གནས་ཚུལ་མཁོ་གཏོང་བ། བསོད་ནམས།
རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱི་སྐྱེ་ཡུལ་ནི། ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷོ་རྒྱུད། འབོ་རའི་ཚོ་བཞིར་གྲགས་པའི་གནས་དེར། སྐུང་ལུང་མདོ་དང་། བག་ཙ་མདོ། འབོ་ར་མདོ་བཅས་མདོ་གསུམ་དུ་གྲགས་པའི་ནང་ཚན། འབོ་ར་མདོ་ཞེས་པའི་སྡེ་བ་ཡིན་ཞིང་། འབོ་ར་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ངམ་ཡོངས་གྲགས་བསྡུས་མིང་དུ་འབོ་ར་དགོན་པར་འབོད་པ་དང་མི་རིང་བའི་སྤྱི་ལེ་ཕྱེད་ཙམ་གྱི་སར་ཆགས་ཡོད། རྒྱ་ནག་གཞུང་ཕྱོགས་ཀྱི་ས་ཁུངས་བཅད་བགོས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་སྐྱ་ཏོས་ཁག་རུ་ཆེན་འབོ་ར་མདོ་ཞེས་འབོད། ཁོང་ཉིད་ནར་སོན་པ་དང་ལྷན། རང་གི་ཕ་ཡུལ་དང་ཁ་བྲལ་ཏེ་སྒྲོག་ནང་འགབ་མའི་སྡེ་བར་མག་པར་སོང་། དེར་སྒྲོག་ནང་གོང་མ་དང་འགབ་མ་སྟེ༼ཨ་མདོའི་སྐད་ཀྱི་ཞོལ་མའི་དོན༽གོང་འགབ་གཉིས་ཡོད་ཅིང་། གཉིས་ཀར་དུད་ཁྱིམ་བཞི་བཅུ་མ་ལོངས་ཙམ། སྒྲོག་ཆུ་སྔོན་མོའི་འགྲམ་རྒྱུད་དུ་འཚོ་བས་སྒྲོག་ནང་སྡེ་བ་ཞེས་ཐོགས་པར་བཤད། ང་བརྒྱད་ལོར་བོད་སྤྱི་མཚུངས་དང་འདྲ་བར་སྡེ་བ་གཉིས་ཀའི་ནང་ནས་ཁ་ཤས་འཛིན་བཟུང་དང་། མང་ཆེ་བས་སྔ་ཕྱིར་འབོ་རའི་སྐུང་ལུང་ཁོག་དང་ཨ་མཆོག་སྒར་མཐའ་ནས་རྒྱ་དམར་དང་འཐབ་སྟེ་རང་སྲོག་ཤོར། མདོར་ན་དེ་དུས་སུ་ཕོ་སྐྱེས་ཁ་བཏགས་ཏེ་བྱིས་པ་རྒན་རྒོན་ཙམ་ཤུལ་དུ་ལུས་འདུག་ཅེས་དེང་སྐབས་འཚོ་བཞུགས་རྒན་པ་ཚོས་རྟག་ཏུ་གླེང་། སྐབས་དོན་འདས་པོ་དམ་པ་ཁོང་གི་ནང་མི་རྣམས་གཅིག་ལས་གཅིག་ལྷག་གཤིས་རྒྱུད་འཇམ་ཞིང་། སྡེ་བའི་ནང་གི་འཆམ་མཐུན་ཡ་རབས་ཀྱི་ཁྱིམ་ཚང་དཔེ་མཚོན་འོས་པ་ཞིག་ཏུ་བགྲང་གི་ཡོད། ལྷག་ཏུ་འདས་པོ་ཁོང་ཉིད་དུས་རྒྱུན་ནང་མི་དང་། ཡུལ་མི་ཁྱིམ་མཚེ་ཕན་ཚུན་བར་ལ་བྱམས་ཤིང་མཐུན་པ། ཐ་ན་བྱིས་པ་རྣམས་ཀྱི་མངགས་བཀོལ་ཚུན་ཆད་དང་ལེན་བྱེད་མཁན། ཀུན་ལ་འགྲོགས་འདྲིས་བདེ་བའི་གཤིས་འཇམ་གཉོམ་ཆུང་ཞིག་ཡིན། བོད་མི་ནང་ཁུལ་གྱི་རྩྭ་ས་རྩོད་གླེང་གིས་མཚོན་པའི་ནང་དམེའི་སྐོར་ཐོས་ཐེངས་རེ་རེར། ཨ་ཙི ཕམ་ཁ་ཅུང་ཟད་རེ་འཁུར་ནས་ཕན་ཚུན་འགྲིག་མཐུན་ངང་བསྡད་ན་ཅིས་མི་ཆོག ཅེས་ཐུགས་སྐྱོ་གནང་མཁན་ཞིག་ཡིན་པས། ན་མཉམ་སྤུན་ཟླའི་ཁྲོད་ཀུ་རེའི་ཚུལ་དུ་ཁོང་ལ་༼འདྲ་མེད་བསམ་ཤེས་༽ཞེས་འབོད་མཁན་ཡོད་ལ། སྡེ་བ་དེར་ལྷ་ཆེན། ལྷ་འབྲིང་། ལྷ་ཕྲུག་ཅེས་ལྷ་མོ་སྐྱབས་ཀྱི་མིང་ཅན་གསུམ་ཡོད་པས་ཁོང་ལ་ལྷ་ཕྲུག་ཅེས་ཀྱང་འབོད། འབོ་ར་སྒར་གྲོང་དབྱེ་བ་མེད་པར་དཔལ་ལྡན་ལྷ་མོ་སྲུང་མའི་གཙོ་བོར་བསྟེན་ཅིང་སེར་སྐྱ་རྒན་གཞོན་ཡོངས་ནས་ལྷག་པར་དད་ཅིང་དམ་ཚིག་ངོས་གཙང་དུ་སོང་གཤིས། གཞན་ལས་ཆེས་ཆེར་འཕགས་པའི་རྗེས་འཛིན་འཕྲིན་ལས་ཀྱི་རྟགས་མཚན་སྣ་མང་ཀུན་ལ་མཐུན་གྲུབ་ཏུ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་མིང་འདོགས་ཚུན་ཆད། དཔལ་ལྡན་ལྷ་མོའི་མཚན་ཟུར་ནས་དྲས་ཏེ། ལྷ་མོ་དོན་འགྲུབ། ལྷ་མོ་སྐྱབས། ལྷ་མོ་བཀྲ་ཤིས། ལྷ་མོ་འཚོ། ལྷ་མོ་ཚེ་རིང་སོགས་ལྷ་མོའི་མིང་ཅན་ཤིན་ཏུ་མང་ལ། མནའ་བོར་བ་དང་།འཇིགས་སྐྲག་དང་དཀའ་ངལ་ཆེ་ཆུང་ཅི་བྱུང་སྐབས། ཕོ་མོ་རྒན་གཞོན་ཀུན་གྱི་ངག་ནས། དཔལ་ལྡན་ལྷ་མོ་་་་་་་་དམག་ཟོར་མ་་་་་་ཞེས་རང་དབང་མེད་པར་ཤོར་བ་ཞིག་དང་། འབོ་རའི་ལྷ་མོ་དང་རྡོ་དཀར་མགོན་པོ་ཞེས་ཕྱོགས་དེ་དག་ཏུ་གྲགས་སོ་ཆེ་ཞིང་འདྲ་འདྲའི་ནང་ནས་མི་འདྲ་བའི་དམིགས་བསལ་ཅན་ཞིག་ཏུ་བརྩི་བ་རེད། དེ་ཡང་སྤྱི་ལོ་༢༠༡༢/སྤྱི་ཟླ༡༠/༡༩/ཉིན་ཏེ་སྐུ་སྲོག་དོར་བའི་སྔ་ཉིན། ཁོང་ཉིད་སྐྱེས་ཡུལ་འབོ་ར་མདོར་སླེབས་ཏེ་ནང་མི་དང་ལྷན་ཁ་བརྡ་སྣ་ཚོགས་བྱས་ཞོར་ཞག་འདུག་གནངས་ཤིང་། སྐབས་དེ་དག་ཏུའང་དམིགས་བསལ་གྱི་གོ་རྒྱུ་ཅན་དང་ཚོར་བ་རྣོ་བའི་སྐད་ཆ་རུས་པ་ཅན་གང་ཡང་ལབ་མི་འདུག ཕྱི་ཉིན་ཡང་ནང་མི་ཚོའི་མིག་ལམ་ན་ཁོང་ཉིད་ནི་སྔར་གྱི་ཕོ་གསར་གཤིས་འཇམ་དེ་ཡིན་ལ། ཕྱིར་སྒྲོག་ནང་དུ་ལོག་པའི་སྐྱེལ་མ་བྱས་སྐབས་ཁོས་ཀྱང་སྦ་གསང་ཅི་ཡང་མེད་པར་སྣུམ་བླུག་པའི་འགྱིག་དམ་འགའ་རེ་འཁྱེར་འདུག་པ་ནང་མི་ཚོས་མཐོང་ཡོད། དེ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས། ནང་མི་ཚོ་ལ་ཡང་དོ་སྣང་གསར་བ་ཅི་ཡང་མ་བྱུང་བར་སྐྱེལ་མ་བྱས་མཐར། ཁོས་རང་ཉིད་ཀྱི་སྦག་འཁོར་ཞོན་ཏེ་སྒྲོག་ནང་གི་ཕྱོགས་སུ་གཞུང་ལམ་དེད་ནས་ཤར་རྒྱུགས་བྱས་སོང་ཟེར།
༼༡༽
དེ་ནས་ནང་མི་ཚོ་ཁྱིམ་དུ་ལོག་ནས་ཆེར་མ་འགྱངས་པའི་བར་མཚམས་ཤིག་ནས་ཁོང་ཉིད་ཁ་ཕྱིར་འཁོར་ནས་སླར་དགོན་པའི་ཕྱོགས་སུ་བསྐྱོད་མགོ་བརྩམས་པ་ཞིག་རེད་འདུག སྐབས་དེ་དུས་ཙམ་ལ་ད་གཟོད་ཁོས་སྒྲོག་ནང་གི་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་འདི་ལྟར༼ དེ་རིང་ཁྱོད་་་་ང་ལེན་གི་ཡོང་འེ་ཐུབ་ཅེས་དྲིས་པར། ལན་དུ། དེ་རིང་ང་ལ་སྦག་འཁོར་མེད་པས། ཡོང་མི་ཐུབ་པ་འདྲ། ཅི་རེད་ཅེས་དྲིས་པར། ཁོས་འོ་དེས་ན་དྲག་གི གཅིག་བྱས་ན་ཕྱི་དྲོ་ཁྱོད་ཀྱིས་སྐད་ཆ་ཞིག་གོ་འོང་ཟེར། དེ་ནས་ཡང་། འ་རོ་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་ཟེར་བ་ནམ་ཞིག་ལ་འཚོག་རྒྱུ་རེད་ཅེས་དྲིས་པར། གྲོགས་པོ་ན་རེ། ནམ་འཚོག་གི་ཟླ་ཚེས་གསལ་བོར་ང་ལ་བཤད་རྒྱུ་མེད། ད་སྐབས་གསར་འགྱུར་ན་དེའི་སྐོར་མང་བོ་གླེང་སྲོལ་ལ་ལྟོས་ན། ཡང་ན་འཚོག་ཡོད་ནི་འེ་ཡིན་ན། མིན་རུང་ཅང་མི་འགོར་བར་འཚོག་རྒྱུ་ཡིན་ནོ་ཁོ་ཐག་རེད་ཅེས་ལན་བཏབ། དེ་ནས་མཐའ་མཇུག་ཁོས། ད་རྒྱ་འདིས་ང་ཚོ་ངོ་མ་སྐྱིད་པོ་བདེ་མོ་ཟིག་འདུག་གི་མི་འཇུག་གི ཤི་རེ་ཁོ ཤི་རེ་ཁོ་་་་༽ཞེས་ཁ་པར་སྒོ་བརྒྱབ་སོང་ཟེར། འདི་ནི་ཁོ་དང་གྲོགས་པོའི་ཆེས་མཐའ་མཇུག་གི་ཁ་བརྡ་ཡིན་ལ། ཚོར་བ་རྣོ་བའི་སྐད་ཆ་ཞིག་ཀྱང་ཡིན་པར་ཀུན་གྱིས་ངོས་འཛིན་བྱེད་བཞིན་ཡོད།
༼༢༽
འདི་ལྟར་སྐྱེས་སའི་ཕ་ས་སྨུག་པོར་ཕ་མ་སྤུན་མཆེད་སོགས་ལ་གྱེས་ཕྱག་འཚལ་ཏེ། རྒས་སའི་རང་ཁྱིམ་དྲོན་མོའི་ཕྱོགས་སུ་ཆས་ཞིང་། སླར་ཡང་དགོན་པའི་ཕྱོགས་སུ་བསྐྱོད་དེ། སྤྱི་ལོ༢༠༡༢/༡༠/༢༠/དང་།༧ ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་རྗེ་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོའི་གདུང་མཆོད་ཀྱི་དུས་ཚེས་ཁྱད་པར་ཅན། ཧོར་ཟླ་དགུ་བའི་ཚེས་དྲུག་གི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ། དགོན་པ་དང་འབོ་ར་མདོའི་སྡེ་བའི་བར་གྱི་རྒྱལ་ལམ་སྟེང་(213国道)བོད་བསྟན་སྲིད་ཀྱི་དོན་དུ་སྡུག་པའི་གཉེན་མཐའ་དག་གཡས་བསྐྱུར་གཡོན་བསྐྱུར་ཀྱིས་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན། རྒྱལ་ལམ་དེ་ནི་ཡར་ཀླུ་ཆུ་རྨ་ཆུ་དང་ཟི་ཁྲོན་ཕྱོགས་སུ་བསྐྱོད་སའི་ལམ་ཆེན་དང་མར་དམེ་ཤུལ་དང་ཨ་ལ་སོགས་སུ་འགྲོ་བའི་ལམ་གྱི་སུམ་མདོའི་དཀྱོགས་མཚམས་ཞིག་ཏུ་སོང་གཤིས། ཉེ་ལམ་སྤྱི་བདེ་ཉེན་རྟོག་པའི་རླངས་འཁོར་ཁ་ཤས་དེར་ཡོང་ནས་སྐོར་སྲུང་ལྟ་ལྟོག་བྱས་ནས་བསྡད་ཡོད་པ་རེད། དེ་ཡང་ལམ་ཆེན་གྱི་རྩིབས་དེ་མ་ཐག་པའི་སར་དུད་ཚང་ཞིག་གི་གཡུལ་ཁ་༼གཡུལ་ཁ་བཅག་སའི་རྭ་སྐོར་ལ་དེ་ཕྱོགས་ཀྱི་རོང་བ་རྣམས་གཡུལ་ཁ་ཞེས་འབོད།༽ཡོད་ལ། ཐོག་མར་དེ་ནས་མགོ་བརྩམས་ཏེ། རྒྱལ་ལམ་སྟེང་ཐོན་པ་དང་ལྷན་ཀྭི་རིང་ལན་འགའ་བཏབ་སྟེ། བོད་ལ་རང་བཙན་དགོ། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་ངར་སྐད་རྒྱགས་ཞོར་མུ་མཐུད་དུ་མགོ་ལ་སྣུམ་བླུགས་ནས་དགོན་པའི་སྨན་ཁང་ཞིག་ཡོད་པའི་ཐད་དུ་སླེབས་ལ་ཉེ་བ་ན་འགྱེལ། སླར་ཡང་སྙིང་སྟོབས་ཆེན་པོས་ཡར་བཞེངས་ཞིང་། ལག་ཐལ་མོ་སྦྱར་ཏེ་སྐད་འབོད་གཞན་ཅི་ཡང་མ་བྱས་པར༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་ཕྱིར་འཁོར་ནས་སྐོར་སྲུང་ཉེན་རྟོག་པའི་རླངས་འཁོར་ཕྱོགས་སུ་གོམ་འགའ་རྒྱུགས་མཚམས་སུ་བོད་རང་བཙན་ཐོབ་པར་ཤོག་ཅེས་སོགས་དཔའ་བོའི་ངར་སྐད་དེ་ཉིད་རིམ་གྱིས་མཐོ་ནས་དམའ་དང་། དམའ་ནས་འཇགས་པར་གྱུར་སོང་། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཐབས་ཤེས་ཤིག་བྱེད་རྒྱུ་ཕར་ཟད། ཕྱོགས་ཕྱོགས་སུ་རང་མགོ་གང་ཐོན་གྱིས་བྲོས་ཐོར་དང་། འགའ་རེ་འགྱེལ་ཞོར་ལངས་ཞོར་དུ་བྲོས་པ་ཀུན་གྱིས་མཐོང་།
༼༣༽
དེ་འཕྲལ་སྔ་ཕྱིར་སྡེ་མི་རྣམས་དང་གྲྭ་བ་ཁ་ཤས་མགྱོགས་མྱུར་ངང་མཉམ་རུབ་བྱུང་ཞིང་ཅི་ཡང་མ་འགོར་བར་དབུགས་ཀྱི་རྒྱུ་བ་ཆད་སོང་། སྐབས་དེར་གཞུང་ལམ་དེད་ནས་ཡུལ་སྐོར་ལྗོངས་རྒྱུ་བྱེད་མཁན་ལྕགས་རྟ་བའི་རུ་ཕྲེང་ཞིག་ཀྱང་བསྐྱོད་མཚམས་བཞག་ནས་མཐའ་ནས་རུབ་སྟེ་གནས་ཚུལ་འདྲི་བརྩད་དང་དཔར་བསྐྱོན་པ་སོགས་བྱེད་འདུག དེ་མུར་སྐུ་ཕུང་དགོན་པའི་འདུ་ཁང་ཆེན་མོའི་འཁྱམ་རྭར་གདན་དྲངས་ཏེ༧གོང་ས་མཆོག་གི་སྐུ་དཔར་ཞིག་བཤམས་ནས་མདུན་དུ་མར་མེ་སོགས་འཕུལ་བཞིན་གྲྭ་ཚང་གིས་སྨོན་ལམ་གསུངས། རིམ་གྱིས་གནས་ཚུལ་རྒྱ་ཁྱབ་ཏུ་སོང་སྟེ་ཐག་རིང་ཐུང་གི་ཡུལ་མི་མང་བོ་འདུ་ཁང་སྒོར་འདུ་འཛོམས་བྱུང་བ་དང་མཉམ་དུ་གཞུང་གི་ལས་བྱེད་ཀྱང་ཇེ་མང་ནས་ཇེ་ནང་དུ་སོང་། སྐབས་དེར་ཡུལ་མི་ཚོས་སྒྲོག་ནང་སྡེ་བའི་རྒན་པོ་འགའ་ལ། ད་ནི་མགྱོགས་པོར་སྐུ་ཕུང་འཁྱེར་ཐབས་བྱེད་ན་འགྲིག འགོར་འགྱང་སོང་ན་དཀའ་ལས་འདྲ་འཕྲད་འེ་ཡོང་ཞེས་བཤད་པར། གྲྭ་ཚང་གིས་མགྲིན་གཅིག་དབྱངས་གཅིག་གིས་འདི་ལྟར་འུར་འུར་ཆིལ་ཆིལ་སྨོན་ལམ་གསུང་གི་འདུག གསུང་མ་ཚར་བར་འཁྱེར་སྲོལ་ཞིག་གང་ན་ཡོད། བདག་པོ་རྒྱགས་ཐུབ་ཀྱང་རུང་མ་ཐུབ་ཀྱང་རུང་། ཐོག་མར་ཤུགས་རྒྱགས་མཁན་ངེད་སྒྲོག་ནང་སྡེ་བ་ཡིན་པས། སྨོན་ལམ་གསུང་མ་ཚར་བར་མི་འཁྱེར་ཁོ་ཐག་ཡིན། རྐྱེན་ཅི་བྱུང་ཡང་ངེད་སྡེ་བས་ཕར་བསྔོས་བྱས་ནས་སྲུང་སྐྱོབ་བྱེད་ཐག་གཅོད་ཡིན་ཞེས་སྐབས་དེར་སླེབས་མེད་པའི་སྡེ་མི་ཚོ་ལ་ཡང་ཁ་པར་བཏང་ནས་སྐོང་འགུག་བྱས་འདུག སྨོན་ལམ་གྲུབ་འཕྲལ་སྐུ་ཕུང་དར་གོས་ཀྱིས་བཏུམས་ཏེ་སེར་སྐྱ་མང་ཚོགས་ཀྱིས་མ་ཎིའི་འགུར་དབྱངས་དང་བཅས་མགོར་བཀྱགས་ནས་དགོན་པ་ནས་སྒྲོག་ནང་ཕྱོགས་སུ་གདན་དྲངས། དགོན་པའི་ལྕགས་རིའི་མཚམས་མ་ཎི་འཁོར་ཁང་གི་ལམ་བར་ཨ་མཆོག་ཉེན་རྟོག་པའི་རླངས་འཁོར་འཕྲེད་དུ་བཞག་ནས་བཅད་ཅིང་། ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་མི་སྣ་ཕྲེང་བསྒྲིགས་ནས་བཀག་འདུག་པར། མི་མང་གིས་ང་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་སྐྱེལ་མཁན་དང་འདས་པོའི་གཅེས་སྲོག་འཕྲོག་མཁན་གྱི་གཏེ་བོ་ཁྱེད་ཚོ་ཡིན་ཞེས་ལས་བྱེད་འགའ་རེའི་མིང་ནས་བཟུང་ཞིང་ཚོད་མ་ཟིན་པར་རླངས་འཁོར་ལ་རྡོ་གཞུས་ནས་སྒེའུ་ཁུང་སོགས་བཅགས། ལས་བྱེད་རྣམས་བྲོས་ཐོར་དུ་སོང་། ལྕགས་རིའི་ཕྱི་རོལ་ན་ཉེན་རྟོག་པའི་རླངས་འཁོར་ལྔ་དྲུག་ཞིག་ཡོད་པ་ཡང་ཕྱིར་འཐེན་འདུག ཡར་ཕྱོགས་ན་མི་བཞི་བཅུ་ལྷག་ཤོང་བའི་དམག་མིའི་རླངས་འཁོར་ནག་པོ་ཞིག་འདུག་པར་རྡོ་གཞུས། དེ་མ་ཐག་མེ་མདའ་བཟུང་བའི་དམག་མི་བཞི་བཅུ་ལྷག་རླངས་འཁོར་ནས་བབས་ཏེ་ཁ་གཏད་དུ་འགྲེངས་ཏེ་ཛ་དྲག་གི་གནས་སུ་སོང་བར། དགོན་པའི་ལས་སྣེ་རྣམས་ཀྱིས་བར་ནས་བཀག་འགོག་བྱས་འདུག དེ་ལྟར་ དམག་མི་དང་སྲིད་གཞུང་གི་ལས་བྱེད་ཚོས་སྐུ་ཕུང་འགོག་འདོད་ཀྱང་མ་ཁེགས་པར་རླངས་འཁོར་ཆེན་པོ་ཞིག་གི་མགོ་སྒམ་དུ་བཞག རླངས་འཁོར་དེའི་སྒམ་ནང་དུ་སྲུང་སྐྱོབ་བྱེད་མི་ཤོང་ཚད་དང་། དེ་ནས་ཡང་གྲྭ་ཚང་གྲོང་ནང་དུ་སྨོན་ལམ་ཆེད་ཕེབས་པར་གནོན་ཤུགས་གང་མང་སྤྲད་ཀྱང་མ་ཐེབས་པར། དབུ་ཆོས་གཉིས། བླ་མ་གཞུང་ལས་པ། སྐྱིད་སྡུག་ན་ཡོད་ཚད་ཕེབས་ཏེ། དང་བླངས་པ་ཡུལ་ཕྱོགས་ཀྱི་རླངས་འཁོར་བཞི་བཅུ་ལྷག་གི་ནང་བཞུགས་སུ་གསོལ་ཞིང་། འདས་པོའི་སྐུ་ཕུང་འདྲེན་མཁན་གྱི་རླངས་འཁོར་ཆེན་པོའི་རྗེས་སུ་བསྒྲིགས་ནས་སྒྲོག་ནང་སྡེ་བར་དལ་གྱིས་ཕེབས།
༼༤༽
དེ་ནས་གྲྭ་ཚང་གིས་ནང་མི་རྣམས་ལ་སེམས་གསོ་དང་གཞུང་སྒེར་སོ་སོ་ནས་མཆོད་ཐེབས་དངུལ་གང་འབྱོར་འཕུལ། སྨོན་ལམ་རྣམ་ལྔ་ཁྲུས་ཆོག་དང་བཅས་གསུངས་ཏེ་དགོན་པར་སླེབས་སྐབས་ས་རུབ་ལ་ཉེ། སྤྱི་ཚེས་ཉེར་གཅིག་ནས་ཉིན་རེ་བཞིན་གྲྭ་ཚང་ཡོངས་སྨོན་ལམ་གསུང་བར་ཕེབས་གཏན་ཁེལ་ཡོད་ཀྱང་། གཞུང་གི་འཇིགས་སྐུལ་དང་གནོན་ཤུགས་འོག་འཛིན་གྲྭ་གཉིས་རེ་ལས་ཕེབས་མི་ཆོག་པ་བཟོས། དེ་ཡང་ཇེ་ཉུང་དུ་བཏང་ནས་ཉིན་རེར་གྲྭ་བ་ཉི་ཤུ་ལས་ཕེབས་མི་ཆོག་པ་བྱས་སོང་། དེ་ཡང་ཐོག་མའི་ཉིན་མོར་གནས་ཚུལ་གསན་འཕྲལ་ཨ་མཆོག་དགོན་པ་ནས་གྲྭ་བ་མང་བོ་ལ་མོ་བརྒྱབ་ནས་ཞབས་ཐང་གིས་སྒྲོག་ནང་སྡེ་བར་ཕེབས་ཏེ་བསྔོ་སྨོན་དང་སེམས་གསོ་གནངས་པས་མཚོན། སྤྱི་ཚེས་ཉེར་གསུམ་བར་ཉིན་རེ་བཞིན་གཙོས་དང་ཙ་ཡུས། མཛོད་དགེ་དང་ཁ་གྱ། རྡོ་དཀར་སོགས་ཕྱོགས་ཡས་མས་ནས་སྤྱི་དང་སྒེར་གྱི་སེམས་གསོ་དང་མཆོད་ཐེབས་འབུལ་མཁན་མཚམས་མ་འཆད་པར་བྱུང་ཡོད་པ་རེད། དེ་རིང་སྟེ་སྤྱི་ཚེས་ཉེར་གསུམ་ཉིན་ཕྱོགས་དེའི་བླ་མ། འབྲས་སྒོ་མང་མཁན་རབས་སོ་བརྒྱད་པ་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུ། རྒྱལ་མཁན་ཆེན་འབོད་པས་ལྗགས་བཀོད་གནངས་པ་ལྟར། འབོ་རའི་དུར་ཁྲོད་དུ་ཞུགས་ལ་འཕུལ། དེ་ཡང་འབོ་རའི་ཕྱོགས་སུ་ཚེ་འདས་ཕོ་མོ་སུ་ཡིན་ཀྱང་དུར་ཁྲོད་དུ་བསྐྱལ་ཏེ་ཕུང་བོ་བྱ་སྦྱིན་དང་། གྲྭ་ཚང་ཡང་དུས་བཞིར་དབྱེ་བ་མེད་པར་སྙན་གསེང་ཞུས་པ་ལྟར་དུར་ཁྲོད་ཀྱི་མདོར་ཕེབས་ནས་སྨོན་ལམ་གསུང་སྲོལ་ཡོད་པ་རེད། དེ་ལ་ཁོང་ཚོས་ཆོས་སྦྱིན་ཞེས་འབོད་ལ། དེ་ནི་ཡུལ་དེའི་ཆེས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ཞིག་དང་གནའ་ནས་ད་བར་དུ་དར་བའི་སྲོལ་རྒྱུན་གྱི་རྣམ་པ་ཞིག་ཡིན་ཀྱང་། དེ་རིང་གཞུང་ཕྱོགས་ནས་སྲོལ་རྒྱུན་དེ་རྡོག་བརྫིས་སུ་བཏང་སྟེ། གྲྭ་བ་ཉི་ཤུ་ལས་ཕེབས་མི་ཆོག་པ་བཟོས་ཞིང་དམག་མིས་དམ་དྲག་བྱས་རྐྱེན་གྲོང་བ་ཡང་མང་བོ་སླེབས་མ་ཐུབ་ཀྱང་། སེར་སྐྱ་ཁྱོན་སྡོམ་བཞི་བརྒྱ་ལྷག་དུར་ཁྲོད་དུ་འཛོམས་ཏེ་ཆོས་སྒྲ་དང་མིག་ཆུའི་ཁྲོད་ཞུགས་ལ་ཕུལ་ཡོད་པ་རེད། དེ་ཡང་ཉིན་འདི་དག་ལ་བསང་ཆུ་རྫོང་གི་སྲིད་འཛིན་སྡེ་ཁག་དང་། སློབ་གསོའི་སྡེ་ཁག་ནས་ཆེད་མངགས་མི་སྣ་འགྲེམ་འཇོག་གིས་འབོ་རའི་སློབ་གྲྭ་ཆུང་འབྲིང་དང་། འབོ་ར་དགོན་པ། སྒྲོག་ནང་སྡེ་བས་མཚོན་མཐའ་འཁོར་གྱི་སྡེ་བ་རྣམས་ལ་ཉིན་མཚན་གཉིས་ཀར་ལྟ་ལྟོག་དང་། དམག་མི་དང་སྤྱི་བདེ་ཉེན་རྟོག་མང་བོས་དྲག་གནོན་དང་། སྒྲོག་ནང་དུ་འགྲོ་བའི་ལམ་ཁ་ན་མེ་མདའ་བཟུང་བའི་དམག་མི་དང་ཉེན་རྟོག་པའི་ཚན་ཁག་བཙུགས་ཡོད་ལ། དེ་ནས་མིང་ཐོ་བཀོད་ནས་སྒྲོག་ནང་དུ་འགྲོ་དགོས་པ་རེད། ད་ལྟ་འབོ་ར་ས་ཁུལ་འདི་ལྟར་དམ་དྲག་འོག་གནས་གནས་ཤིང་། སེར་སྐྱ་མང་ཚོགས་འདི་ལྟར་ཅི་ཞིག་འབྱུང་སྙམ་པའི་འཇིགས་སྐྲག་འོག་གནས་ཡོད། ཀྱེ་ཀྱེ་བླ་མ་དཀོན་མཆོག ང་ཡི་ཡིད་བཞིན་ནོར་བུ་་་༼༥༽
གནས་ཚུལ་འདི་ས་གནས་རང་ནས་བསྐུར་བ་ཡིན་པས་ཁོང་ཚོའི་དེ་ཇི་མ་ཇི་བཞིན་བསྐུར་ཡོད།
བུ་དཔའ་བོ་རང་གཤིས་དེ་ནམ་ཡང་རྒྱལ་གྱུར་ཅིག
ད་ཡིན་ན་བོད་ལ་དཔའ་བོ་མེད་བསམ་པའི་དོག་པ་གཏན་ནས་མེད་པར་གྱུར་སོང་།
ངས་ངོས་ནས་ཀྱང་དཔའ་བོ་དཔའ་མོ་ཁྱེད་རྣམས་པ་དང་ལྷན་དུ་གདུང་སེམསས་མཉམ་སྐྱེ་ཡོད། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ།
ངས་སྐྲག་མི་དགོས་ས་ཞིག་ནས་མེ་སྲེག་ཕར་ཞོག་ཐ་ན་སྐད་འབོད་ཙམ་ཡང་བྱེད་མི་ཐུབ་རུང་་་་སེམས་ཁུང་རུས་པའི་གཏིང་ནས་དཔའ་བོ་ཁྱེད་ཅག་ལ་མ་ཎི་རེ་འདོན་རྒྱུ་ལས་ཅི་ཡང་མི་འཇོན་པར་དགོངས་དག་ཞུ།
ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ།