་ཀྱི་ཡོད། ཁྱེད་ཚོས་འབྲི་ཐུབ་སར་ཞུ་དག་བྱེད་ཐུབ་དགོས་པ་འདྲ་ཞིག་རེད། རླུང་མ་ལང། ངས་འབྲི་མ་མྱོང་བས་མིན་ན། ཡིག་ནོར་གཏན་ནས་མེད་པ་བཟོ་ཐུབ་ཀྱི་རེད་སྙམ་སོང། གང་ལྟར་ཐུགས་རྗེ་ཆེ།
ངས་སྐྱེས་སར་ཀླུ་སྒྲུབ་ཀྱི་གནས་ཡིག་དེ་མཐོང་སོང།
རྒྱབ་ཤའི་སྒང་ལ་སྐྱེས་སར་ཀླུ་སྒྲུབ་ཀྱིས་རྩོམ་སྒྲིག་བྱས་ཞེས་བྲིས་འདུག་པ་ལས་བརྩམས་ཞེས་བྲིས་མི་འདུག གསར་རྩོམ་དང། རྩོམ་སྒྲིག ཕྱོགས་སྒྲིག ལ་བཏུས་ལུང་བཏུས་ཅི་ཞིག་ཡིན་ཡང། དུས་ཚོད་འདི་འདྲའི་སྐབས་རང་རེར་ཕན་ཐོགས་ཡོད་པ་ཞིག་རེད། ཁོས་ཁུངས་གཏུག་ས་ཆ་ཚང་ཚད་ལྡན་ཤ་སྟག་ལ་ཁུངས་གཏུག་འདུག དཔེར་ན། ཕྱི་ལོ་ ༣༩༩ ལོར་རྒྱ་གར་དུ་ཕེབས་པའི་རྒྱའི་བཙུན་པ་ཧྥ་ཤཱན་དང། ཕྱི་ལོ་ ༦༢༩ ལོར་རྒྱ་གར་དུ་ཕེབས་པའི་ཐང་སན་བླ་མ། ཕྱི་ལོ་ ༡༢༢༤ ཡས་མས་སུ་རྒྱ་གར་དུ་ཕེབས་པའི་བོད་ཀྱི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ། གཞན་མཁས་དབང་དགེ་ཆོས་སོགས་སུ་ཁུངས་བཅོལ་སྟབས་བདེན་པ་ཚད་ཐུབ་ཞིག་ཏུ་མཐོང་སོང།
ངས་སངས་རྒྱས་ཟེར་པ་ཞིག་དང། དེའི་ལུགས་ལ་བརྟེན་ནས་སྐྱོན་ཀུན་ཟད་དང། ཡོན་ཏན་ཀུན་རྫོགས་ཤིག་ཆགས་རྒྱུ་ཡོད་པ་ཁས་མི་ལེན། དེར་བརྟེན་སྐྱེས་ཀླུས་གནས་ཡིག་དེར་ཆོས་ལུགས་ཀྱི་ཆ་ནས་མཐོང་དང་ཆ་འཇོག་གང་ཡང་མེད།
ཡིན་ན་ཡང་རྒྱལ་སྲས་གཞོན་ནུ་དོན་འགྲུབ་འཛམ་གླིང་སྟེང་གི་མཚན་ཉིད་རིག་པའི་མཁས་པ་ཞིག་ཡིན་སྟབས་ཁོང་དང། མགོན་པོ་ཀླུ་སྒྲུབ་སྐོར་ལ་དོ་སྣང་གཞན་ལས་ལྷག་པ་ཞིག་ཡོད། རྒྱུ་མཚན་དེ་འདྲར་བརྟེན་གནས་ཡིག་དེ་བཀླགས་ནས་ཤེས་བྱས་ཁ་ཤས་ཤིག་འཚོལ་འདོད་ཡོད། རིན་མེད་དུ་སྤྲད་ན་ཐུགས་རྗེ་ཆེ། མ་སྤྲད་ན་ཉོ་རྒྱུ་ལས་ཐབས་མི་འདུག
དྲ་གྲོགས་ལྭ་ནག་ཅན་ལགས་ཀྱིས། སྐྱེས་སར་གྱིས་བརྩམས་པའི་ནཱལནྡཱ་ཞིབ་འཇུག་ཅེས་པའི་ཡིག་ནོར་ཁ་ཤས་ཐོན་འདུག་པ་དེར་དགག་བྱ་བྱེད་ཀྱི་ཡོད་ཚུལ་དང་། ངས་འབྲི་མ་མྱོང་བས་མིན་ན། ཡིག་ནོར་གཏན་ནས་མེད་པ་བཟོ་ཐུབ་ཀྱི་རེད་སྙམ་ཞེས་དམ་བཅའ་གནང་བཞིན་དུ། མཆན་བུ་ཐུང་ཐུང་འདིའི་ནང་ཡིག་མང་པོ་ཤོར་འདུག་པ་གཉིས་ནང་འགལ་མ་རེད་དམ། དཔེར་ན། “རང་རེའི་ནང་བསྟན་ཆོས་ལུགས་དང།” “སློབ་གཉེར་པ་དང།” “ཡིན་ན་ཡང།” “རླུང་མ་ལང།” “ཡིག་ནོར་གཏན་ནས་མེད་པ་བཟོ་ཐུབ་ཀྱི་རེད་སྙམ་སོང།” ཟེར་བ་སོགས་ཀྱི་ཚིག་མཐའི་ང་ཡིག་དང་ཤད་ཀྱི་བར་དུ་ཚེག་གཅིག་ཀྱང་བྲིས་མི་འདུག རང་རེའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ལྟར་ན། ཚིག་མཐའི་ང་ཡིག་དང་ཤད་ཀྱི་བར་དུ་ཚེག་ངེས་པར་དུ་དགོས་མོད། ཁྱོད་ཀྱིས་གཅིག་ཀྱང་བྲིས་མི་འདུག་པའི་རྒྱུ་མཚན་ཅི་ཡིན་ནམ། ད་དུང་”ཡིག་ནོར་ཁ་ཤས་ཐོན་འདུག་པ་དེར་དགག་བྱ་བྱེད་ཀྱི་ཡོད།” ཅེས་དགག་པ་ལ་དགག་བྱ་ཞེས་དོན་སྐྱོན་ཀྱང་ཤོར་འདུག་པ་མཁྱེན་པར་མཛོད་ཅིག
འོན་ཀྱང་ཁྱེད་ཀྱིས་བོད་ཡིག་ཐོག་མཆན་བུ་བྲིས་པར་གུས་བརྩི་ཡོད། མུ་མཐུད་དུ་འབྲི་རོགས་གནོངས།
སྐྱེས་སར་ཀླུ་སྒྲུབ་ལགས་ཁྱེད་རང་ཐེངས་མང་བོར་གོ་མྱོང་ཡོད་ཀྱང་། ཉིད་རང་ལ་རྒྱུས་མངའ་མེད། ད་རེབ་ཀྱིས་གནས་ཡིག་འདི་ཉིད་ལེགས་པོ་ཞིག་འགྲུབ་ཡོད་པར་རེ་བ་དང་བཅས་འཚམ་འདྲི་ཡོད། རྗེས་ཕྱོགས་ཀྱང་དོན་དངོས་དང་སྤྱར་བའི་བོད་བྱེས་པ་ཚང་གི་འགྲུལ་བཞུད་བྱེད་སའི་གཞིས་ཆགས་ཁག་དང་དེའི་གནས་སྟངས་བསྐོར་སོགས་གསལ་བོ་ཞིག་འབྲི་ཐུབ་པ་ཡིན་ན་མི་རབས་རྗེས་མ་དག་ལ་ཕན་ངེས་ཡིན། འདི་ནི་བདག་གིས་རེ་སྐུལ་ཞིག་ཡིན།