རྔ་བ་རྒྱལ་ཁམས་པ།
—————
སྤྱི་ལོ་སྔོན༣༠༠
སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་བྱོན་པའི་དགུ་རིག་གི་མཚན་ཉིད་པ། སྟོན་པ་ཟེ་ནོ་མཆོག་གིས་བདག་ཉིད་ཆེན་པོ་ས་ཁུར་ཁྲེ་སའི་བཞེད་དགོངས་ལྟར་གྱི༼མི་ཚེ་བཟང་བོ་ཞིག་ཇི་ལྟར་བྱས་ནས་དབུ་འཛུགས་དགོས་མིན༽གྱི་ལྟ་ཚུལ་ལ་གཞི་བཅོལ་ཐོག རང་ཉིད་ཀྱི་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཟུར་བརྒྱན་ནས། འཕྲལ་སེལ་གྱི་རྒྱུན་ཤེས་ནས་མི་ཚེའི་མཐར་ཐུག་བར། བཟང་ངན་ལེགས་ཉེས་ཀྱི་བླང་དོར་སྟོན་པའི་བསླབ་བྱ་མང་བོ་ཞིག་གནང་འདུག་པ་མ་ཟད། ཨ་ཐིན་སིའི་གྲོང་ཁྱེར་གྱི་ནང་། མཚན་ཉིད་རིག་པའི་སློབ་གཉེར་ཁང་ཞིག་ཀྱང་ཕྱག་བཏབ་མཛད་པར། ཞལ་སློབ་ཧ་ཅིང་གི་མང་བོ་ཞིག་བྱུང་འདུག་ཅིང་། ཁོང་གིས་སློབ་མ་དག་ལ་སྐྱེ་འགྲོ་རྣམས་ལ་སྐྱིད་སྡུག་ལེགས་ཉེས་གང་བྱུང་། ལས་དབང་ངམ། རང་བཞིན་གྱིས་གཏན་ལ་ཕན་ཟིན་པ་ཞིག་ཡིན་པས། དེ་ལ་འཐབ་རྩོད་མི་བྱེད་པར་ངོས་ལེན་བྱེད་པ་ལས། འདོད་པ་གང་ཞིག་རང་ལག་ཏུ་མ་ཐོབ་ན། དེས་རང་ཉིད་ལ་སེམས་ངལ་དང་མ་སྐྱིད་པར་བཟོ་བ་ལས། ཕན་ཐོགས་གཞན་ཅིའང་མེད་པར་བསྟན་པས། གྲུབ་མཐའ་དེ་འཛིན་མཁན་རྣམས་ལ༼བདེ་སྡུག་ཁྱད་མེད་དུ་སྒོམ་པའི་རང་ལུགས་པ༽ཞེས་གྲགས་ལ། བདེ་སྡུག་ཁྱད་མེད་དུ་སྒོམ་པའི་རང་ལུགས་པ་དག་གིས་ལས་དབང་ངམ། རང་བཞིན་གྱིས་བྱུང་བའི་སྐྱིད་སྡུག་གི་ཆོས་ལ་འཐབ་རྩོད་མི་བྱེད་པར་ངོས་ལེན་བྱེད་པའི་ཐབས་ཤེས་ལ་བརྟེན་ནས། འདོད་ཆུང་ཆོག་ཤེས་ཀྱིས་དྲངས་པའི་བདེ་བ་ཞིག་ཉམས་སུ་མྱོང་ཐུབ་ཀྱི་ཡོད་སྟབས། ༼བླ་ན་མེད་པའི་བཟང་བོ་ནི། དགའ་བདེའི་ཚོར་བ་ཡིན༽། ཞེས་པའི་རྗོད་ཚིག་ཅན་གྱི་བྱང་བུ་ཞིག་སློབ་གཉེར་ཁང་དེའི་སྒོ་ཐོད་ན་བཀལ་ཡོད་པར་བཤད། དེ་ནི་དཔོན་སློབ་དེ་དག་གི་འཇིག་རྟེན་ལྟ་སྟངས་སྡོམ་ཚིག་ཏུ་བཀོད་པ་ཞིག་ཡིན་ཞེས་ཀྱང་གྲགས། སྟོན་པ་ཟེ་ནོལྟར་ན། མི་ཚེའི་དོན་སྙིང་ཡང་ཡ་རབས་བཟང་བོའི་ཀུན་སྤྱོད་ལྟ་བུ་དགྲ་ལ་དགྲ་ལན་མི་བྱེད་པར། ཞི་འཇམ་གྱི་ཐབས་མཁས་ལ་བརྟེན་ནས་འཁོན་སེམས་དེ་བཟང་བོ་ཞིག་གི་ལམ་དུ་འགྲོ་ཐབས་བྱེད་དགོས་པ་དང་། ཀུན་སྤྱོད་བཟང་བོའི་རིགས་ཡར་རྒྱས་སུ་བཏང་སྟེ། ཉོན་མོངས་ཀྱི་མགོ་མོ་ཉམས་དམོད་པར་བྱེད་པ་དང་། བདེ་སྡུག་གི་ངོ་བོ་གསལ་བོར་ངོས་ཟིན་པའི་ཐོག་ནས་གཞན་ལ་རོགས་རམ་བྱེད་པ་ནི། དོན་དམ་པའི་བདེ་སྐྱིད་ཀྱི་ལམ་ཡིན་པར་འདོད་ཅིང་། ཡང་ཁོང་ལྟར་ན། འགྲོ་བ་མིའི་རིགས་ཀྱི་རྣམ་འགྱུར་ནི། དེ་དག་གི་རང་གཤིས་ངོ་མ་དེ་གང་ཡིན་མཚོན་བྱེད་ཀྱི་བརྡ་ཡག་ཤོས་ཤིག་ཡིན་པ་དང་། རང་བྱུང་ཁམས་ཀྱིས་ང་ཚོ་ལ་ཨ་མཆོག་གཉིས་དང་། ཁ་གཅིག་མ་གཏོགས་སྦྱིན་མེད་སྟབས། སྐད་ཆ་མང་བོ་ཞིག་བཤད་པ་ལས། གནས་ཚུལ་ལ་ཉན་ན་ཕན་ཆ་ཆེ་བ་ཡོད་པར་གསུངས་ཤིང་། རང་ཉིད་ཀྱི་རྗེས་འཇུག་དག་ལ། ཉིན་རེ་བཞིན་ཡང་རང་ཉིད་ཀྱི་ཀུན་སྤྱོད་ལ་བརྟག་ཞིབ་གཟབ་ནན་ཤིག་བྱེད་ཐུབ་པ་ཡིན་ན། མ་འོངས་པར་ནོར་འཁྲུལ་ངོས་ཟིན་སླ་ཞིང་། ནོར་འཁྲུལ་འགངས་ནས་མི་འབྱུང་བར་ཕན་ཐོགས་ཆེན་པོ་ཞིག་ཡོད་པར་ནན་ཏན་གནང་སྟེ་གསུངས་ཡོད། སྟོན་པ་ཟེ་ནོ་མཆོག་གི་རྗེས་འཇུག་པ་དག་ནི། དུས་བཞིའི་འགྱུར་བ་དང་། ཉི་ཟླའི་འཆར་ནུབ་སོགས་ཕྱི་དོན་འཇིག་རྟེན་གྱི་ཆོས་སོ་ཅོག གང་ཞིག་གིས་སྔོན་ཐག་བཅད་ནས་བྱུང་བ་ཞིག་ཡིན་པའི་རྒྱུ་མཚན་ལ་ཡིད་ཆེས་བྱེད་མཁན་གྱི་མཚན་ཉིད་པ་ཐོག་མ་དེ་ཡིན་པར་མ་ཟད། ༼འགྲོ་བ་མིའི་བྱ་སྤྱོད་ཚང་མ་དབང་མེད་དུ་བྱུང་བར་འདོད་མཁན༽ཐོག་མ་དེའང་ཡིན། ཁོང་ཚོ་ལྟར་ན། འགྲོ་བ་མཐའ་དག་གིས་རང་རང་གི་ལས་དབང་གང་ཡིན་ངོས་ལེན་བྱེད་པ་ལས། དེ་ལ་འཐབ་རྩོད་བྱས་ཏེ་བཅོས་བསྒྱུར་གཏོང་རྒྱུ་ཞིག་དུས་ནམ་ཡང་མེད་པར་ཡིད་དམ་དུ་བྱས་ན། ད་གཟོད་ཕན་བདེའི་ཚོར་བ་ངོ་མ་དེ་ཉམས་སུ་མྱོང་ཐུབ་པར་འདོད་དོ།།
འགྱུར་ཡིག་འདི་དག་ཡག་པོ་འདུག བསམ་ཚུལ་ཞིག་ཞུའོ།
འགྱུར་ཡིག་འདི་དག་གི་ལྟ་གྲུབ་ཀྱི་མིང་ཚིག་དེ་དག་དང་མཉམ་དུ་མ་ཚིག་དབྱིན་ཡིག་ཤན་སྦྱར་བྱས་ན་བསམ་བློ་གཏང་རྒྱུ་ལ་ཁྱད་པ་འདུག
༸སྐུ་ཞབས་རྔ་པ་རྒྱལ་ཁམས་པ་ལགས༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
སྐུ་གཟུགས་བདེ་ཐང་དང། ཐུགས་དགོངས་དྭངས་གསལ་ངང་ཡོད་ལགས་སམ།
ཁྱེད་ཀྱིས་ཁ་བརྡ་དྭ་རྒྱའི་ནང་བཀོད་པའི་སྒྱུར་རྩོམ་དེ་དག་ནི་བོད་མི་རིགས་ལ་གལ་འགངས་ཆེ་བའི་གནད་དོན་ཞིག་རེད། ངས་གོ་ཐོས་སུ་ཁྱེད་ལ་སྒྱུར་རྩོམ་གང་མང་ཞིག་ཡོད་ཚུལ་འདུག་པས་དེ་དག་ཕྱོགས་བསྒྲིགས་ཀྱིས་དེབ་ལེགས་པོ་ཞིག་འདོན་ཐུབ་ན་བོད་ཕྱི་ནང་གཉིས་ཀར་དགེ་མཚན་ཆེན་པོ་ཡོད། ད་དུང་ཁྱེད་ལ་ནུབ་ཕྱོགས་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་གསལ་བའི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཀྱང་ཡོད་པ་རེད་ཅེས་གོ་ཐོས་བྱུང་། དེ་ཚོ་བདེན་པ་ཡིན་ན། བཞུགས་སྒར་རྡ་རམ་སའི་བོད་ཀྱི་དཔེ་མཛོད་ཁང་ངམ། ཡང་ན་ཚོགས་སྡེ་གཞན་གང་རུང་ལ་འབྲེལ་བ་བྱས་ནས་དཔར་འགྲེམས་ཞུ་རྒྱུ་གལ་ཆེ་བར་མཐོང་། ཐུགས་རྗེ་ཆེ།
རེད་རེད།
ཉི་ཟླའི་འཆར་ནུབ་སོགས་ཕྱི་དོན་འཇིག་རྟེན་གྱི་ཆོས་སོ་ཅོག་ཟེར་བ་ཞིག་ཀྱང་འདུག
གྲོགས་པོ་རྔ་བ་རྒྱལ་ཁམས་པ་ལགས། ཁྱེད་ཀྱིས་རང་རེ་བོད་ཀྱི་སྐད་ཡིག་ནང་གྲགས་ཅན་མི་སྣ་དེ་དག་གི་ལོ་རྒྱུས་སྙིང་བསྡུས་ཕབ་བསྒྱུར་ཀྱིས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དེ་དང་མཉམ་དུ་ཡ་མཚན་སྒྱུ་རྩལ་གྱིས་སྤུད་པའི་རྡོ་བརྐོས་འདྲ་གཟུགས་ཀྱི་པར་རིས་འགའ་ཡང་བཀོད་འདུག་པར་འདྲ་བརྐོས་དེ་དག་ད་ལྟ་རྒྱལ་ཁབ་དང་ས་གནས་དཔེ་མཛོད་དམ་ཡང་ན་འགྲེམས་སྟོན་ཁང་སོགས་གང་དུ་ཡོད་པར་ངོ་སྤྲོད་གསལ་བཤད་ཅིག་གནང་སྐྱོང་ཡོང་བ་ཞུ་ཞུ། གང་ལ་ཞེ་ན་ང་ཚོས་ཟིན་ཐོ་འགོད་རྒྱུར་ཕན་ཐོགས་ཆེན་པོ་འདུག དེ་ཙམ་ཡིན།