ལྷ་ཆབ་སྦྱིན་པ།
མྱོང་བ་མངོན་གསུམ་གསེར་དང་དངུལ་ལ་འཐིམ་སོང་།།
དངོས་ཡོད་འཚོ་བ་བུད་མེད་ཞལ་གྱིས་བཞེས་སོང་།།
རླུང་བུ་གར་གཡུག་དར་ལྕེ་དེ་རུ་ཟད་པ།།
བདག་གི་རྨི་ལམ་འཇིག་པའི་དཔེ་ཡིས་བཟུང་བཞག།
འཇིགས་མེད་ལྕགས་ཀྱིས་གྲུབ་པའི་སྙིང་ཁམས་འདི་ལ།།
འགྱུར་མེད་སྲོག་གི་རི་མོ་འཁྱུག་ཙམ་བྱས་པ།།
མེས་པོའི་བཀའ་གཙིགས་མགོ་ལ་བབ་པ་མིན་ཚེ།།
གསར་བུའི་སྣང་བ་གཤོག་བུའི་ཕོ་བྲང་ཡིན་འགྲོ།
སྒྱུ་མའི་སྐུད་པ་ཕྲ་མོ་གནམ་ལ་ཟུག་འདུག།
གནམ་གྱིས་སྤྲད་པའི་རི་མོ་ཐོད་པར་བབ་བཞག།
གཞོན་པའི་ལང་ཚོ་རྒ་བའི་སད་ཀྱིས་བཅོམ་དུས།།
འཇིག་རྟེན་འཁོར་བའི་ཆོས་ལ་ཞེན་པ་ལོག་གམ།།
གཏམ་གྱི་འཁོར་ལོ་རྩུབ་མོ་མགོ་ལ་འཁོར་ནས།།
མི་མངོན་དབྱིངས་ཀྱི་གནམ་ལྕགས་ཐོག་གིས་གཞོམ་ཚེ།།
སྐད་ཅིག་ཐ་མའི་ཚེ་ཡི་འདུ་བྱེད་འདི་ཉིད།།
རེ་བཞག་སྤར་མོའི་ཁྱིམ་ལ་ལེན་རན་ཅི་ཡོད།།
གོས་དང་མེ་ཏོག་གཡུ་དང་བྱུ་རུར་དགའ་བའི།།
བཅོས་མའི་བློ་འདི་ཕྱུག་པོའི་སྲས་ལ་ཕྱོགས་ཀྱང་།།
འཇིག་རྟེན་འདི་དང་འདས་པའི་འཇིག་རྟེན་དེ་ལ།།
འཁུར་འདོད་ལྡོག་པའི་རྟོགས་པ་སུ་ལ་སྐྱེ་ཡོད།།
ཞོལ་གྱི་རྡོ་རིང་བཙན་པོའི་བཀའ་ཡིས་བཞེངས་ཡོད།།
བཀའ་ཡི་ཐ་མ་མི་འགྱུར་མནའ་ཡིས་དགག་ཡོད།།
དུས་ནི་མི་འགྱུར་མི་རྣམས་འགྱུར་བ་མིན་ན།།
ལོ་རྒྱུས་ཁྲག་གིས་འབྲི་དོན་ཅི་ལ་ཡོད་བཞག།
བོད་ཀྱི་མཇུག་མ་གངས་དང་བྲག་ལས་ཆད་དེ།།
ཕྱི་འབབ་གཙང་བོས་མུ་མེད་རྒྱ་མཚོར་བསྐྱལ་བཞག།
རིགས་དང་རུས་རྒྱུད་འདེད་པའི་ངལ་བ་སྤང་ནས།།
ཧི་མ་ལ་ཡའི་རི་ན་ངལ་གསོ་བརྒྱབ་འདུག།
ཁྱི་སྤྱང་ཧ་པར་སེང་གེའི་མིང་ཞིག་གསོལ་ཏེ།།
མཛེས་པའི་རི་མོ་མཆོད་པའི་རྟེན་དུ་བཤམས་ཡོད།།
སྲིན་པོ་འབྲུག་གིས་སྤར་ཤད་ཐེངས་གཅིག་བརྒྱབ་ཚེ།།
མིང་གི་ལྷག་མར་འགྱུར་བའི་ཚུལ་འདིར་ལྟོས་དང་།།
བོད་ལ་ཡོད་པ་དཔའ་དང་བློ་ཁོག་ཡིན་ཚེ།།
ཐབས་དང་ཤེས་རབ་ཟེར་བ་མེད་ཚུལ་འདུག་གོ།
མ་བོས་མགྲོན་པོ་རང་གི་གཉའ་ལ་བྱོན་ཀྱང་།།
བྲན་གྱི་རང་བཞིན་རྟོགས་པའི་རྒྱངས་གླུ་མ་ཐོས།།
རྟག་དང་མི་རྟག་རང་རང་བློ་ཡིས་དཔྱོད་ཅིག།
ཡིན་དང་མིན་པ་ཁྲ་ཆུང་མིག་གིས་ལྟོས་ཤིག།
གསལ་རིག་སེམས་ཀྱི་མེ་ལོང་གནམ་ལ་བཀྱགས་ནས།།
མི་ཡི་གོ་ཐང་འཚོལ་བའི་དུས་ལ་བབ་བཞག།
ཁ་ལ་སྦྲང་རྩི་མངར་མོའི་རོ་ཙམ་བྱུགས་ནས།།
ལག་ལ་དུག་མཚོན་ཐོགས་ནས་འཇིགས་ཤིག་སྐུལ་ཚེ།།
མི་འདོད་གཡང་ལ་མཆོངས་པའི་ར་ལུག་ནང་བཞིན།།
བདག་གི་བཙན་པོའི་རྒྱུད་པའི་གཉའ་བ་ཆག་བཞག།
མཐོན་པོའི་དབྱིངས་ལ་ཐ་གུའི་སྐས་ཤིག་བཙུགས་ནས།།
བདག་གི་མེས་པོའི་དཔུང་ཞིག་དེ་ལ་བཤར་བཞག།
རྫས་དང་འཕྲུལ་གྱི་ཐ་སྙད་མ་བྱུང་གོང་གི།
འཇའ་དང་འོད་ཀྱི་ཕོ་བྲང་ཇི་ལྟར་བཤིག་སོང་།།
སྔོན་ཚེ་རྒྱ་གར་ཆུ་བོ་གངྒྰ་ཚུན་ཆད།།
བཙན་པོ་ཐང་གི་གོང་མའི་ཁྲང་ཨན་ཡན་ཆད།།
མདོར་ན་སུམ་གཉིས་ས་ཡི་དཀྱིལ་འཁོར་འདི་དག།
དབང་དུ་བསྡུས་པའི་གཏམ་གྱིས་སུ་ཞིག་ཚིམ་མམ།།
སྤོབས་པའི་མགོ་བོ་ནམས་མཁའི་དབྱིངས་སུ་དགྱེས་ཏེ།།
བདེན་པའི་སྨྲ་ལྕེ་བར་སྣང་ཁམས་སུ་གཡོས་ཚེ།།
ལྷ་དམག་བྱེ་བ་ཁྲག་བརྒྱའི་རྒྱལ་ཁམས་དེ་ལ།།
མི་འཇིག་བདེན་པའི་ཐམ་ག་ཅི་ཞིག་ཡོད་དམ།།
ས་ཡ་དྲུག་ལ་ཚེ་སྲོག་ས་ཡ་དྲུག་ཡོད།།
ཆོལ་ཁ་གསུམ་ལ་གཏེར་དང་གཙང་བོས་ཕྱུག་ཡོད།།
ཀ་མེད་སུམ་ཅུས་གྲུབ་པའི་བླ་ཞིག་བཞེངས་ཡོད།།
བདག་པོ་རྒྱག་ན་རྡོག་རྡོག་དེ་ལས་མ་འདས།།
འདས་པའི་ང་རྒྱལ་མི་དགོས་གཡང་དུ་སྐྱུར་ཞོག།
མ་འོངས་རྩོད་གླེང་མི་དགོས་རེ་ཞིག་བཞག་ཞོག།
དུས་ལ་བབ་པའི་གཉའ་ཤིང་གོར་མོ་འདི་ལས།།
ཐར་བའི་ལམ་སྣ་དྲོངས་ཤིག་དཔའ་བོ་དཔའ་མོ།།
ལྷ་འདྲེས་བྲན་དུ་བཀོལ་བའི་མི་རིགས་འདི་ལ།།
སུས་ཀྱང་མཐོང་འདོད་མེད་པའི་ལོ་རྒྱུས་འདུག་ཀྱང་།།
གདོང་གི་སང་རས་དལ་གྱིས་ཕྱེས་འདོད་ཅན་གྱི།།
དཔའ་བོ་དཔའ་མོའི་ཚོགས་ཤིག་མཆོངས་ནས་འོང་ངོ་།།
སྐྱིད་སྡུག་འདྲེས་མའི་མི་ཚེ་འདི་ལྟར་རྫོགས་སོང་།།
ཞེན་ཆགས་ཟབ་མོའི་ཕྱིར་མིག་འདི་ལྟར་འཕངས་ཡོད།།
འདོད་པའི་དངོས་པོ་ཐམས་ཅད་གཞན་ལ་ཤོར་བ།།
སང་ཞོགས་ཁྲོམ་ན་གང་འདོད་ཉོ་རྒྱུ་ཡོད་ན།།
༢༠༡༢ ༡༠ ༣༠ ལ་བྲིས།
ཡུན་རིང་ཞིག་ལ་རྒན་ལགས་ཀྱི་རྩོམ་ཡིག་མཐོང་མ་སོང། དེ་རིང་ཁ་བརྡའི་སྟེང་དུ་རིགས་ཞེན་གྱི་དཔལ་འབར་པའི་བྲིས་རྩོམ་ཞིམ་པོ་ཞིག་མཇལ་རྒྱུ་བྱུང་བར་དགའ་སོང།
འདས་པའི་ང་རྒྱལ་མི་དགོས་གཡང་དུ་སྐྱུར་ཞོག།
མ་འོངས་རྩོད་གླེང་མི་དགོས་རེ་ཞིག་བཞག་ཞོག།
དུས་ལ་བབ་པའི་གཉའ་ཤིང་གོར་མོ་འདི་ལས།།
ཐར་བའི་ལམ་སྣ་དྲོངས་ཤིག་དཔའ་བོ་དཔའ་མོ།།
རྒན་ལྷ་ཆབ་ངེས་འབྱུང་སྐྱེས་ཟིན་འདུག ད་མ་བཟང་ཟིག ཡིན་ནའང་ད་བར་བྱུང་བའི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་བསྲེགས་གནང་དོན་ནི་ཐར་བའི་ལམ་སྣ་འདྲེན་སླད་མིན་ལ་དེ་ལྟར་ཐུབ་ཀྱི་སྲིད་ཀྱི་མ་རེད།
མ་གཞི་འཇིག་རྟེན་འདིར་སྣང་སྙན་ངག་གསོན་པོ་རེ་འབྲི་རྒྱུ་ནི་སྙན་ངག་པའི་འོས་འགན་དུ་ཟད་ན། དེའི་དོན་མཁྱེན་པར་མཛོད།
འདས་པའི་དམག་དཔུང་ལོ་རྒྱུས་སྐྱུར་ཞོག །
མ་འོངས་རང་བཙན་ལོགས་སུ་བཞག་ནས། །
དུས་ལ་བབ་པའི་ཆོས་རིག་གོམས་བཟང་། །
མྱུར་དུ་སྐྱོབ་ཕྱིར་དབུས་ལམ་འགྲིམས་ཤོག །
མཚོ་མོ་ལགས། སྙན་ངག་གསོན་པོ་ཞིག་གི་མཚན་ཉིད་ཞོག་དང་ངས་དེ་ནང་བཞིན་ཞིག་འབྲི་ཨེ་ཐུབ་ལ་འབད་ཆོག དེ་མིན་ཁྱེད་ཕེབས་ནས་བཀླགས་པར་དགའ་ཡོད།
ཁྱེད་ཅག་ཕེབས་ནས་ཟེར་རྒྱུའི་ཅག་ཆད་འདུག
རིན་ཐང་ཅན་གྱི་སྙན་རྕོམ་ཞིག་བྲིས་འདུག བཀའ་དྲིན་ཆེ། ཐེངས་གཉིེལ་ལ་རོལ་མྱོང་བྱས་པ་ཡིན།
རིན་ཐང་ག་རེ་འདུག
འདོད་འདོད་དངོས་པོ་རྟག་པ་ཡིན་རྒྱུ་ན། མི་རྟག་སྒྱུ་མའི་འཕྲུལ་ལ་སུ་ཞིག་འཁང།
དཀར་ནག་འདྲེས་མའི་ཟློས་གར་མེད་རྒྱུ་ན། དགའ་སྐྱོ་ངག་གི་རི་མོས་སུ་ཞིག་བསླུ།
སྙན་ངག་པ་ལ་སྐྱོ་སྣང་ཆེ་བས་ན། གང་བྲིས་རི་མོ་ཤར་ཤར་མིག་ཆུ་ཡིན།
སེམས་ལ་རྨ་ཁ་བཟོ་བའི་མཚོན་ཆ་འདི། སྙན་ངག་པ་ཡི་སྙུག་རྩེ་རློན་པ་ཡིན།
སྙན་རྩོལ་དེ་ལ་རོ་བྲོ་མ་འདྲ་བ་ཞིག་ཁ་རྒྱུ་འདུག་
ཆུ་བོ་བཞུར་བཞུར་འདྲ་བ།།
རླུང་བུ་གཡུག་གཡུག་འདྲ་བ།།
རྨི་ལམ་འཁྲིམས་འཁྲིགས་འདྲ་བ།།
མི་ཚེའི་སྣང་བ་འདྲ་བ།།
ཆུ་བོ་བཞུར་བ་ཁྲག་ལ་བསྒྱུར།
རླུང་བུ་འཚུབ་པ་ཐལ་རྡུལ་ཁྲོད།
རྨི་ལམ་དམུ་ཐག་ཆད་པ་ཡི།
མི་བུ་དུར་ཁྲོད་ངུ་བ་མང་། །
ལྷ་ཆབ་རྒུད་པས་འབངས་ཆབ་ཤོར་དུས།།
ལྷ་ཆབ་སྐྱོ་བས་སྤྱན་ཆབ་ཤོར་སོང་།།
སྔོ་ལྗང་ལྗ་སྤངས་ལྗོངས་སྟེང་ལ། ཁྲ་ཆིལ་ཆིལ་མེ་ཏོག་བཞད་དུས། ང་ཡི་ཕ་ལོ་མ་ལོ་དྲན་བྱུང་། ང་ཡི་ཕ་ཡུལ་རྨ་ལྷོ་དྲན་བྱུང་།
མེ་ཏོག་དཀར་པོའི་ཕ་ཡུལ་དེ། །
སྔོ་ལྗང་ལྗ་སྤངས་ལྗོངས་སྟེང་དེ། །
ཁྲ་ཆིལ་མེ་དཀར་བཞད་ས་དེ། །
ཁྱོད་ཀྱི་ཡབ་ཡུམ་དྲན་ས་དེ། །
ཁྱོད་ཀྱི་ཕ་ཡུལ་རྨ་ལྷོ་དེ། །
འབྲས་མོ་ལྗོངས་སམ་ཨ་མདོའི་ཡུལ། །
ཕུ་ན་གངས་རི་དཀར་པོ།
མདའ་ན་དལ་འབབ་གཙང་པོ།
བར་ན་སྤངས་ལྗོངས་ཡངས་པོ།
སྨན་ལྗོངས་འབྲུག་ཡུལ་སྐྱིད་པོ། ཧ་ཧ་ཧ་ཧཧཧཧཧ ཀ་རྡོ་ལགས་སུ།།
མེ་ཏོག་དཀར་པོ་ལགས་ཁྱོད་ནི། །
ལ་ལ་འགྲོ་དུས་འབྲུག་པ་ཡིན། །
ལུང་ལ་བབ་དུས་འབྲས་མོ་ལྗོངས། །
བོད་ལ་སྡོད་དུས་མ་ལོའི་བུ། །
རྒྱ་གར་སྡོད་དུས་རྨ་ལྷོ་ཟེར། །
མི་ཁའི་ཁ་ལས་ཁྱོད་ཡུལ་མང་། །
ཨ་རིར་སྡོད་དུས་ཨ་རིའི་བུ།།
སུད་སིར་འགྲུལ་དུས་ཡུ་རོབ་པ།
རྡ་སར་སྡོད་དུས་སྐུ་ངོ་ལ།
དགོན་པར་སྡོད་དུས་རིན་པོ་ཆེ།
ཞང་ཁང་ཉུལ་དུས་ཇར་པན་བུ།
དེ་ལ་སོགས་པ་མེ་ཏོག་ངར།
སྤྲུལ་པ་སྣ་ཚོགས་བསམ་མི་ཁྱབ།
ཡིག་བརྒྱ་འབུམ་ཕྲག་བརྒྱ་བཟླས་ན།
ཁྱོད་ཀྱིས་ཕྱོགས་ཙམ་རྟོགས་པར་འགྱུར།
དེ་མིན་ཀ་རྡོས་རྟོགས་རེ་ཀན། ས་མ་ཡ།
ངོ་མ་སྙན་ཀི་བཀའ་དྲིན་ཆེ
ཡག་གི་ཡ། སེམས་ཤོར་ཡལ། ངོ་མ།