གངས་རིའི་ཉི་མ།
སྔོན་གླེང་།
མཐོང་ན་ཤ་འདར་ཞིང་ཐོས་ན་བློ་ཡིད་མི་བདེ་བའི་དོན་དག་མང་པོ་ཞིག་འུ་ཚོའི་མི་ཐོག་འདིར་དངོས་སུ་མྱོང་སོང་། མིག་མདུན་དུ་འདི་འདྲའི་འགྱུར་ལྡོག་ཆེ་བའི་དེ་རིང་དང་ཁ་སང་། འུ་ཅག་ཁུ་སིམ་མེར་ལྷོད་ཀྱིས་སྡོད་ཁོམ་ཞིག་ཁྱོན་ནས་མ་ཡོད། གྲང་རླུང་གི་ཟིལ་ཤུགས་ཧ་ཅང་བཙན་པའི་རླུང་འཚུབ་ཁྲོད། མི་རབས་གསར་བའི་ན་གཞོན་ཁྱུ་ཞིག་གིས་མེ་ལྕེའི་ཁྲོད་ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར་བྱེད་ཀྱིན་པའི་སྒང་། རང་དབང་གི་བཀོལ་སྤྱོད་ཕུན་སུམ་ཚོགས་པའི་ས་ཆ་ན་ང་ཚོ་ཇི་ལྟར་བསྡད་ཡོད། ང་ཚོ་ཚང་མ་ལས་དབང་གཅིག་ལས་མཆེད་པའི་ཁྱིམ་ཚང་གཅིག་ཡིན་པ་མ་ཡིན་ནམ། ཡིན་ནའང་། དམར་པོའི་མཚོན་ཁ་ནས་བཞུད་ཅིང་ཁ་བའི་བདེན་དོན་སྦྲུམ་པའི་རྣམ་ཤེས་མང་པོས་ངེད་ཅག་ལ་དུས་རབས་ཀྱི་ཅོང་བརྡ་དཀྲོག་གིན་ཕྱིན། དགག་གཞག་དང་འཚོལ་དཔྱོད་ཀྱི་སྙིང་སྟོབས་དེ་དག་གིས་འུ་ཅག་གི་ཁེ་དབང་རྩོད་ཀྱིན་འདས། འདི་འདྲའི་ནང་མི་སྤུན་ཟླ་གཅིག་རེ་གཉིས་རེ་གྱེས་སོང་བའི་འདས་མ་ད་གསུམ་གྱི་བོད་པ་ཚང་གནས་བབ་གང་འདྲ་ཞིག་གི་འོག་ལྷག་འདུག་གམ།
འཛམ་གླིང་གི་རྒྱབ་ཏུ་ལྷག་པའི་ཡ་ང་བའི་བོད།
ཚེ་སྲོག་གཅིག ཚེ་སྲོག་གཉིས། ཚེ་སྲོག་གསུམ། ཚེ་སྲོག་མང་པོ་མཐུད་དེ་འདི་ལྟར་རང་དབང་དང་ཐོབ་ཐང་། འདྲ་མཉམ་དང་བདེན་པའི་སླད་དུ་མེ་ལ་སྒྲོན་སོང་། འཛམ་གླིང་མི་མང་ལགས། ཁྱོད་ལ་དོན་ངོ་མ་སྙིང་རྗེ་བསམ་པའི་བྱམས་བརྩེ་ཞིག་ཨེ་ཡོད། ཡང་ན་ཁྱོད་ཀྱིས་གནས་ལུགས་ཞེས་པའི་ཡིག་འབྲུ་གཉིས་ཨེ་རྟོགས། ལོ་ཟླ་འདི་དག་གི་སྔ་གཞུག་ཏུ་འབར་འབར་ལ་བསྡད་པའི་ང་ཚོ་བོད་མི་ཚོར་མཚོན་ན། འཛམ་གླིང་གི་བདེན་པའི་སྤྱན་རིས་ངེད་ཚོའི་ཕ་ཡུལ་དུ་གཟིགས་པའི་རེ་བ་ཞུ། མི་ལོ་ལྔ་བཅུ་ང་གསུམ་གྱི་རིང་། ང་ཚོ་བྱང་ཕྱོགས་ཁ་བ་ཅན་སྐྲག་དངངས་འཇིགས་གསུམ་གྱིས་སེམས་པ་མནན་པར་བསྡད་ཅིང་། སྡུག་གི་མཆི་མ་ཁོག་ཏུ་མིད་མིད་པར་གོམས་པས། ད་ནི་ང་ཚོའི་མི་རིགས་འདི་ཤི་གསོན་གྱི་མཇུག་འབྲས་གང་འདྲ་ཞིག་འཕྲད་ནའང་། འགྲོོ་བ་མིའི་ལུས་ལ་རང་བཞིན་དབང་འོས་པའི་ཐོབ་ཐང་མང་པོའི་སླད། འཐབ་རྩོད་དང་རྩོད་ལེན་གྱི་སྙིང་སྟོབས་ཅིས་ཀྱང་ཡོད་དགོས་རུང་ཁ་སང་དང་དེ་རིང་བཞིན་སང་ཉིན་གྱི་བུ་རབས་ཚ་རྒྱུད་ཚོར། བོའུ་མཆུ་དང་གོ་མཚོན་འོག་ན་རྒྱ་ནག་པོའི་གཡོ་འོག་ཏུ་མགོ་བོ་སྒུར་ཏེ་གཉའ་གནོན་དང་བཤུ་གཞོགབརྙས་བཅོས་གཟེད་གཟེད་པར་བསྡད་ན། དོན་ངོ་མ་ང་ཚོའི་མི་རིགས་འདིར་རང་དབང་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བའི་བསྐལ་བ་མེད་སོང་བ་ཡིན་ནམ། མིན། འཐབ་རྩོད་མང་པོ་ཞིག་བརྒྱུད་དེ་ན་ནིང་དང་དོ་ཚིགས་འབར་འབར་པར་སོང་བའི་ཚེ་སྲོག་གི་མེ་ལྕེ་དེ་དག་གིས། བོད་མི་མང་ལ་རང་དབང་དང་བདེ་སྐྱིད་ལྡན་པའི་གཞིས་ཁྱིམ་ཞིག་བསམ་པའི་འདུ་ཤེས་ཧ་ཅང་རྣོ་དྲགས་པས། འཛམ་གླིང་ལོ་རྒྱུས་སྟེང་། དེ་རིང་ཚེ་སྲོག་སྒང་ཚེ་སྲོག་འབར་གྱིན་པ་ནི་ཐུ་བྷོད་ཚང་ཡིན། རྒྱུ་འབྲས་དང་བློ་མིག་མེད་པའི་སྲིད་གཞུང་གི་བསླུ་བྲིད་འོག་ང་ཚོ་དུས་ནམ་ཡང་རང་ཉིད་ཀྱི་མགོ་བོ་གྱེན་གྱེན་དུ་བཀྱགས་ཏེ། སྲོང་བཙན་སྒམ་པོའི་མངའ་དབང་དང་གླིང་གི་ཕ་ཤུལ་འཚོལ་གྱིན་ཡོད།
རྒྱ་ནག་གི་སྲིད་ཇུས་དང་བོད་མིའི་འཐབ་རྩོད།
རྒྱལ་སྤྱིའི་གསར་ལམ་ཁག་དབང་དུ་བསྡུས་ཤིང་མཐའ་ན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གླེང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཚུན་ཆད་ཀྱིས་གླེང་གིན་པ་ནི་བོད་ཀྱི་གནད་དོན་དེ་རེད་ལ། མེ་ལྕེའི་ཚུལ་དུ་འབར་བའི་འཐབ་རྒོལ་འདིར་རྒྱུ་རྐྱེན་གསུམ་ལ་ཐུག་ཡོད་པར་འདོད།
དང་པོ།༽ སྤྱི་ལོ་༡༩༤༩ལོར་རྒྱ་དམར་གུང་ཁྲན་ཏང་བོད་ཡུལ་དུ་འཛུལ་བ་ནས་བཟུང་། གཞི་ནས་ང་ཚོ་བོད་ས་ཡོངས་ལ་ས་ཁོངས་དང་མི་རིགས། རྒྱལ་ཁབ་སོགས་ཀྱི་འདུ་ཤེས་སྔར་ལས་ལྷག་ཏུ་སོང་བས། སྤྱི་ལོ་༡༩༥༠ལོར་ཆབ་མདོའི་དམག་འཁྲུག་དང་༡༩༥༨ལོའི་མདོ་ཁམས་ནས་འཐབ་རྒོལ། ལོ་གཅིག་རྗེས་ཀྱི་༡༩༥༩ལོའི་ཟླ་༣པའི་ཚེས་༡༠ཉིན་གྱི་ལྷ་སའི་སྒེར་ལངས་སོགས་བསྟུད་མར་བྱུང་བའི་ངོ་རྒོལ་དེ་དག་ལ་བསམ་ན། མི་ལོ་བཅུའི་དཀའ་སྡུག་རིང་མོ་དེའི་ཁྲོད་བོད་མི་ཚོར་“འཐབ་རྩོད་”ཅེས་པའི་འགན་འཁྲི་ལྗིད་མོ་ཞིག་རང་བཞིན་གྱིས་གཡོགས་སོང་བ་རེད།
གཉིས་པ།༽ སྤྱི་ལོའི་༡༩༦༧ནས་༡༩༧༦དབར་གྱི་མུ་གེའི་ལོ་ནག་བཅུར་༼རིག་གནས་གསར་བརྗེར་༽འདང་རེ་བརྒྱབས་ན། ང་ཚོར་འཐབ་རྩོད་ཀྱི་འདུ་ཤེས་རྣོན་པོ་ཞིག་ཡོད་པའི་སྒང་། འཐབ་རྩོད་དེར་མི་སོ་སོའི་རང་སྟེང་ནས་སྒུལ་བའི་ཤུགས་ཤིག་ཡོད་དགོས་བསམ། ༼ནགས་ཚང་ཞི་ལུའི་སྐྱིད་སྡུག༽དང་། ༼རླུང་དམར་འུར་འུར།༽ ༼ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ།༽སོགས་ཀྱིས། འཇར་པན་པ་རྣམས་ཀྱིས་སྤྱི་ལོ་༡༩༤༥ལོའི་ཟླ་བ་༨་པའི་ཚེས་༩པའི་ཉིན་གྱི་ན་ག་ས་ཀིར་(Nagasaki)གྱི་ཆགས་འཇིག་རྗེས་སུ་དྲན་པ་ལྟར། ང་ཚོ་བོད་མི་རྣམས་ལའང་དྲན་གསོ་ཞིག་དང་ལྷན་དུ་འཐབ་རྩོད་ཀྱི་འདུ་ཤེས་སྔར་ལས་ཆེ་བ་ཞིག་ཅི་ལ་མེད་སོང་ངམ།
གསུམ་པ།༽ སྟོང་ལོ་བརྒྱད་ཀྱི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས། ང་ཚོ་བོད་མི་ཞི་རྒོལ་བ་ཚོའི་ལག་ཏུ་གྲི་མ་དགོས་མཚོན་ཆ་ཆུང་ཆུང་ཞིག་ཀྱང་ཐོགས་མེད་ནའང་། རྒྱ་གཞུང་གི་གསར་ལམ་ཁག་ཏུ་སྐུར་འདེབས་དང་སྒྲོ་བཏགས་སྟེ། བོད་པ་ཚོས་“རྡུང་གཅོག་འཕྲོག་སྲེག”བྱེད་ཀྱི་འདུག་ཟེར། དོན་ངོ་མ་རྡུང་གཅོག་འཕྲོག་སྲེག་ལས་ཚད་བརྒལ་ཏེ་བོད་མི་དག་གི་ཞི་རྒོལ་ནང་རང་འདོད་གང་འདོད་ཀྱིས་མེ་མདའ་དང་འགད་རྫས་བེད་དུ་སྤྱད་དེ། “བཙན་གསོད་ཁྲག་སྦྱོར་”གྱི་ལས་ཀ་བྱེད་མཁན་དེ་རྒྱ་དམག་ཡིན། ཁོང་ཚོས་ནམ་རྒྱུན་སྤྱི་ཚོགས་བདེ་འཇགས་ཀྱི་འགན་ཁུར་ཡོད་ཅེས་ཚིག་སྙན་མོ་ཁ་བླངས་བླངས་པར་ཡོད་མོད། བསད་སོང་བའི་གྱོང་གུད་དང་སྡུག་བསྔལ་དེ་དག་སུ་ཡི་མགོ་ལ་ལྷུང་ཏེ། སུ་ཡི་སེམས་སྟེང་ན་བརྗེད་མི་ཐུབ་པའི་ན་ཟུག་དེ་དག་ལྷག་ཡོད་རེད། ང་ཚོས་དུས་དང་རྣམ་པ། ངོ་བོ་སོགས་གང་ཅིས་ཐད་ནས་སྙན་ཞུ་ཞིག་གི་ཚུལ་ལས་ཀྱང་གྲ་རྒྱས་པོའི་ཞུ་འབོད་བྱས་ཡོད་ནའང་། རྒྱ་ནག་གིས་དྲག་ཆས་བཀོལ་ཏེ་བོད་མི་ཚོ་འགྲོ་བ་མི་ཞིག་གི་གྲལ་དུ་མ་བཞག་པར་མ་ཟད། ད་དུང་བོད་སར་མཁྲེགས་འཛིན་གྱི་སྲིད་ཇུས་དེ་དམ་དུ་བཟུང་སྟེ་སེམས་གསོ་ཙམ་ཡང་བྱས་ཡོད་པ་མ་རེད། དེ་ལྟར་བོད་མི་རྣམས་ཀྱི་རང་དབང་དང་ཐོབ་ཐང་ནི་རྭ་ལུག་སོགས་ལྷས་སུ་བཅུག་པ་ལྟར་ཡིན་ན། སུ་ཞིག་འགྲོ་འདུག་གི་རང་དབང་མེད་སར་ལྟོགས་སྐོམ་ལ་བསྲན་ཏེ་འཚོ་གཞེས་ཐུབ་བམ། འདི་འདྲའི་བཙན་གནོན་གྱི་འོག་ཏུ་ང་ཚོའི་མི་རིགས་འདི་གནས་ཡོད་ནའང་། མེས་དབོན་རྣམ་གསུམ་ནས་བརྒྱུད་པའི་རྐང་འོག་གི་ཕ་ས་འདི། བོད་ཅེས་པའི་རླབས་ཆེན་གྱི་མི་རིགས་ཤིག་གི་གཞི་ཁྱིམ་ཡིན་པས། བོད་མིའི་དཀའ་སྡུག་ཇི་ལྟར་མ་སེལ་བར་བོད་མི་རིགས་ཀྱི་ཚེ་སྲོག་གིས་རྒྱ་ནག་ལ་གཏུག་བཤེར་ཇི་ལྟར་བྱེད་དགོས་ཀྱང་བྱེད་ངེས་རེད།
མཇུག་གཏམ།
ལོ་ཟླ་འདི་དག་གི་ནང་བོད་གཞི་བྱེས་གཉིས་སུ་འབར་བའི་མེ་ལྕེ་དེ། རི་ངོ་མེ་རུ་ཤོར་བ་ལྟར་ཧ་ཅང་གསོད་མི་ཐུབ་པའི་དུས་ལ་སླེབས་འདུག དེ་རིང་བོད་དུ་འབར་གྱིན་པའི་མེ་ལྕེ་དེ་ཁ་སང་འབར་གྱིན་པའི་ས་ཚུགས་དེ་མ་ཡིན་པར། མདོ་དབུས་ཁམས་གསུམ་གང་ས་ནས་སྲེག་འོང་སྟེ། ན་གཞོན་མང་པོ་གཅིག་རྗེས་གཉིས་མཐུད་དུ་འཚིག་སོང་བར་བསམས་ན། ང་རང་ཡང་དཔའ་་བོ་དཔའ་མོ་དེ་དག་གི་ཟིལ་ཤུགས་ལས་འབར་གྱིན་པའི་འདུ་ཤེས་ཤིག་སྐྱེས། འདས་པའི་བོད་ཀྱི་ལོ་རྒྱུས་སྟེང་། བོད་ཀྱི་འཐབ་རྩོད་དེ་མེ་ལྕེའི་རང་བཞིན་དུ་འགྱུར་བ་སུ་གང་གིས་ཚོད་དཔག་ཙམ་ཡང་བྱེད་མ་ཐུབ་ཀྱང་། དེ་རིང་མི་རིགས་ཤིག་གི་འཐབ་རྩོད་རང་དབང་གི་མེ་ལྕེ་ལས་སྟོན་དགོས་པ་ནི་ཅི་འདྲའི་རང་དབང་དང་བདེ་སྐྱིད་བསམ་པའི་སྐོམ་ཁ་མ་ལོན་པ་ཞིག་རེད་ཨང་། རང་སྲོག་མེ་རུ་སྒྲོན་པ་ནི་བློ་ཡིད་དུ་འཁོར་མི་ཐུབ་པ་ཞིག་མ་རེད་བསམ། འཁོར་མི་ཐུབ་པ་ཞིག་མངོན་འགྱུར་བྱུང་སོང་བ་ནི། བོད་མི་རིགས་ལ་སྙིང་རྗེའི་སྤྱན་མིག་ཙམ་ཡང་མི་གཡོ་བར། མེ་མདའི་སོ་ཁ་ནས་བསད་བསད་པར་སོང་བས། མེ་ལྕེའི་གསེང་དུ་འཚིག་གིན་པའི་ཚེ་སྲོག་དེ་དག་གིས། མི་དམངས་བཅིངས་འགྲོལ་དམག་ལ་’’ང་ཚོ་ལ་རང་དབང་སྤྲོད་རོགས། མི་རིགས་ཀྱི་རིན་ཐང་མི་འདུག’’ཅེས་མི་རིགས་ཀྱི་འདུ་ཤེས་རྙེད་ཕྱིར་དུས་གཏན་དུ་མེ་ལྕེ་དང་ཚེ་སྲོག་གིས་འབོད་སྐུལ་བྱེད་ཀྱིན་ཡོད། ད་བར་དུ་འཛམ་གླིང་གི་ལོ་རྒྱུས་ནང་བོད་ལྟ་བུའི་མི་རིགས་ཀྱིས་མ་གཏོགས་ས་ཁོངས་དང་རྒྱལ་ཁབ་ཀྱི་བདག་དབང་གི་ཕྱིར་དུ། མི་སྲོག་ལྔ་བཅུ་ང་གྲངས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་རང་སྲོག་བློས་བཏང་མྱོང་མེད།འདི་ལྟར་འབར་གྱིན་པའི་བོད་ལ་མཚོན་ན། འདས་མ་ད་གསུམ་གྱི་བོད་ཀྱི་ལོ་རྒྱུས་དང་འཛམ་གླིང་ལོ་རྒྱུས་གཉིས་ཀྱི་སྟེང་གཟི་བརྗིད་དུ་བརྩི་འོས་པའི་འཐབ་རྩོད་ཅིག་རེད་འདུག་བསམ། ད་དུང་ཡིན་ནའང་བོད་མི་རིགས་ལ་སོ་སོའི་མངོན་འདོད་ཀྱི་རང་དབང་ཐོབ་པའི་ཉིན་མོ་ཞིག་མ་ཡོད་པར། ཚེ་སྲོག་ག་ཚོད་ཇི་ལྟར་བློས་གཏོང་དགོས་ཀྱང་གཏོང་ངེས་རེད།
འདས་མ་ད་གསུམ་བོད་འདི་ནི། །
འདས་དུས་བོད་དེ་རང་བཙན་རེད། །
ད་ལྟ་དབུས་ལམ་འཚོལ་བགྱིན་ཡོད། །
མ་འོངས་རང་ཐག་རང་གཅོད་རེད། །
ཁ་བ་དང་ཁ་བ་ཞེས་འདས་སོང།མི་རིགས་དང་མི་རིགས་ཟེར་ཤི་ཐལ།།གངས་རི་ཉི་མ་ལགས་ཁྱེད་ཀྱི་བཤད་པས་གཏམ་དེ་ངོ་མ་བཟང་གིས།ཁྱེད་ཀྱི་གླེང་བ་དེ་དག་ནི་བདག་ལ་་ཀྱང་སེམས་ནད་དེ་འདྲཞིག་ལས་ཡོད།འུ་ཅག་གི་ལས་དབང་འདི་ནས་ངས་ཀྱད་བཤད་མི་ཤེས།བོད་མི་རིགས་ཀྱིི་བདེ་སྡུག་ལ་བསམ་བློ་བཏང་ན་བཟང་
ཀློག་ཡོད། ད་ལ་ས་འགུལ་འདིའི་ངོ་བོར་འགྱུར་དགོས་འདུག་སྙམ་གྱི་ཡོད། ཡིན་ནའང་རྣམ་པ་ག་་འདྲ་ཞིག་ལ་འགྱུར་མིན་ཐད་རྣམ་པ་ཚོས་བགྲོ་གླེང་ཞིག་གནང་ན་ག་འདྲ་འདུག
དགོངས་དག ལས་འགུལ་འདིའི་ངོ་བོ་ལ་འགྱུར་བ་གཏོང་དགོས་འདུག་སྙམ་གྱི་ཡོད་ལ་བཅོས་རོགས།
ངར་གི་་ཤུགས་རྒྱོབ།
ཡག་པོ་བྲིས་འདུག གྲོགས་གངས་རིའི་ཉི་མ།
མདུན་ནས་མདུན་ཏུ་བསྐྱོད་ཡ།