རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།
ཁ་སྔོན་རྒྱ་རིགས་རྩོམ་པ་པོ་ལྦང་ལི་ཞུང་རྡ་སར་སླེབས་པའི་སྐབས་སུ། ཚོགས་ཐོག་ཏུ་བྱེས་བཞུགས་བོད་རིགས་རྩོམ་པ་པོ་ལྔས་ཁོང་ལ་ཡིག་ཐོག་ནས་ངོ་རྒོལ་ཞིག་བྱས་བའི་གནས་ཚུལ་དེ་གོ་ཐོས་བྱུང་། སྐབས་དེར་འོད་ཟེར་ལགས་དང་མཉམ་དུ་དྲ་ཐོག་ནས་གླེང་མོལ་ཐུང་ཐུང་ཞིག་བྱུང་། སྐབས་དེ་དུས་ཁོ་མོས་ངེད་ལ་འདི་འདྲ་ཞིག་གསུངས་སོང་། “ཐོག་མའི་ཆར་དོན་མེད་དུ་ཉེས་འཛུགས་བྱས་བའི་གནས་ཚུལ་དེ་གོ་དུས་སེམས་ཅུང་ཙམ་མི་སྐྱིད་པ་ཆགས་སོང་མོད། རྗེས་སུ་དེ་ནི་ཉམས་མྱོང་ཞིག་རེད་བསམ་ནས་བསྡད་ཡོད་”ཟེར། དེའི་རྗེས་སུ་བདུན་ཕྲག་འགར་བསྐྱར་དུ་གླེང་མོལ་བྱེད་པའི་ཆུ་ཚོད་མ་བྱུང་།
ཁ་སང་ཁོ་མོའི་རྩོམ་ཡིག་མང་གཙོར་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད་ཞེས་པ་དེ་བྐླགས་པའི་རྗེས་སུ་བསྐྱར་དུ་དྲ་ཐོག་ནས་གླེང་མོལ་ཞིག་བྱས་བ་ཡིན།
དགའ་འོས་བ་ཞིག་ལ། འོད་ཟེར་ལགས་ཀྱིས་བོད་སྐད་བསྐྱོན་ཐུབ་པ་མ་ཟད་བོད་སྐད་ཀྱི་ལམ་ནས་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱེད་ཐུབ་པ་དེ་རེད། འོན་ཀྱང་། ཁོ་མོས་གསུངས་ན། “ངས་བོད་སྐད་སྤུས་དག་པོ་ཞིག་ད་དུང་ཡང་བཤད་ཐུབ་ཀྱི་མི་འདུག ལྷ་སར་སྡོད་པའི་སྐབས་དང་བསྡུར་ན་པེ་ཅིང་དུ་སླེབས་པའི་རྗེས་སུ་བོད་སྐད་བཤད་རྒྱུ་ཡག་ཏུ་ཕྱིན་སོང་། ཡིན་ན་ཡང་། ད་དུང་སོ་སོར་ངོ་ཚ་གི་འདུག་”ཟེར། ཁ་སང་འོད་ཟེར་ལགས་དང་མཉམ་དུ་ཆུ་ཚོད་གཅིག་ལྷག་ལ་དྲ་ཐོག་ནས་གླེང་མོལ་བྱུང་། གླེང་མོལ་གྱི་རིམ་པ་ཆ་ཚང་འདིར་འགོད་ཀྱི་མིན།མང་གཙོར་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད་ཟེར་བའི་རྩོམ་དེའི་བློས་བསླངས་ཀྱི་སྐོར་ནས་ཁོ་མོས་གང་གསུངས་བ་རྣམས་ཡིག་ཐོག་དུ་མདོར་བསྡུས་ཤིག་ཕབ་ཀྱི་ཡིན།
སྐད་ཆ་གོ་ནོར་ཐེབས་པ་དང་བརྗོད་པསྔ་ཕྱི་འགལ་བ་འདྲ་ཡོད་ན། འོད་ཟེར་ལགས་གཙོས་བའི་ྐློག་པ་པོ་ཚོར་དགོངས་དག་ཞུ་རྒྱུ་ཡིན།
མང་གཙོར་ཀུན་སྤྱོད་ཀྱི་ཚོད་འཛིན་ཞིག་ཡོད་པ་རེད་ཟེར་བའི་རྩོམ་དེའི་བློས་བསླངས་ཀྱི་སྐོར་ནས་ཁོ་མོས་གསུངས་དོན།
“ཐོག་མའི་ཆ་ལ་། ང་རང་གིས་ཁ་སྔོན་ཁྱེད་ལ་བཤད་པ་བཞིན། ལྦང་ལི་ཞུང་ལ་གསང་ཉུལ་བ་དང་བོད་བེད་སྤྱོད་གཏོང་མཁན། མགོ་སྐོར་གཏོང་མཁན་ཟེར་བ་སོགས་ཀྱི་ཉེས་མེད་ཉེས་འཛུགས་བྱས་བ་དེ་གོ་དུས། སེམས་མི་བདེ་བ་ཆགས་རུང་དེ་ལ་ལན་ཞིག་རྒྱག་དགོས་དོན་མི་འདུག་བསམ་ནས་བསྡད་པ་རེད། ད་དུང་དེ་ཡང་ཉམས་མྱོང་ཞིག་རེད་བསམ་སོང་།
འོན་ཀྱང་། དེའི་རྗེས་སུ་ངོ་རྒོལ་བྱེད་མཁན་གྱི་ཕྱོགས་ནས་ལབ་ན་འདྲ། གང་ལྟར་ཕར་ཕྱོགས་ནས་གནས་ཚུལ་དེ་ཆེ་རུ་བཏང་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་མདོའི་སྡེ་ཚན་གྱི་ལེ་ཚན་དུ་ཡང་དེའི་སྐོར་ནས་གླེང་མོལ་ཞིག་བྱུང་འདུག དེ་ལ་བརྟེན་ནས་བོད་ནང་གི་ཨ་མདོའི་ཕྱོགས་ཀྱི་མི་མང་པོས་དེ་གོ་ཐོས་བྱུང་འདུག་པ་མ་ཟད་། ཨ་མདོའི་ཕྱོགས་ན་ང་ལ་ཡོད་པའི་གྲོགས་པོ་དང་གྲོགས་མོ་རྣམས་ཀྱིས། ཡིག་ངག་གཉིས་ཐོག་ནས་དེའི་སྐོར་ཀྱི་གནས་ཚུལ་ང་ལ་འདྲི་གི་འདུག དེའི་སྐོར་ལ་ཁྱེད་ཀྱི་བསམ་ཚུལ་ཅི་ཡིན་ཟེར་མཁན་ཡང་ཡོང་གི་འདུག
དེའི་རྗེས་སུ་ད་དུང་། ལྷ་སྡེ་གནམ་ལོ་ཡག་གི་རྒྱ་ཡིག་ཟིན་བྲིས་སུ་དེའི་སྐོར་གྱི་གནས་ཚུལ་དེ་བསྒྱུར་ནས་བཀོད་འདུག འོན་ཀྱང་། ཉིན་ཤས་སྔོན་ཁོང་གི་ཟིན་བྲིས་ལ་བསྐྱར་དུ་བལྟ་སྟབས། ཁོང་གིས་དེ་བསུབ་ཚར་འདུག ཁོང་གིས་གནས་ཚུལ་དེ་རྒྱ་ཡིག་ཟིན་བྲིས་སུ་བསྒྱུར་ནས་འཇོག་དོན་དང་དེ་ནས་བསུབ་དགོས་དོན་སོགས་ཅི་ཡིན་ངས་ཤེས་མ་སོང་། དེའི་རྒྱུ་མཚན་ངས་ཤེས་མ་སོང།་ གང་ལྟར།
གནས་ཚུལ་དེ་བོད་ཡིག་གི་དྲ་རྒྱ་ཁག་དང་རླུང་འཕྲིན། རྒྱ་ཡིག་གི་ཟིན་བྲིས་སོགས་སུ་སླེབས་པ་ཡིན་ཙང་། རྒྱ་རིགས་གྲོགས་པོ་ཚོའི་ཁྲོད་ནས་ཀྱང་དེའི་སྐོར་ལ་སྐད་ཆ་འདྲི་མཁན་མང་པོ་སླེབས་ཡོང་གི་འདུག དོགས་འདྲི་བྱེད་མཁན་མང་ནས་མང་དུ་འགྲོ་གི་འདུག ད་དུང་། ཁ་སྔོན་ནས་ངས་ད་ལོའི་ཡུ་གུར་བའི་ཡར་ལངས་ཀྱི་དོན་རྐྱེན་སྐོར་ལ་རྩོམ་ཡིག་མང་པོ་བྲིས་བ་ཡིན་ཙང་། ཁ་སང་ཉེན་རྟོག་པ་དང་ཐུག་པའི་སྐབས་སུ་ཡང་། ཁོང་ཚོས་ང་ལ། ཁྱེད་ཀྱི་ཁྱོ་ཀར་ངོ་རྒོལ་བྱས་འདུག་ཟེར་ཀྱི་འདུག་ཞེས་ཚུར་ལབ་ཡོང་གི་འདུག འོན་ཀྱང་། ངས་དེ་ལ་ལན་བརྒྱབ་མེད། གང་ལྟར། གནས་ཚུལ་དེ་ཕར་ཕྱོགས་ནས་ཆེ་རུ་བཏང་བ་ཡིན་ཙང་། དཀྲོགས་གཏམ་གྱི་རིགས་ཀྱང་མང་དུ་ཡོང་གི་འདུག
ངས་ཀྱང་བསམ་བློ་མང་པོ་ཞིག་བཏང་བའི་རྗེས་སུ། གཞི་ནས་བསམ་ཚུལ་ཞིག་བཤད་ན་ཡག་པོ་འདུག་བསམ་ནས་བསམ་ཚུལ་དེ་བཤད་པ་ཡིན། ཁྱེད་རང་མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་སྡོད་མཁན་ཞིག་ཡིན་ཙང་། མང་གཙོའི་སྐོར་ང་ལས་མང་བ་མཁྱེན་གི་རེད། མང་གཙོ་ལབ་དུས། ཐོབ་ཐང་གཅིག་པོ་མ་ཡིན་པར་འགན་ཞིག་ཀྱང་མཉམ་དུ་ཁུར་དགོས་རེད་བསམ་གི
སོ་སོའི་སྐད་ཆར་འགན་མ་ཁུར་བར་ཐོབ་ཐབ་གཅིག་པོ་བླངས་ནས་བསྡད་ན་དེ་མང་གཙོ་ཡང་དག་པ་མ་རེད་ལ་ཀུན་སྤྱོད་ཀྱི་སྒང་ནས་ཀྱང་ཏག་ཏག་བསྡད་ཀྱི་ཡོད་མ་རེད་བསམ་གི
ཁོང་ཚོས་སྐྱོན་འཛུགས་བྱས་ན་འགྲིག་གི་རེད། ཡིན་ན་ཡང། དེ་ལ་ཞིབ་འཇུག་དང་དཔང་རྟགས་སྟོན་རྒྱུ་མེད་ན་། དེ་ནི་འགན་མ་ཁུར་བའི་སྐད་ཆ་རེད་ལ་ཉེས་མེད་ཉེས་འཛུགས་ཀྱང་རེད།
བཟང་ན་ངན་ན། ཁོང་ཚོ་ཡང་ཤེས་ཡོན་ཡོད་མཁན་དེ་འདྲ་རྐྱང་རེད་། ཤེས་ཡོན་ཡོད་མཁན་ཞིག་ཡིན་ན་ཀུན་སྤྱོད་ཀྱི་འགན་འཁྲི་ཞིག་ཀྱང་ཡོད་དགོས་ཀྱི་རེད་བསམ་གི།
གལ་སྲིད་ང་ཚོའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཡོད་མཁན་ཚོས་ཞིབ་འཇུག་དང་བརྟག་དཔྱད་མེད་པར་སྐད་ཆ་དེ་འདྲ་བོ་རྐྱང་རྐྱང་བཤད་ནས་བསྡད་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ཡར་རྒྱས་འགྲོ་ཐུབ་ཀྱི་རེད་དམ། མཚམས་རེར་གཞན་ལ་དོན་མེད་དུ་སྐྱོན་འཛུགས་བྱེད་རྒྱུ་འདི་ང་ཚོའི་ན་ཚ་ཞིག་མིན་ནམ་བསམ། གང་ལྟར། ན་ཚ་འདིའི་རིགས་ང་ཚོ་ལ་ཕན་ཐོགས་ཡོད་པ་དེ་འདྲ་མ་རེད་བསམ་གི ང་རང་གིས་གནད་དོན་འདིའི་སྟེང་ལ་སོ་སོའི་བསམ་ཚུལ་ཅི་ཡིན་བརྗོད་པ་་ཡིན་མ་གཏོགས། གཞན། ངོ་རྒོལ་བྱེད་མཁན་རྣམས་ཀྱི་སྒང་ལ་ཀུན་སློང་ངན་པ་སོགས་ཅི་ཡང་མེད་ལ་དེ་ཡོད་ན་ཡང་བྱབ་ཆུང་གི་བྱེད་སྟངས་རེད། “
དེ་རིང་འདིའི་སྐོར་ལ་རང་གི་བསམ་ཚུལ་འགའ་བརྗོད་ན་འདོད་བྱུང་། རང་ཉིད་ལ་མཚོན་ན་དབྱིངས་ཡོད་ས་ལ་ཞིག་མ་གཏོགས་ཁ་གྲགས་རྒྱུར་དགའ་བོ་མེད་མཁན་ཞིག་ཡིན། ཁ་སྔོན་ཝང་ལི་ཞོན་དང་འབྲེལ་བའི་གླེང་སློང་དེ་བརྒྱུད་ལམ་ཚང་མར་ཁྱབ་འདུག སྐབས་དེ་དུས་གང་བཤད་དགོས་མ་ཤེས་པའམ། གང་བཤད་རྒྱུ་མ་རྙེད་པར་བསྡད་པ་ཡིན། ཉིན་འགའི་སྔོན་ནས་གཞིས་བཞུགས་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཀྱང་རིམ་བཞིན་རླུང་འཕྲིན་དང་དྲ་ལམ་བརྒྱུད་ནས་ཁ་གྲགས་ཡོང་གི་འདུག སོང་ཙང་དེ་རིང་འདིར་ཁ་ཞིག་གྲགས་ན་འདོད་བྱུང་།
༡༽སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་ཚོས་གང་བཤད་པ་ཚང་མར་འགན་ཞིག་འཁུར་ཡོད་རྒྱུ་རེད་སྙམ། དེ་མ་གཏོགས་ཧོལ་རྒྱུགས་གཅིག་བུའི་ཐོག་ནས་ངོ་རྒོལ་དང་སྐྱོན་བརྗོད་དེ་འདྲ་བྱེད་མདོག་ཁ་པོ་མ་རེད། བཟང་ན་ངན་ན་ཁོ་ཚོ་ཡང་ཤེས་ཡོན་པ་རྐྱང་རྐྱང་རེད། དཔང་རྟགས་སྟོན་རྒྱུ་མེད་ན་འགན་འཁུར་མེད་པ་དེ་འདྲ་ཨེ་ཡིན་སྙམ། སྐྱོན་བརྗོད་འདིའི་རིགས་ལ་དཔང་རྟགས་སྟོན་ཤོག་ཟེར་ན་བཤད་མཁན་གྱི་ངོས་ནས་ཀྱང་འགན་འཁུར་བླངས་ཡོད་མེད་དཔྱད་རྒྱུ་ཞིག་རེད།
༢༽ཝང་ལི་ཞོན་གྱི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་བཀླགས་མྱོང་ཡོད། རྩ་བའི་ཆ་ནས་དགའ་བསུ་དང་གོང་བཀུར་ཞུ་གི་ཡོད། རྩོམ་ཡིག་རེ་འགས་དོགས་གཞི་འགའ་རེ་ཡང་བསླངས་སོང་། དཔེར་ན། བོད་ནང་གྲོང་སྡེ་དང་དགོན་སྡེ་ཁག་ནས་བརྙན་འཕྲིན་བརྒྱུད་ལམ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལེའུ་ཚན་ལ་ལྟ་ཉན་བྱེད་བཞིན་པའི་སྐོར་གྱི་རྩོིམ་ཡིག་དེ་རེད། ཁོས་རྩོམ་ཡིག་ནང་བོད་ནང་གི་བོད་མི་ཚོའི་དེ་སྐོར་ལྟ་ཉན་གྱི་སྤྱང་གྲུང་དང་ལག་རྩལ་ནི་རྒྱ་ནག་གཞུང་གི་བདེ་འཇགས་ལས་ཁུངས་དང་གསང་མྱུལ་བ་ལས་བརྒལ་ཡོད་སྐོར་དང་འབྲེལ་ཞིབ་ཚགས་པོས་བྲིས་ཡོད། ཅུང་མ་འགོར་རྒྱ་གཞུང་གིས་དེ་སྐོར་དམ་དྲགས་བྱེད་པའི་ལས་འགུལ་ཞིག་སྤེལ་སོང་ལ། དཔེ་མཚོན་གསལ་ཤོས་ཟླ་གཅིག་གཉིས་ཙམ་གྱི་སྔོན་ཨ་མདོ་བླ་བྲང་དགོན་ནས་དེ་སྐོར་དམ་དྲགས་བྱས་པ་ལྟ་བུ་རེད། འདིའི་རིགས་ལ་ང་ཚོས་འགྲེལ་བཤད་གཞན་བཙལ་ན་རྙེད་ཁག་པོ་རེད་འདོད།
༣༽འོད་ཟེར་ལགས་ཀྱིས་མི་ལྔས་ངོ་རྒོལ་བྱས་པ་དེར་བློ་ཕམ་བྱུང་ཚུལ་དང་། དེ་ཡང་དམངས་གཙོ་ལ་ཁ་གཡར་བ་ལས་དམངས་གཙོའི་ཀུན་སྤྱོད་མིན་ཚུལ་གསུངས་འདུག དམངས་གཙོའི་སྤྱི་ཚོགས་ནང་ངོ་རྒོལ་དང་སྐྱོན་བརྗོད་གང་བྱས་ལ་གནས་ལུགས་རྒྱུ་མཚན་དགོས་ནའང་། གནས་ལུགས་རྒྱུ་མཚན་གང་ཡིན་ལ་དཔང་རྟགས་སྟོན་དགོས་པ་དེ་འདྲ་ཡིན་དགོས་པའི་ངེས་པ་མེད། དམངས་གཙོའི་སྤྱི་ཚོགས་གང་ནའང་ངོ་རྒོལ་དང་སྐྱོན་བརྗོད་རིགས་ལ་དཔང་རྟགས་རྐྱང་རྐྱང་གིས་མཐའ་འདེད་པ་ཞིག་ད་བར་མཐོང་ཐོས་མ་མྱོང་།
༤༽ངོ་རྒོལ་བྱས་རྗེས་བོད་མི་མང་སྤྱི་འཐུས་དང་། བཀའ་ཤག སྐུ་སྒེར་སོགས་ཀྱིས་མི་སྣ་ཆེད་གཏོང་དང་ཡིག་ངག་གཉིས་ཐོག་ནས་ཝང་ལི་ཞོན་ལ་སེམས་གསོ་གནང་ཡོད་པ་མ་ཟད། སྐུ་མདུན་ནས་ཀྱང་ཡང་བསྐྱར་གཟིམ་ཆུང་མཇལ་ཁ་གནང་ནས་སེམས་གསོ་གནང་ཡོད་པ་རེད། མི་དམངས་ཀྱི་འཐུས་ཚབ་དང་མི་དམངས་ཀྱི་སྲིད་གཞུང་། མི་དམངས་ཀྱི་དབུ་ཁྲིད་ཚང་མས་མཐོང་ཆེན་གང་གནང་བ་དེར་འོད་ཟེར་ལགས་ཀྱིས་ཟུར་ཙམ་ཡང་གླེང་མེད་པ་གང་ཡིན་ནམ།
༥༽སྐུ་ཞབས་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་འོད་ཟེར་ལགས་ཀྱི་རྩོམ་ཡིག་གི་བློས་བསླངས་ངོ་སྤྲོད་གནང་བའི་ཀུན་སློང་དང་ཞེ་འདོད་རྩོམ་ཡིག་འདི་ཀློག་མཁན་ཚོར་འགྲེལ་བརྗོད་ཅིག་གནང་ན་ག་འདྲ་འདུག
གསར་བརྗེ་སྐྱབས་ལགས་ཀྱིས་བསམ་ཚུལ་རིང་པོ་ཞིག་སྤེལ་བར་བཀའ་དྲིན་ཆེ།
བོད་རིགས་རྩོམ་འབྲི་བ་གཞན་དག་གིས་འདི་ལྟར་བསམ་ཚུལ་རེ་འཁྱེར་ཡོང་ནས་བགྲོ་གླེང་ལྷུག་པོ་ཞིག་གནང་ན་ཅིས་མི་ཆོག་གམ།
ངེད་རང་སྒེར་ངོས་ནས་གླེང་མོལ་གྱི་རིམ་པ་ཐུང་ངུ་འདི་འཇོག་དོན་ནི། ཚེ་རིང་འོད་ཟེར་ལགས་ཀྱིས་བསམ་ཚུལ་དེ་སྤེལ་དགོས་བའི་ཐོག་མའི་ཀུན་སློང་གི་འབྱུང་རྐྱེན་དེ་ྐློག་པ་པོ་ཚོས་མཁྱེན་ཐུབ་ན་བསམ་པ་དེ་ཡིན།
འབྱུང་རྐྱེན་དེ་ལ་ཡང་ཞིབ་འཇུག་ཅིག་བྱེད་རྒྱུ་མེད་པ་ག་ལ་ཡིན་བསམ། འོན་ཀྱང། ངེད་རང་སྒེར་གྱི་ལྟ་ཚུལ་ནི།
ལྦང་ལི་ཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་ཐ་གཅིག་ཏུ་ནོར་བ་རེད་ལབ་མཁན་གྱི་རིགས་དེ་ཡང་མ་རེད། འགྲིག་གི་འདུག་ལབ་མཁན་གྱི་རིགས་དེ་ཡང་མ་རེད།
ངེད་ཀྱི་བསམ་ཚུལ་ནི་གཞན་ཞིག་རེད། འོ་ན། ཁྱེད་ཀྱི་བསམ་ཚུལ་གཞན་དེ་ཅི་འདྲ་ཞིག་ཡིན་ནམ་ཞེས་བསྐྱར་དུ་དྲིས་ན། ངེད་ཀྱི་བསམ་ཚུལ་གཞན་དེ་མི་རིང་བར་དྲ་ཐོག་ལ་འཇོག་གི་ཡིན་ཞེས་ལན་འདེབས་ཀྱི་ཡིན། བསམ་ཚུལ་དེ་འབྲི་བར་དེབ་ཁ་ཤས་ཤིག་ྐློག་ཚར་དགོས་ཀྱི་འདུག དེར་བརྟེན། དེ་རིང་སང་ཉིན་དབྱིན་ཡིག་གི་དེབ་འགའ་ྐློག་བཞིན་ཡོད།
དེ་ཙམ་ཞུ།
ངས་འདིར་རྒྱ་རྒན་ཝང་ལི་ཞུང་གི་ལྟ་བའི་ནང་གི་ལྟ་བ་གཅིག་ལ་སྐྱོན་བརྗོད་བྱ་རྒྱུ་ཡིན། དེ་ནི་ཁོང་གི་ཤར་ནུབ་ཀྱི་དམངས་གཙོ་ལ་དམངས་གཙོའི་ལྟ་བ་དང་ལག་ལེན་གྱི་ཐོག་ནས་མ་འདྲ་བ་ཞིག་དགོས་ཚུལ་བཤད་པ་དེ་རེད། འདིའི་ཐད་ཁོང་གིས་བྲིས་པའི་བསམ་ཚུལ་མང་ཆེ་བ་ནི་ལྟ་བའི་(Theory)ནང་དུ་གནས་ཡོད། དམངས་གཙོའི་ལྟ་བ་དང་ལག་ལེན་ལ་ཤར་ནུབ་ཀྱི་དབྱེ་བ་འབྱེད་རྒྱུ་མེད།
བྱ་དངོས་མང་པོ་ཞིག་ལྟ་གྲུབ་ཀྱི་ནང་དུ་ཡིན་མདོག་ཁ་པོ་ཡོད་ནའང་ལག་ལེན་དུ་བསྟར་དུས་དོན་འཁྱོལ་མེད་པ་ཡོང་གི་ཡོད།
དཔེར་ན་ལྟ་གྲུབ་ཀྱི་ཐོག་ནས་གནམ་གྲུ་ཞིག་བཟོས་ཟིན་ཀྱང་འགྲུལ་བ་མ་བསྐྱེལ་གོང་དུ་ལག་ལེན་དུ་འཁེལ་མིན་ཚད་ལྟ་བྱེད་དགོས་ཀྱི་ཡོད། སྤྱི་ཚོགས་ཚན་རིག་ཀྱང་དེ་ཇི་བཞིན་ཡིན། གཞི་རྒྱ་ཆེ་བའི་ལས་གཞི་གང་ཞིག་བརྩམ་རྒྱུ་ཡིན་ནའང་ཞིབ་འཇུག་སྔོན་དུ་འགྲོ་དགོས་ཀྱི་ཡོད། འདི་ངས་དམིགས་སུ་བཀར་ནས་ཤོད་ཀྱི་ཡོད། གང་ཡིན་ཟེར་ན། བཙན་བྱོལ་སྲིད་གཞུང་གི་བྱེད་སྟངས་འདི་དད་པ་དང་ཡིད་ཆེས་དང་རེ་བ་ལ་བརྟེན་པ་ཤུགས་ཆེ་དྲག་འདུག་སྙམ། མ་ཟད་བོད་གཞུང་དང་བོད་མི་མང་པོས་མི་རིགས་གཞན་གྱི་”མཁས་པ་”ཚོའི་བསམ་ཚུལ་ལ་འདེང་འཇོག་གང་མེད་ཚད་འཇོག་གི་འདུག
བོད་མི་རིགས་དང་བོད་གཞུང་འདི་ཚན་རིག་པའི་ཚད་ལྟ་བྱེད་སའི་དུད་འགྲོ་(Guinea pig) མ་ཆགས་པའི་ངས་རེ་བ་ཡོད།
མགོ་སེར་ Robert Thurman གིས་ཀྱང་བོད་པ་འདི་དགོན་པ་ཞིག་ཏུ་མཐོང་། བོད་མི་རྣམས་གྲ་བཙུན་འདྲ་བོ་མཐོང་ནས་སྨྱོ་གཏམ་བཤད་དང་ཤོད་བཞིན་པ་རེད། མི་འདི་ཚོས་བཤད་པའི་ལྟ་གྲུབ་རྣམས་ཡིན་མདོག་ཁ་བ་ཡོད་པ་རེད། མི་འདི་ཚོའི་ཀུན་སློང་ལ་ངས་དོགས་འདྲི་མི་བྱ། ཡིན་ནའང་འདི་ཚོའི་ལྟ་བ་ཡིས་བོད་མི་རིགས་ལ་ཤུགས་ཆེན་ལེགས་ཉེས་ཇི་འབྱུང་ལ་ལྟ་དགོས།
བཙན་བྱོལ་གཞུང་གི་ལག་ལེན་བསྟར་བཞིན་པའི་ “མང་གཙོ་”འདི་ཡང་འཛམ་གླིང་འདིའི་རྒྱལ་ཁབ་སུ་གང་གིས་ལག་བསྟར་མ་མྱོང་པའི་ལམ་ལུགས་ཤིག་རེད། ངོ་མ་བྱས་ན་མང་གཙོ་འདི་ཚད་ལྟའི་ངོ་བོའི་ཐོག་ཏུ་བཞག་ནས་ལེགས་ཉེས་ལ་དཔྱད་པ་གཏོང་དགོས་ངེས་རེད།
རྒྱ་ནག་གི་དབང་འཛིན་པ་ཚོས་ད་ལྟ་རྒྱ་གཞུང་གི་སྲིད་ཇུས་ལག་ལེན་བསྟར་བཞིན་པ་ནི་”རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྲིད་འཛིན་ལམ་ལུགས་”ཅིག་ཡིན་པས་ནུབ་ཕྱོགས་པའི་དམངས་གཙོ་ནི་རྒྱ་ནག་ཏུ་ལག་ལེན་བསྟར་མི་དགོས་པ་འདོད་པའི་ལྟ་ཚུལ་དང་ཏོག་ཙམ་འདྲ་བོ་འདུག་སྙམ། རྒྱ་ནག་གིས་འཛིན་པའི་སྲིད་ཇུས་འདི་ད་བར་རྒྱལ་ཁབ་སུ་གང་གིས་ལག་ལེན་བསྟར་མ་མྱོང་བ་རེད།
རྒྱ་ནག་ཏུ་ཁྲོམ་རའི་དཔལ་འབྱོར་ཤུགས་ཆེན་པོ་དར་ཁྱབ་འགྲོ་གི་ཡོད་ཀྱང་། ཁྲིམས་ལུགས་ནི་དམར་ཤོག་གི་གཅིག་བསྡུས་འོག་ཏུ་ཡོད། གནས་སྟངས་འདི་འདྲའི་འོག་ལ་དཔོན་རིགས་དང་ཚོང་པའི་དབར་ལྐོགས་ཟ་རུལ་སུངས་ཀྱི་ཁྱབ་ཡོད་ཀྱང་མི་དམངས་ཀྱིས་ལུགས་དང་མཐུན་པའི་ཁྲིམས་བཏུགས་བྱེད་མི་ཐུབ་པ་རེད།
ལག་ལེན་དུ་འཁེལ་དཀའ་བའི་དམིགས་བསལ་ཅན་གྱི་ལྟ་བ་འདི་རིགས་ལ་ང་རང་དགའ་མོས་མེད།
བོད་ཀྱི་”མཁས་པ་”མང་པོ་ཞིག་ཀྱང་ལྟ་བ་ལ་མགོ་འཁོར་ནས་དུས་འདའ་བ་ནི་ཆོས་རའི་ནང་གི་རྡོ་ལེབ་དེ་དག་གིས་ཀྱང་དཔང་པོ་བྱེད་ཐུབ། འདི་དང་གོང་གི་ཕྱི་མི་དེ་ཚོས་བོད་འདི་ལག་ལེན་དུ་འཁེལ་མིན་གྱི་ཆ་མ་འཚལ་བའི་ལྟ་གྲུབ་ཀྱིས་འཆི་ལམ་དུ་བསྐྱལ་བཞག་ན་ཡག་པོ་མིན་འདུག
བརྗོད་གཞི་འདི་དང་ཐད་ཀར་འབྲེལ་བ་མིན་འདུག་ཀྱང་”མི་སྐྱིད་པའི་རྒྱ་ནག” Unhappy China ཞེས་པའི་དེབ་དེ་བཀླགས་ན་རྒྱ་ནག་གི་གཞན་སྐྱེས་ཚོའི་བསམ་བློ་ཟུར་གཅིག་མཐོང་ཐུབ། འདིའི་ནང་དུ་མི་འདི་ཚོས་བོད་འདི་དངོས་རྫས་ཤིག་ཏུ་བརྩིས་ནས་རྒྱལ་ཁབ་སུ་གང་ལ་བསྟུན་མི་དགོས་པ་རང་ལ་བདག་པའི་དངོས་རྫས་འདི་རང་གིས་ཅི་དགར་སྤྱོད་ཆོག་པ་བསམ་གྱི་འདུག ངེད་ཚོས་འདི་ལ་ཁ་གཏོད་ག་འདྲ་བྱས་ནས་བཅག་དགོས་ཀྱི་འདུག་ག ཁོང་ཚོར་འདོད་ཆུང་ཆོག་ཤེས་དང་ཡ་ང་སྙིང་རྗེ་ནི་མེད། ངེད་ཚོ་ལ་མེ་སྒྱོགས་ནི་མེད། མེ་སྒྱོགས་ཤིག་ཡོད་པའི་དབང་དུ་བཏང་ནའང་ངེད་ཚོའི་ལྭ་བ་དམར་པོ་གོན་མཁན་འདི་ཚོས་མེ་སྒྱོགས་ཀྱི་སྟེང་དུ་ཕུག་རོན་གྱི་བྱ་སྒྲོ་བཙུགས་ནས་མེ་ཤུགས་རྩ་བ་འཕུར་རྒྱུ་མེད་པ་བཟོ་ངེས་རེད།
སྤྱི་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མི་སུ་འདྲ་ཞིག་ཡིན་ནའང་འཛིན་བཟུང་དང་བཙོན་འཇུག ཕྱིར་འབུད་ཁོ་ན་བྱེད་ཀྱི་ཡོད་པ་དང་། མ་ཟད་ཉེ་ཆར་རྒྱ་ནག་སློབ་ཕྲུག་ཨ་རི་ནས་༧རྒྱལ་བ་རིན་པོ་ཆེ་མཇལ་བའི་ཉེས་མིང་འོག་རྒྱ་ནག་ནས་ཕྱིར་འབུད་བཏང་བའི་གསར་འགྱུར་མཐོང་སོང་། འདི་ཚོ་དང་བསྡུར་ན་ཝང་ལི་ཞིན་འདི་དམིགས་བསལ་ཞིག་ཆགས་ཡོད་གསལ་བོ་རེད། ཁོ་ཕྱི་རྒྱལ་ལ་འགྲོ་ཆོག་པ་དང་། ཕྱི་རྒྱལ་ལ་སོང་ནས་རྒྱ་ནག་གིས་ཁ་བྲལ་བར་བརྩི་བཞིན་པའི་མི་སུ་ལའང་ཐུག་ཆོག་དང་། ཕྱི་རྒྱག་ནག་ལ་ལོག་རྒྱུར་དཀའ་ངལ་མེད་པ་ཡ་མཚན་ཞིག་རེད། དཔེར་ན་ད་རེབས་ཝང་ལི་ཞིན་གོང་ས་མཆོག་དང་གཟིམ་ཆུང་མཇལ་ཁ་ཞུས། རྡ་རམ་ས་ལར་བརྟེན་གཞི་བྱས་པའི་བོད་ཀྱི་ཆབ་སྲིད་ཚོགས་པ་དང་། གཞུང་གི་དབུ་ཁྲིད་མང་པོ་ཐུག་འཕྲད་རྒྱས་པ་བྱས་རྗེས་ཕྱིར་རྒྱ་ནག་ཏུ་བདེ་བོ་བྱས་ནས་ལོག་ཆོག་པ་འདིའི་ཐོག་ནས། ང་ཚོར་འགྲེལ་བརྒྱག་མི་ཤེས་པའི་དྲི་བ་མང་པོ་ཞིག་རང་བཞིན་གྱིས་སེམས་ལ་བྲིས་ཡོང་གི་མི་འདུག་གམ། གང་ལྟར་རྒྱ་ནག་གི་རྩ་ཁྲིམས་ནང་ཝང་ལི་ཞིན་ལ་དམིགས་བསལ་གྱི་གུ་ཡངས་དང་ལྟ་སྟངས་ཤིག་ཡོད་པ་ཚོད་དཔག་བྱེད་ཐུབ་པ་མི་འདུག་གམ། ཡང་ན་རྒྱ་ནག་གིས་གཞན་ཚང་མ་གླགས་ཁེལ་ནས་ཝང་ལི་ཞིན་གཅིག་པོ་གླགས་མ་ཁེལ་བར་དམིགས་བསལ་བཏང་བ་རེད་དམ་་་་་་་་་་ འབྲི་མཚམས་འདི་ལ་སླེབས་པ་དང་བཤད་རྒྱུ་དྲན་རྒྱུ་མི་རྙེད་པར་ག་རེ་ཡིན་ནམ་འདོད་ནས་མགོ་འཐོམ་འགྲོ་གི་འདུག འོད་ཟེར་གྱིས་ཟིན་བྲིས་ནང་དྲི་བ་འདྲི་འདོད་ཡོད།
ང་རང་ལའང་དོགས་པ་དེ་འདྲ་ཤར་སོང་།
ཝང་ལེ་ཞུང་གི་ཨ་ཕ་ནི་སྔོན་མ་མོ་ཊ་བཟོ་གྲྭ་ཞིག་གི་ནང་དུ་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་འགོ་བྱེད་ཅིག་རེད། གལ་སྲིད་ཁོང་གི་ཨ་ཕ་དང་ཅང་ཙེ་མིན་གཉིས་འདྲིས་ཞེ་དྲག་ཡོད་ན་མ་གཏོགས་དེ་ཡིས་ཁོང་ལ་སྲུང་སྐྱོང་ཅང་བྱེད་མི་ཐུབ་སྙམ།
ཝང་ལེ་ཞུང་གི་ལྟ་བ་ནི་རྒྱ་ནག་དམར་གཞུང་འདི་རིམ་བཞིན་བསྒྱུར་བཅོས་ཀྱི་ལམ་ནས་མཐའ་དམངས་གཙོའི་རྒྱལ་ཁབ་༼ཁོང་རང་གི་རྣམ་རྟོག་ལས་འཁྲུངས་པའི་ལམ་ལུགས་གསར་པ་༽ཅིག་ཏུ་འགྱུར་རྒྱུ་དེ་ཡིན་པ་རེད། དམར་གཞུང་མགོ་གཏིང་སློག་རྒྱུའི་འཆར་གཞི་ནི་མི་འདི་ལ་མིན་འདུག
སྐབས་འདིར་ངས་གོང་དུ་བཤད་པ་བཞིན་ཁོང་ལ་ནུབ་ཕྱོགས་པའི་དམངས་གཙོའི་ལམ་ལུགས་དེ་ཤར་ཕྱོགས་རྒྱ་ནག་པའི་ཡུལ་ན་འོས་འཚམས་མེད་པ་བསམ་མཁན་ཞིག་རེད་ཟེར་བ་ཡིན། ཁོང་རང་ཉིད་ཀྱི་ལམ་ལུགས་གསར་པ་ཞིག་བཟོས་ཡོད་པ་དེ་རྒྱ་ནག་ཏུ་ལག་ལེན་བསྟར་རྒྱུའི་བསམ་ཚུལ་ཡོད་པ་རེད། དེ་འདྲ་སོང་ཙང་ཁོང་ལ་ནུབ་ཕྱོགས་པའི་རྒྱུག་ཁྱུ་དང་ཉུལ་མ་རེད་ཟེར་བ་སོགས་ཀྱི་སྐྱོན་འདོགས་རྒྱུ་ཁག་པོ་རེད་སྙམ།
ཁོང་གིས་བོད་རང་བཙན་གྱི་སྐོར་ལ་དེ་ཙམ་མི་བཤད་པ་ནི་ཁོང་རང་གིས་བྲིས་པའི་སྲིད་ལུགས་དེའི་ནང་དུ་ མི་རིགས་གཅིག་གིས་དབང་བསྒྱུར་འོག་ཏུ་འགྲོ་མི་དགོས་པ་གྲངས་ཉུང་མི་རིགས་སོ་སོ་ལ་རང་སྲིད་རང་སྐྱོང་ལྟ་བུའི་ཐོབ་ཐང་ཡོད་པ་དེ་རེད། དེ་ལྟ་བུའི་རང་སྲིད་རང་སྐྱོང་ཞིག་བཙུགས་ན་མི་རིགས་དབར་གྱི་དཀའ་རྙོག་རྣམས་རིམ་བཞིན་ཡལ་འགྲོ་བ་བསམ་གྱིན་ཡོད། འདི་དང་མ་རོན་གྱི་བསམ་ཚུལ་ཐ་དད་རེད།
ངེད་བོད་པ་ཚོས་ལྟ་ཚུལ་འདི་དག་གི་རྗེས་སུ་བསྙེག་དགོས་དོན་མེད། འདི་དག་ཤེས་ནས་རང་གི་གནས་སྟངས་ལ་གཞིགས་ཏེ་བསམ་ཚུལ་དང་ལས་འགུལ་ང་རང་ཚོས་སྤེལ་དགོས་ཀྱི་རེད།
རྒྱ་བོང་ལི་ཞོན་གཅིག་པོ་མ་རེད། ཨ་ཅག་འོད་ཟེར་ལགས་ཀྱང་ཕྱི་རྒྱལ་དུ་འགྲོ་བསྐྱོད་བཀག་སྡོམ་བྱས་པ་དང་ཁོང་གི་དཔེ་དེབ་རྒྱ་ནག་ཏུ་དཔར་མི་ཆོག་པ་ཙམ་ཞིག་ལས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་ནས་ཁོང་གིས་རྩོམ་ཡིག་ག་ཚོད་ཅིག་སྒྲོག་འདོན་བྱས་ཀྱང་རྒྱ་གཞུང་གིས་མ་རིག་མ་ཐོས་ཁུལ་བྱས་ནས་སྡོད་པ་འདི་ཡ་མཚན་ཞིག་མ་རེད་དམ། རྒྱ་གཞུང་ལ་མཚོན་ན་འདི་ཚོ་དོན་གྲུབ་དབང་འབུམ་ལ་བཙུགས་པའི་ཉེས་པ་ལས་ལྡབས་ཀྱིས་མི་མཐོ་ན་ཡང་མི་དམའ་བ་ཞིག་རེད། ཡིན་ན་ཡང་བང་བཟའ་ཟླ་གཉིས་ཀྱིས་རྒྱལ་ས་པེ་ཅིན་རང་དུ་བསྡད་དེ་རྒྱལ་ས་པེ་ཅིན་གཞུང་ལ་ག་ཚོད་ཅིག་ཁ་རྡུང་བཏང་ན་རྒྱ་གཞུང་གིས་མ་རིག་མ་ཐོས་ཁུལ་བྱས་ནས་སྡོད་པ་འདི་ག་རེ་རེད། གཅིག་བྱས་ནས་པེ་ཅིན་དུ་རྒྱ་ནག་མི་དམངས་ལ་སྨྲ་དབང་ཐོལ་བ་ཞིག་ཡོད་པ་མིན་འགྲོ། མི་ཁ་ཤས་ཀྱིས་ཟེར་ན་རྒྱ་ནག་ནང་ལོགས་ས་ཁུལ་དུ་སྲིད་འཛིན་ཧུའུ་དང་དེའི་སྲིད་གཞུང་ལ་ཁ་རྡུང་ཅི་ཙམ་ཞིག་བཏང་ན་ཡང་མི་ཚང་མས་ཉན་ནས་སྡོད་པ་ལས་ལམ་སེང་ཉེན་རྟོག་པ་སྐད་བཏང་ནས་འཇུ་བཟུང་བྱེད་ཀི་མི་འདུག་ཟེར། ལྷ་སའི་བོད་པ་ཞིག་ཡིན་ན་དེ་ལྟར་བྱས་ཚེ་མི་ཚེ་བཙོན་ཁང་དུ་སྐྱེལ་དགོས་ཀྱི་རེད། འདང་ཅི་ཙམ་བརྒྱབ་ན་ཡང་བང་གི་ཕ་རྒན་དང་ཅང་ཚེ་མེད་གཉིས་ཀྱི་འབྲེལ་བ་ཡག་པོ་དེ་ཙམ་ཞིག་ལས་བང་བཟའ་ཟླ་གཉིས་ཀྱི་གསང་བའི་རང་དབང་ཆེན་པོ་འདི་ལ་འགྲེལ་བཤད་ཅིག་རྒྱག་མི་ཐུབ་ཀི
༄༅།། རྩོམ་པ་པོ་འོད་ཟེར་ལགས༌།
ཁྱེད་རང་རིགས་ལ་ཞེན་པ་མདངས་བའི་རྩོམ་པོ་ཞིག༌།
ཁྱེད་རང་ཉིད་ཀྱི་གང་དྲན་སྦས་གསང་མེད་པར་སྨྱུ་ཁ་ནས་ཤར་མར་བཞུད་ཐུབ་མཁན་ཞིག༌།
ད་དུང་ཁྱེད་ལ་མང་པོ་མང་པོ་ཞིག་གདའ་འོ༌།།
ངས་བསྟོད་བསྔགས་ཀྱི་མེ་ཏོག་ཁྱེད་ལ་་འཐོར་མོད༌།།
ངས་དད་པའི་མགོ་བོ་ཁྱེད་ལ་འདུ།།
གྲོགས་་པོ་ཚོ། ཐེངས་འདི་ཀླུ་སྨྱོན་གྱིས་བཤད་པར་རྒྱུ་མཚན་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་རང་གི་མཁས་ཆེན་དང་མི་བུ་ངར་བ་ཚོ་མིག་གིས་མ་མཐོང་ཁུལ་གྱིས་རྒྱ་རྒན་ཝང་ལོ་ཞོན་ལ་ནོར་བུ་རིན་པོ་ཆེ་ལྟ་བུར་ངོས་བཟུང་མྱོང་ལ་ཁོང་གི་ལྟ་བ་དང་རྒྱ་ནག་ཅེན་པོའི་ལྟ་བ་དེ་བོད་མི་ཚོའི་རྣ་ལམ་ཡང་ཡང་དུ་བསྒྲགས་པ་ཚང་མས་སེས་གསལ་རེད།
རྒྱ་རྒན་ཝང་དང་ད་དུང་འོད་ཟེར་སོགས་རྩོམ་པ་པོ་སྦྱང་པོའི་རིགས་རེད་ལ་རྒྱ་ནག་ནུབ་རྒྱུད་ས་ཁུལ་དུ་ལུས་པའི་གནད་དོན་ཁ་ཤས་ནི་ཁོ་ཚོའི་འཚོ་བའི་ཡོང་སྒོ་དང་སྙན་གྲགས་ཀྱི་རྟེན་ས་ཡིན། རྒྱ་རྒན་ཝང་ས་མཚམས་མེད་པར་འགྲུལ་བསྐྱོད་བྱས་ཐུབ་ཀྱིན་ཡོད་ཀྱང་ངེས་པར་དུ་རྒྱ་ནག་ནས་འདུག་དོན་ནི། གལ་ཏེ་རྒྱ་ནག་གི་ལྕགས་རི་ལས་བརྒལ་ན་ཁོ་ཚོའི་རྩོམ་གྱི་བརྗོད་གཞི་དང་དེའི་རིན་ཐང་ཀློག་འགྲོ་བ་རེད། འོད་ཟེར་ཡང་དེ་དང་མཚཽན་པར་རྒྱ་ནག་གི་ལྕགས་རི་ལས་བརྒལ་ཐུབ་ཀྱང་རང་དབང་ལུང་བར་ཡོང་མི་སྲིད་པ་རེད། དེ་ནི་རྒྱ་ནག་གི་ལྕགས་རི་ལས་བརྒལ་ན་ཁོ་ཚོའི་རྩོམ་ཡིག་གི་རིན་ཐང་བརླག་འགྲོ་བ་རེད། འདི་ཙམ་ཚང་མས་སེས་ཀྱིན་རེད། དེ་མ་གཏོགས་ཁོང་ཚོའི་རྩོམ་ལྟ་བུ་བོད་ཀྱི་རང་དབང་ལུང་བའི་བོད་མི་ཚོས་མང་པོ་འབྲི་བཞྀན་ཡོད་ཀྱང་རང་དབང་ལུང་བ་ནས་བཤད་ན་དོན་སྙིང་དང་རིན་ཐང་། ཁྱབ་རྒྱ་དང་སྙན་གྲགས་སོགས་བརླག་འགྲོ་དུས་ཁོ་ཚོ་རྩོམ་པ་པོ་སྤྱང་པོ་རིགས་རེད།