གནས་ཚུལ་མཁོ་སྤྲོད་པ། བསོད་ནམས།
2012/10/23ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་3:30སྟེང་། རྒྱ་དམར་སྲིད་གཞུང་ལ་རང་རེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་མི་རིགས་ཀྱི་ཆེད་དུ་བོད་ཕྱི་ནང་གཉིས་ཀར་རང་ལུས་མེར་མཆོད་ཀྱིས་ཞི་རྒོལ་གང་སར་གནང་བཞིན་པ་ལྟར། དེ་རིང་ཡང་མདོ་སྨད་བླ་བྲང་དུ་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་མམ་འོད་ལྡན་ཚོང་རའི་ཉེ་འདབས་སུ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག དེ་མ་ཐག་ནམ་རྒྱུན་དེར་ཡོད་རྫོང་གི་བདེ་སྲུང་དམག་མི་དང་ཉེན་རྟོག་པ་ཚོས་ཁོང་གི་སྐུ་ཕུང་བཙན་ཁྱེར་བྱེད་རྩིས་བྱས་པས། དེར་ཡོད་ས་གནས་བོད་རིགས་མང་ཚོགས་ཀྱིས་ཁྱེར་དུ་མ་བཅུག་པར་ཁོང་ཚོའི་བར་འཁྲུག་རྩོད་ཤོར་ནས་མཐར་སྐུ་ཕུང་མི་མང་གིས་འདས་པོ་ཁོང་གི་ཁྱིམ་དུ་གདན་དྲངས་ཐུབ་ཡོད་འདུག
སྐབས་དེར་བླ་བྲང་དགོན་པའི་གྲྭ་མང་གིས་གནས་ཚུལ་དེ་ཐོས་ནས་ལམ་སེང་ཁོང་གི་ཁྱིམ་དུ་སྨོན་ལམ་དང་ཁྲུས་ཆོག་འདོན་དུ་ལམ་ལ་ཆས་ནས་སྲང་ལ་ཐོན་དུས། བདེ་སྲུང་དྲག་དམག་དང་ཉེན་རྟོག་པས་བཙན་གྱིས་བཀག་ནས་འགྲོར་མ་བཅུག་སྟབས། པར་རིས་ནང་གསལ་བ་དེ་བཞིན་གྲྭ་མང་གིས་གཞུང་ལམ་སྟེང་དུ་སྨོན་ལམ་གསུང་དགོས་པ་བྱུང་འདུག
འདས་པོ་རྡོ་རྗེ་རིན་ཆེན་ཁོང་ནི་ད་ལོ་རང་ལོ་༥༨དང་། སྐྱེ་ཡུལ་ཟ་ཡུས་ནང་སྡེ་བ་གོང་མ། ཁོང་གི་བཟའ་ཟླའི་མིང་ལ་ཀླུ་ཐར་འཚོ། ཁོང་གཉིས་ལ་བུ་མོ་གཉིས་ཡོད་པ་ལས། བུའི་མིང་ལ་རྟ་བྷོའུ་དང་། བུ་མོའི་མིང་ལ་རིག་འཛིན་འཚོ་ཟེར་ཞིང་། ཁོང་ཚང་ནི་བསྡོམས་པའི་བཟའ་མི་བརྒྱད་ལས་གྲུབ་པའི་མི་ཚང་ཞིག་རེད།
འདས་པོ་ཁོང་ད་ནངས་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་དང་ཐོག་བླ་བྲང་དགོན་པར་སོང་ནས་མཆོད་མཇལ་དང་སྐོར་བ་གང་ཐུབ་ཅིག་སོང་རྗེས། རྟེན་འབྲེལ་ཞིག་ལ་བརྟག་པ་ཡིན་ནམ་རྐྱེན་གང་ཡིན་མི་གསལ་ཡང་དགོན་པ་དང་རང་ཁྱིམ་བར་ཕར་འགྲོ་ཚུར་འོོང་ཐེངས་གསུམ་བྱས་པའི་མཐའ་མ་དེར་རང་ཁྱིམ་གྱི་ཕྱི་ནང་གང་སར་གཙང་སྦྲ་ཧ་ཅང་ལེགས་པོ་ཞིག་བྱས་ནས་ཡར་རྒྱ་སྲང་གི་ཉེན་རྟོག་སྒོ་འགྲམ་དུ་སོང་སྟེ་རང་བསྲེགས་ཀྱིས་སྐུ་གྲོངས་ཡོད་པའི་གནས་ཚུལ་དུ། གོང་དུ་ཞུས་པའི་མི་མང་དང་ཉེན་རྟོག་པའི་བར་འཁྲུག་རྩོད་ཤོར་བའི་གནས་ཚུལ་སོགས་ཟུར་དུ་པར་རིས་ནང་གསལ་བ་བཞིན་ཡིན།
སྤྱན་རས་གཟིགས་ཀྱིས་མཁྱེན་ལྟ་བར་བློས་མི་བཟོད་ཀི
རྒྱལ་གཅེས་དཔའ་བོ་ཁྱེད་རྣམས་ཀྱིས་བྱས་བསགས་སྡིག་སྟུང་རྣམས་བྱང་ཞིང་དག་ནས་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བར་ཤོགས།
ངོ་མ་ངའི་ངའི་གློ་སྙིང་བྲང་གསུམ་ལ་ན་ཟུག་རྒྱག་གིན་འདུག
རྒྱལ་ཁབ་ཆེན་པོ་ཞིག་གི་རང་དབང་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་སྟངས་ངོ་མ་དེ་འདི་འདྲ་རེད། མི་འདི་ཚོ་ང་ཚོའི་ལོ་རྒྱུས་ནང་དུ་གསལ་པོར་འཁོད་དགོས་པ་རེད།
སྦོབས་མཐའི་གསུངས་པ་མི་བདེན་ཟེར་མི་ཤེས། ཁ་སང་གོང་ས་མཆོག་གིས་ཀྱང་ཨ་རིའི་གསར་འགོད་པའི་པའི་དྲི་ལན་སྐབས་རང་བསྲེག་ལ་བསྔགས་བརྗོད་གནང་བྱུང་།
ངས་ངོས་ནས་ཀྱང་དཔའ་བོ་དཔའ་མོ་ཁྱེད་རྣམས་པ་དང་ལྷན་དུ་གདུང་སེམསས་མཉམ་སྐྱེ་ཡོད། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ། ཨོཾ་མ་ཎི་པདྨེ་ཧཱུྂ།
ཨོཾ་མ་ཎི་པདྨེ་ཧཱུྂ།