སྤོབས་པ་མཐའ་ཡས།
ཁ་བརྡ་དྲ་བ་ནི་འཇུག་པ་བདེ་ཞིང་། ལས་བྱེད་རྣམས་རོགས་ཕན་ཆེ་བ། དྲ་ལམ་གྱི་སྟངས་འཛིན་གུ་ཡངས་པ་སོགས་ལ་བརྟེན་ནས་མི་མང་པོས་ལྟ་ཀློག་དང་། རྩོམ་འགོད་པ། བསམ་ཚུལ་མཆན་བུ་སྤེལ་བ་སོགས་མང་བས་བོད་མི་དྲ་ཉུལ་བ་མང་པོས་དགའ་མོས་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར། ཁ་བརྡའི་སྟེང་ལ་ཉིན་རེ་བཞིན་རྩོམ་ཡིག་གསར་པ་བཅུ་ཕྲག་བརྒལ་བ་དང་། མཆན་བུ་བརྒྱ་ཕྲག་དུ་མ་སྤུངས་ཉིན་ཡང་ཡོད། ལོ་འདིར་ཡང་ཁ་བརྡ་དྲ་བར་རྒྱུན་མཐུད་དེ་ལྟ་ཀློག་བྱེད་མཁན་དང་། རྩོམ་ཡིག་འགོད་མཁན། མཆན་བུ་འགོད་མཁན་སོགས་མང་དུ་འཕེལ་བཞིན་འདུག ཡིན་ན་ཡང་བསམ་ཚུལ་མཆན་བུའི་ལམ་ནས་བགྲོ་གླེང་ནུས་ལྡན་ཡོང་བ་ཆེས་ཉུང་དུ་ཕྱིན། དེ་ནི་མཆན་བུ་འགོད་མཁན་གྱི་གྲངས་ཀ་ཉུང་དུ་སོང་བ་མིན་པར་སྤུས་ཀ་ཞན་དུ་ཕྱིན་པ་རེད།
ཁ་བརྡ་དྲ་བའི་ནང་དུ་རྒྱ་དམར་གྱི་དྲ་འབུ་འཛུལ་མི་སྲིད་པ་མིན། དེང་དུས་སུ་འཛམ་གླིང་ས་ཕྱོགས་གང་སའི་སྲིད་གཞུང་མང་པོས་མངོན་གསལ་དང་མགོན་གསལ་མིན་པའི་དྲ་བའི་སྟེང་གི་དམག་དཔུང་སྒྲིག་འཛུགས་རྒྱ་སྐྱེད་བྱེད་པའི་ཁྲོད་དུ་རྒྱ་དམར་གཞུང་ནི་དེའི་ཕྱོགས་སུ་ནུས་པ་ཆེན་པོ་འདོན་བཞིན་ཡོད་མཁན་གཅིག་ཡིན། རང་རེ་བོད་མི་རྣམས་ས་བབ་དང་ཆབ་སྲིད་གནས་བབ་གང་ལ་ཡང་གཅིག་གྱུར་མེད་པའི་དུས་འདིར་དྲ་བའི་སྟེང་དུ་འདུ་འཛོམ་དང་བགྲོ་གླེང་བྱ་རྒྱུ་དེ་ནི་ཕན་ནུས་ལྡན་པའི་ཐབས་ལམ་ཞིག་ཡིན། རྒྱ་ནག་གི་དྲ་དམག་སྒྲིག་འཛུགས་དེའི་དམིགས་འབེན་གཅིག་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་གནས་ཚུལ་ཁག་ཡིན། དེར་བརྟེན་གང་ན་བོད་མི་འདུ་ན་དེ་ན་རྒྱ་དམར་གྱི་གསང་ཉུལ་ཡོད། གང་ན་བོད་དོན་གླེང་ན་དེ་རུ་རྒྱ་དམར་གྱི་གཏོར་བཤིག་ཡོད།
ལོ་འདིའི་མགོ་ཚུགས་ཙམ་ནས་ཁ་བརྡ་དྲ་བའི་མཆན་བུའི་ལམ་ནས་བགྲོ་གླེང་ཚད་ལྡན་བྱེད་པ་ཤིན་ཏུ་དཀའ། འདིའི་སྟེང་དུ་མཆན་བུ་འདེབས་མཁན་གྱི་གྲངས་འབོར་ཧ་ཅང་ཆེ། ཡིན་ན་ཡང་དྲ་ཞུགས་བའི་མིང་ཕལ་ཆེ་བ་ཡུན་རིང་པོར་མི་སྡོད་པར་འགྱུར་འགྲོ། མིང་སྣ་ཚོགས་པའི་མཆན་བུ་བ་མང་པོ་ཞིག་གིས་མཆན་བུ་འདེབས་པ་ཧ་ཅང་མང་། ཡིན་ན་ཡང་མཆན་བུ་མང་ཆེ་བ་སྐབས་བབ་ཀྱི་བརྗོད་གཞིའི་སྟེང་དུ་འབྲེལ་མི་ཐུབ། ཁོང་ཚོས་གནད་དོན་ཆུང་ཚག་གཞན་ལས་འཕྲོས་ཏེ་ཀུ་རེ་ལྟ་བུ་དང་། རྩོམ་པ་པོ་དང་མཆན་འདེབས་པ་པོ་རྗེས་འདེད་ཀྱིས་སྙད་རྐོ་བ། དོན་གནད་གང་ཡང་མེད་པའི་ཚིག་ཉོག་མང་པོས་སྐབས་བབ་ཀྱི་བརྗོད་བྱ་དང་བགྲོ་གླེང་གི་འཁོར་ཕྱོགས་བོར་དུ་འཇུག་པ་སོགས་བྱེད།
དེང་དུས་སུ་ཁ་བརྡ་དྲ་བའི་སྟེང་དུ་བགྲོ་གླེང་ཚད་ལྡན་བྱ་དཀའ་བ་དེ་ནི་བོད་ཀྱི་ཆབ་སྲིད་གནད་དོན་ཁོ་ན་མིན། ལོ་རྒྱུས་དང་། ཆོས་ལུགས། སྐད་ཡིག སྤྱི་ཚོགས། སྒྱུ་རྩལ་བཅས་གང་ཞིག་གླེང་ན་ཡང་མཆན་བུ་འགོད་མཁན་གསར་པ་མང་པོ་ཞིག་སླེབས་ནས་དོན་མེད་པ་དང་། དོན་གཞན་དུ་སྒྱུར་བ། དོན་ཉུང་ལ་ཚིག་ཚོགས་ཆེ་བའི་མཆན་བུ་མང་པོ་ཞིག་གིས་གནད་དོན་གང་ལ་ཡང་བགྲོ་གླེང་བྱ་མི་ཐུབ། བོད་ནང་གི་མིའི་རང་ལུས་མེར་བསྲེགས་ཚུལ་ལྟ་བུའི་གསར་འགྱུར་ཛ་དྲག་ཅིག་སླེབས་ན་ཡང་ཐོག་མར་དྲ་འབུ་འདི་ཚོས་མི་གཞན་གྱིས་དེ་ལ་མཆན་འགོད་མིན་སྒུག གལ་སྲིད་མི་ཁ་ཤས་ཤིག་གིས་མཆན་བུ་མ་སྤེལ་ན་ཁོང་ཚོ་ཁུ་སིམ་མེར་སྡོད། དྲ་མཆན་པ་ཁ་ཤས་ཤིག་གིས་སྐབས་བབ་ཀྱི་གླེང་གཞི་དང་འབྲེལ་བའི་མཆན་བུ་ཁ་ཤས་ཤིག་སྤེལ་ན་མིང་གསར་པ་ཅན་གྱི་དྲ་མཆན་པ་ཧ་ཅང་མང་པོ་ཞིག་གློ་བུར་དུ་སླེབས་ནས་གནད་དོན་ངོ་མ་དེ་བོར་དུ་འཇུག མི་འདི་རིགས་ཀྱིས་རང་རག་གི་ལངས་ཕྱོགས་གསལ་སྟོན་གཏན་ནས་མི་བྱེད་པར་སྐབས་བབ་ཐུན་མོང་གི་བློ་རྩེ་གཏད་ཡུལ་གྱི་གླེང་གཞི་དེ་རབ་རིབ་དང་ཟང་ཟིང་གི་ཁྲོད་དུ་ཡལ་བར་བརྩོན། འཐབ་ཇུས་དེ་ནི་དྲ་བའི་དམག་དཔུང་གི་རྒོལ་སྟངས་ཤིག་རེད། དེར་བརྟེན་ང་ལ་ཁ་བརྡ་དྲ་བའི་ནང་དུ་དགྲ་ཕྱོགས་ཀྱི་བཙན་འཛུལ་བའམ་དེ་དང་མཚུངས་པའི་གཏོར་བཤིག་མཁན་རེ་འཛུལ་གྱིན་མེད་དམ་སྙམ་པའི་དོག་པ་ཅུང་ཞིག་ཡོད།
ཁ་བརྡ་དྲ་བ་འདིའི་སྟེང་གི་གླེང་གཞི་ཧ་ཅང་རྒྱ་ཆེ། འདི་གླེང་དང་འདི་མི་གླེང་གི་ས་མཚམས་ཕལ་ཆེར་མེད། ཁ་བརྡའི་དྲ་མཆན་བགྲོ་གླེང་ལམ་ལྷོངས་མི་ཡོང་བ་དེ་ཡང་ནང་ཁུལ་གྱི་མི་རེ་ཟུང་གིས་ལས་ཀ་ཐབས་སྡུག་འདི་རིགས་བྱེད་བཞིན་ཡོད་མི་སྲིད་པ་མིན། རང་དབང་ལ་ཆ་རྒྱུས་ཆུང་བའི་མི་ཞིག་ལ་གློ་བུར་དུ་རང་དབང་ཐོབ་ན་རང་གིས་རང་ལ་སྟངས་འཛིན་བྱ་མི་ནུས། བདེན་དོན་ལ་ཆ་རྒྱུས་ཆུང་བའི་མི་ཞིག་གིས་གློ་བུར་དུ་བདེན་དོན་དང་གདོང་གཏུག་དགོས་ན་སྙིང་ནད་ཐེབས་ངེས། དེར་བརྟེན་གཅིག་བྱས་ན་རང་རེ་ནང་ཁུལ་གྱི་གང་ཟག་སྒེར་རམ་ཚོགས་སྡེ་ག་གེ་མོའི་འདོད་ཕྱོགས་ལངས་ཕྱོགས་ཉི་ཚེ་བ་དག་ལ་རྣག་ཐོག་གཙགས་ཁེལ་གྱི་ན་ཟུག་རེ་བསླངས་པ་མི་བཟོད་པའི་རྐྱེན་ལས་དྲ་བ་འདིའི་རང་དབང་ལ་གཏོར་བཤིག་གཏོང་མི་སྲིད་པ་ཡང་མིན།
ནད་ཡམ་འདི་རིགས་ལ་གདོང་ལེན་བྱེད་ཐབས་ངོ་མ་དེ་ནི་དྲ་ཞུགས་པ་རང་རང་གིས་ངོས་ནས་རང་ཚུགས་བརྟན་པོ་དང་། རིག་པ་གསལ་པོ། སྐབས་བབ་ཀྱི་གནད་འགག་མ་བོར་བ་གསུམ་རྩ་དོན་དུ་འཛིན་ནུས་ན་དྲ་བ་འདི་དང་དྲ་ཞུགས་པ་ཚོར་རྒྱལ་ཁ་ཐོབ་ངེས་ཡིན།
གཤམ་གྱི་རྩ་དོན་གསུམ་པོ་དེ་གནད་ཆེ། དྲ་འབུ་ཞེས་པའི་གོ་དོན་ཅི་ཡིན་ནམ། virus་ལྟ་བུ་ཡིན་ན་ནད་དུག་དང་འདྲེས་འདུག་པས་སྤང་བར་བྱ་བ་ཁོ་ནའོ།།
དྲྭ་འབུ་ཟེར་དུས་ negative ལ་གོ་གི་འདུག དེ་རང་རེད་དམ།
༸གོང་ས་མཆོག་གིས་རང་སྲེག་སྐོར་ལ་བཀའ་སློབ་ཕེབས་པ་
ྋགོང་ས་མཆོག་ཨ་རི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་སྒྱུར་གནང་སྐབས་ཨ་རིའི་རྒྱལ་ཡོངས་གསར་འགྱུར་ཁང་ (NBC) གི་གསར་འགོད་པ་ཨན་ཀ་རི་ནས་ྋགོང་ས་མཆོག་ལ་བོད་མིའི་རང་སྲེག་ལས་འགུལ་སྐོར་བཅར་འདྲི་ཞུས་ཏེ་ཕྱི་ཟླ་༡༠ པའི་ཚེས་༡༡ ཉིན་བརྒྱུད་ལམ་དུ་བཏང་ཡོད་པ་རེད།
ཨན་ཀ་རི། འདས་པའི་ལོ་གསུམ་གྱི་ནང་བོད་མི་དྲུག་ཅུ་ལྷག་ཙམ་གྱིས་ཆོས་དད་རང་དབང་དང༌། སྐད་ཡིག་རང་དབང་དགོས་པའི་འབོད་སྒྲའི་འོག་རང་ལུས་མེར་སྲེག་བཏང་ཡོད། འོན་ཀྱང༌། ཁོང་རྣམ་པའི་བློས་གཏོང་དེས་རྒྱ་ནག་ནང་འགྱུར་བ་གང་ཡང་བཟོ་ཐུབ་མེད། ཁོང་ཚོས་བློས་གཏོང་བྱས་པ་དོན་མེད་དུ་ཕྱིན་པ་རེད་དམ།
ྋགོང་ས་མཆོག ཐབས་ལམ་འདིའི་རིགས་ནི་བཟང་ངན་གྱི་མཐའ་གང་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཁག་པོ་ཞིག་རེད། བོད་མིའི་ཐོག་འཛིན་པའི་རྒྱ་ནག་གི་སྲིད་ཇུས་ཐད་ལ་ཁོང་ཚོས་ཞི་བའི་ཐོག་ལས་འགུལ་སྤེལ་གྱི་ཡོད་པ་རེད།
ཨན་ཀ་རི། ཉིན་གཉིས་ཀྱི་གོང་ལ་བོད་མི་ལོ་གཞོན་ཞིག་གིས་རང་སྲེག་བྱས་ཏེ་ཞལ་ཆེམས་ཤིག་བཞག་ཡོད་ལ། ཞལ་ཆེམས་དེའི་ནང་ཁོང་གིས། “ང་ཚོས་འདས་ཟིན་པའི་གནས་སྟངས་ལ་ཕྱིར་འདང་ཞིག་བརྒྱབ་ན་ང་ཚོ་ལ་ཐོབ་པ་ནི་ཕམ་ཁ་དང༌། ཁོང་ཁྲོ། སེམས་ངལ། མིག་ཆུ་བཅས་ཁོ་ན་ཡིན་པ་ལས་དེ་ལས་གཞན་པའི་གནས་ཚུལ་ཞིག་མཐོང་མི་ཐུབ་”ཅེས་བརྗོད་ཡོད། རྒྱུ་མཚན་ཅིའི་ཕྱིར་སྐུ་ཉིད་ཀྱི་མི་མང་གིས་ཚོར་བ་ཡོད་པའི་སྐད་ཆ་འདིའི་རིགས་བཤད་ཀྱི་ཡོད། སྐུ་ཉིད་ནས་ཁོང་ཚོས་ཐག་གཅོད་བྱས་པའི་རང་ལུས་མེར་སྲེག་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་ཡོད་དམ། ཡང་ན། སྐུ་ཉིད་ཀྱིས་ཁོང་ཚོའི་རང་སྲེག་ལས་འགུལ་དེ་མཚམས་འཇོག་ཡོང་རྒྱུར་ཐུགས་འདོད་གནང་གི་ཡོད།
ྋགོང་ས་མཆོག ངོས་ནས་དུས་རྟག་ཏུ་རང་ཉིད་བོད་མིའི་རང་དབང་གི་མགྲིན་ཚབ་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་ཁོང་ཚོའི་དཔོན་པོ་ཞིག་ཡིན་བསམས་ཀྱི་མེད། ངོས་ཀྱི་དཔོན་པོ་དངོས་གནས་ནི་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་པོ་དེ་རྣམས་ཡིན། ངོས་རང་རང་དབང་ལུང་པའི་ནང་བསྡད་ཡོད་ཅིང༌། ཕྲན་བུ་གུ་ཡངས་པོ་ཡོད་མོད། ཁོང་ཚོ་ནི་དེ་ལས་ལྡོག་སྟེ་འ་ཆད་འུ་ཐུག་གི་གནས་སྟངས་ནང་ལྷུང་ཡོད་སྟབས། ཁོང་ཚོས་དེ་ལྟར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་ནང་པའི་ཆོས་དང་མི་མང་གི་བདེ་སྡུག་ལ་བསམ་བློ་བཏང་སྟེ་ལྷག་བསམ་རྣམ་དག་གིས་ཚེ་སྲོག་ཚུན་ཆད་བློས་བཏང་བྱས་པ་དེ་ནང་པ་ཞིག་དང་ཆོས་ལུགས་པ་ཞིག་གི་ངོས་ནས་བལྟས་ན་བཟང་ཆ་(Positive) ཞིག་ཏུ་ངོས་འཛིན་བྱེད་དགོས་པ་རེད། འོན་ཀྱང༌། བྱ་སྤྱོད་འདིའི་རིགས་ཁོང་ཁྲོ་དང་ཞེ་སྡང་རྐྱང་པའི་ཐོག་བྱས་པ་ཞིག་ཡིན་ཚེ་དེ་ནི་ནོར་བ་རེད། དེ་འདྲ་སོང་ཙང༌། བཟང་ངན་གྱི་ཐག་གཅོད་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང༌། སེམས་སྐྱོ་པོ་ཞེ་དྲག་འདུག ཧ་ཅང་སེམས་སྐྱོ་པོ་འདུག
ཨན་ཀ་རི། ལོ་རྒྱུས་ཀྱི་བརྒྱུད་རིམ་ནང༌། དབང་ཤུགས་ཆེ་བ་ཡོད་མཁན་ཚོས་དབང་ཤུགས་ཆུང་བ་རྣམས་ལ་གཉའ་གནོན་བྱས་པ་དེ་འདྲ་ཡོད་པ་དང༌། སྐབས་འགར་དབང་ཤུགས་ཆུང་བས་དེ་ལ་ཁ་གཏད་ཀྱིས་གདོང་ལེན་བྱེད་ཀྱི་ཡོད་དམ།
ྋགོང་ས་མཆོག ང་ཚོའི་འཐབ་རྩོད་ནི་བདེན་པའི་སྟོབས་ཤུགས་དང་མེ་མདའི་སྟོབས་ཤུགས་དབར་གྱི་འཐབ་རྩོད་ཅིག་རེད། སྐབས་འཕྲལ་མེ་མདའི་སྟོབས་ཤུགས་དེ་ཆེ་བ་ཡོད་ཀྱང༌། ཕུགས་རྒྱང་རིང་པོའི་ནང་ལ་བདེན་པའི་སྟོབས་ཤུགས་ནི་མེ་མདའི་སྟོབས་ཤུགས་ལས་ཀྱང་ནུས་པ་ཆེ་བ་ཡོད། འདི་ནི་ངོས་ཀྱི་གཞི་རྩའི་ཡིད་ཆེས་བྱེད་སྟངས་ཤིག་ཡིན། ངོས་ནས་ཨ་རིའི་དམག་དོན་སྟོབས་ཤུགས་དང༌། རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཀྱི་ཐད་ནས་བསྔགས་བརྗོད་བྱེད་ཀྱི་མེད། ངོས་ཀྱིས་ཨ་རིར་བསྔགས་བརྗོད་བྱེད་ས་དངོས་ནི་ཀུན་སྤྱོད་ཀྱི་སློབ་གསོ་དང༌། མང་གཙོ། རང་དབང༌། འདོད་མོས་བཅས་ཡིན། དེ་ཚོ་ནི་ཨ་རིའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ངོ་མ་དེ་རེད།
ཨན་ཀ་རི། བོད་ཀྱི་ས་ཁུལ་ཁག་གི་ནང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ལས་འགུལ་དེ་བོད་མི་རྣམས་ཀྱིས་ག་དུས་བར་དུ་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད།
ྋགོང་ས་མཆོག བོད་མི་ས་ཡ་དྲུག་དང་བོད་མི་རྣམས་ག་ཚོད་གནས་པ་དེ་སྲིད་དུ་བོད་མིའི་འཐབ་རྩོད་མུ་མཐུད་ནས་སྡོད་ཀྱི་རེད། འདས་པའི་མི་ལོ་དྲུག་ཅུའི་ནང་ལ་དཔྱད་ཞིབ་བྱོས་དང༌། རྒྱ་ནག་ནང་དུའང་འགྱུར་བ་ཕྱིན་ཡོད། འབྱུང་འགྱུར་ལོ་དྲུག་ཅུའི་ནང་ངོས་ནས་བསམ་ན་འགྱུར་བ་མང་པོ་ཞིག་མཐོང་ཐུབ་ངེས་ཡིན། འཛམ་བུ་གླིང་གི་འགྱུར་འགྲོས་དེ་ནི་མང་གཙོ་དང༌། གུ་ཡངས། རང་དབང་བཅས་ཀྱི་ཕྱོགས་སུ་ཁ་སྒྱུར་བཞིན་ཡོད། རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཇི་ལྟར་སྟོབས་ཤུགས་ཆེ་ཡང་ཕྱིར་ལོག་བྱེད་ས་མེད། འཛམ་བུ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་ངེས་པར་དུ་མདུན་སྐྱོད་བྱེད་དགོས་པ་རེད། གཞི་རྩའི་འགྲོ་བ་མིའི་འདོད་མོས་ནི་སྐྱེས་དུས་ནས་རང་ཆས་སུ་ཡོད་པ་དང༌། དེ་ནི་འགྲོ་བ་མི་ཡོད་དོ་ཅོག་ལ་རང་དབང་བྱེད་རྒྱུའི་ཐོབ་ཐང་ཡོད་ལ། ཐོབ་ཐང་དེ་ནམ་ཡང་དྲག་ཤུགས་ཀྱིས་འགོག་ཐུབ་ཀྱི་མེད། མཐར་ཐུག་ན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་དང༌། མང་གཙོའི་སྒྲིག་འཛུགས་ལྡན་པ། དེ་དང་མཉམ་དུ་སྨྲ་བརྗོད་རང་དབང་ཡོད་པ་ཞིག་ཏུ་བསྒྱུར་དགོས། རྒྱ་ནག་མི་སེར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཡོད་པ་ཚང་མ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད། ཁོང་ཚོས་དངོས་ཡོད་གནས་ཚུལ་ཤེས་རྗེས་ཀྱང་ཁོང་ཚོ་ལ་བཟང་ངན་གྱི་རྣམ་དབྱེ་འབྱེད་རྒྱུའི་ཐོབ་ཐང་ཡང་ཡོད་པ་རེད། དེར་བརྟེན། རྒྱ་ནག་གཞུང་གིས་ཁོང་རང་ཚོའི་མི་སེར་ལ་བཀག་སྡོམ་བྱེད་པ་ནམ་ཡང་ཀུན་སྤྱོད་དང་མི་མཐུན་པ་ཞིག་རེད།
ཨན་ཀ་རི། སྐུ་ཉིད་ནས་འཛམ་གླིང་གི་དབུ་ཁྲི་རྣམས་ལ་སེམས་འགུལ་ཐེབས་ཐུབ་རྒྱུའི་བཀའ་མོལ་གནང་ཐུབ་ཀྱི་ཡོད། གལ་སྲིད་སྐུ་ཉིད་ནས་བོད་མི་མང་ལ་གསུང་རྒྱུ་ཞིག་ཡོད་པ་ཡིན་ན་གང་ཞིག་གསུང་གནང་གི་ཡིན།
ྋགོང་ས་མཆོག ཚིག་གཅིག་རང་ཡིན། དེ་ནི་རང་དབང་རེད། རང་དབང་ཆ་ཚང་ཞིག་དང༌། ཆོས་དང༌། རིག་གཞུང༌། ཤེས་རིག་ཚུད་པའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པ་དེ་ཡིན། བདེ་སྲུང་དང༌། ཕྱི་འབྲེལ་གྱི་གནད་དོན་རྒྱ་ནག་དབུས་གཞུང་ལ་ཡོད་དགོས།
ཨན་ཀ་རི། ཟླ་རྗེས་མའི་ནང་ལ་རྒྱ་ནག་ནང་འགྱུར་བ་ཡོང་གི་ཡོད། རྒྱ་ནག་གི་འགོ་ཁྲིད་གསར་པ་སྐུ་ཞབས་ཞི་ཅིན་ཕིན་ཡོང་རྒྱུ་གཏན་ཁེལ་ཡོད་པས་སྐུ་ཉིད་ནས་རེ་བ་ག་ཚོད་ཀྱི་གནང་གི་ཡོད་དམ།
ྋགོང་ས་མཆོག དེ་ནི་ལབ་རྒྱུ་ཁག་པོ་རེད། ངོས་ནས་ཚོད་དཔག་གི་སྐད་ཆ་ཤོད་རྒྱུའི་འདོད་པ་མེད། ཟླ་བ་དྲུག་དང༌། ལོ་གཅིག ལོ་གཉིས་བཅས་སྒུག་དགོས། དེ་རྗེས་ང་ཚོས་གསལ་པོ་མཐོང་ཐུབ་ཀྱི་རེད།
འབའ་པ་ཡེ་ཤེས་ཀྱིས་བོད་བསྒྱུར་བྱས།
གོང་གསལ་བཀའ་ལན་དེ་ནི་དབྱིན་ཡིག་ཐོག་NBCགསར་ཁང་དང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་འགོད་འབུལ་ཞུས་འདུག་པས་མ་ཡིག་ལ་རྩ་འཛིན་དགོས་ཚེ་དེ་གཉིས་ལ་གཟིགས་ཞིབ་ཡོད་པ་ཞུ།།
ཁྱེད་ཀྱི་གསུངས་ལ་མངོན་པར་བསྟོད་དེ་ནི་ཁ་བརྡ་དྲྭ་བའི་ནང་གི་གནད་དོན་ངོ་མ་དེ་རེད།
ང་ཡང་དྲ་ཐོག་འདིར་མཛེ་འགོ་དང་སྟུ་སོགས་ཀྱི་ལབ་གླེང་འདྲ་མཐོང་ཚེ་སྤྲོ་སྣང་གི་རྣམ་པ་
ཞིག་ངང་གིས་སླེབས་ཡོང་གི། དེའི་མ་ཚད་དྲ་གྲོགས་རྣམ་པས་ཀྱང་དེ་ལ་མཆན་འདེབས་པའི་
མངོན་འདོད་ངམ་ངམ་ཤུགས་ཀྱིས་ཡོང་སྡད་པ་ལྟ་བུ་རེད།
ཨེ་གྲོགས་པོ་ཚོ་མཆན་འབྲེལ་བ་མེད་པ་བཀོད་མ་ཡོང་མ་གཏོགས་བསུབ་གི་ཡིན་ད།
སྤོབས་པས་གཅིག་གསུངས་དང་། མེ་དཀར་དྲྭ་འབུ་རེད་དམ་མ་རེད། རེད་ན་རེད་སྟངས་དང་མིན་ན་མིན་སྟངས་ཤིག་གསུངས་རོགས། དངོས་གནས་ཤེས་འདོད་འདུག
ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ཕེབས་པར་དགའ་ཡོད། གལ་ཏེ་དགྲ་ལ་གནོད་འདོད་ན། །རང་ཉིད་ཡོན་ཏན་ལྡན་པར་བྱ་ཞེས་པ་ཀུན་གྱིས་ཐུགས་ཞོགས།
བསམ་བློ་བ་ཞིག་ཡིན་པ་ཐག་གིས་ཆོད། སྐད་ཆ་བཤད་ཕྱོགས་དང་བཤད་ཚུལ་སོགས་གང་ལ་བཤད་པ་ཟིག་མེད་ཀི། ང་ཡང་དྲ་འབུ་ཞིག་ཡིན། ཡིན་ན་ཡང་རྒྱ་འདྲེ་དྲ་འབུ་ཞིག་མིན་པས། ང་རང་དྲ་འབུའི་ནང་ནས་དྲ་འབུ་ཡག་པོའི་རིགས་ཞིག་ཡིན་བསམ་ཡོད།
གང་ལྟར་ཆེ་གནད་མི་ཐེག་ས་ཞིག་ཡོད་ནོ། ཤེས་བཞིན་དུ་དཀྱོག་ལོག་བཤད་པ་རིག་ན་རང་ཚུགས་ཤོར་འགྲོ་འི་འདུག། དེ་ལ་གང་བྱེད་དམ།
དྲྭ་འབུ་ཡིན་ཕྱིར་གདོང་དམར་མི་དགོས་ལ། །
དཀྲུག་ཤིང་བ་སྟེ་ལྕེ་གཉིས་མེད་ཀྱང་ཆོག །
ཆོལ་ཁ་ཆོས་ལུགས་གྲོགས་པོ་ཕན་ཚུར་བར། །
བསམ་བཞིན་འཕུང་ལ་སྦྱོར་ན་དྲྭ་འབུ་རེད། །
དྲ་གྲོགས་རྣམས་པ། གོང་གི་༸ གོང་ས་མཆོག་གི་གསུང་དེ་ལ་མཆན་བུ་མ་འདེབས་པར། དོན་མེད་འབྲེལ་གཞན་མ་གནང་། དུས་ཚོད་འཕྲོ་བརླག་རེད་དོ།
ཨན་ཀ་རི། སྐུ་ཉིད་ནས་འཛམ་གླིང་གི་དབུ་ཁྲི་རྣམས་ལ་སེམས་འགུལ་ཐེབས་ཐུབ་རྒྱུའི་བཀའ་མོལ་གནང་ཐུབ་ཀྱི་ཡོད། གལ་སྲིད་སྐུ་ཉིད་ནས་བོད་མི་མང་ལ་གསུང་རྒྱུ་ཞིག་ཡོད་པ་ཡིན་ན་གང་ཞིག་གསུང་གནང་གི་ཡིན།
ྋགོང་ས་མཆོག ཚིག་གཅིག་རང་ཡིན། དེ་ནི་རང་དབང་རེད། རང་དབང་ཆ་ཚང་ཞིག་དང༌། ཆོས་དང༌། རིག་གཞུང༌། ཤེས་རིག་ཚུད་པའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པ་དེ་ཡིན། བདེ་སྲུང་དང༌། ཕྱི་འབྲེལ་གྱི་གནད་དོན་རྒྱ་ནག་དབུས་གཞུང་ལ་ཡོད་དགོས།
ད་ལྟའི་ལམ་དབུ་མའི་དགོས་འདུན་ཡང་འདི་ག་རང་རེད་དམ། མཁྱེན་མཁན་རྣམ་པ་ཚོས་གསལ་བཤད་ལམ་སྟོན་ཞིག་གནང་རོགས།
སྤོབས་མཐའ་ལགས་ཀྱི་ཟོལ་མེད་ཀྱི་ལྷག་བསམ་དེས་མཆན་རེ་འགའ་བསྲུབ་ཐུབ་ན་ཐང་འོན་
ཀྱང་དྲ་ཚིགས་སོ་སོའི་འཇུག་པ་བདེ་མིན་དང་རང་རང་གི་ཆེ་བའི་ཡོན་ཏན་མི་འདྲ་རེ་ཡོང་སྡད་
དུས་འདི་རྩ་མེད་བཏང་བ་ནི་ཆེས་དཀའ་ཁག་ཆེ་བར་འདྲ་སི་རེད། ཡི་ན་ཡང་ཉིན་ཞིག་དུས་བབ་
དང་ཧི་མ་ལ་ཡ་གཡུང་དྲུང་བོན་གྱི་དྲ་ཚིགས་ལྟ་བུའི་འཇམ་མུག་མུག་ངང་བགྲོ་གླེང་དང་བསམ་
འཁྱལ་གྱི་མཆན་ཆུང་རེ་འགའ་འགོད་བཞིན་གནས་ཐུབ་པའི་སྨོན་ལམ་ཡོད།
དྲ་གྲོགས་སྤོབས་མཐའ་ལགས།རྣམ་དཔྱོད་དང་ལྷག་བསམ་གཉིས་ལྡན་ཞིག་གསུངས་འདུག་པས་ཐུགས་རྗེ་ཆེ་ཞུ།
དྲྭ་འབུ།
ཁ་བརྡའི་དྲྭ་འབུས་ཅི་མཐོང་།
ཁ་བརྡའི་དྲུ་འབུས་ཅི་ཤེས།
ཁ་བརྡའི་དྲྭ་འབུས་ཅི་ཐོས།
ཁ་བརྡའི་དྲྭ་འབུས་ཅི་བྲིས།
དོ་སྣང་བྱོས་དང་། མཆན་འབྲེལ་བ་མེད་པ་བཀོད་མཁན་ཚོ་དྲ་འབུ་རེད།
ཡ་ཡ་ལས་མེད་ཚོའི་ཚོད་ཐེག་པ་དང་ཚད་རན་ཙམ་བྱོས་དང།
ད་དུང་དཔའ་མཛངས་དང་བརྗིད་ཉམས་སྟུ་མཛེ་རླིག་གསུམ་གྱི་བྲོ་གར་ཞིག་འཁྲོབ་དང།
ངའི་སེམས་ནང་དུ་རྩོམ་པ་པོ་ཟེར་བའི་ཡིག་འབྲུ་གཉིས་ཀྱི་གསེབ་ན་ཡོད་པའི་སྤོབས་པ་མཐའ་ཡས་ལ་ཁམས་འདྲི་ཞུ། ལེགས་བཤད་འདི་བློ་ལ་འཛིན་ཨེ་ཐུབ་ལྟ་ཡ། དྲ་འབུའི་སྐོར་ལ་བདག་གིས་ཀྱང་དཔྱད་གཏམ་ཞིག་ཨེ་འཁྱོང་ལྟ་བཞིན་ཡོད།
སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱི་བསམ་བློ་དེར་དགོས་པ་འདུག་ལ་ཕན་ནུས་ངེས་པར་ཡོད། དེའི་སྟེང་ལ་དྲ་འབུ་ཚོ་ལ་ཁ་གཏད་འཇལ་སྟངས་གསུམ་བསམ་འཆར་གྱི་ཚུལ་དུ་ཞུ་རྒྱུར།
༡༽དྲ་འབུའི་སེམས་ལ་ན་ཚ་ཆེ་ཤོས་དེ་ཁོང་ཚོར་ཁ་ཡ་མི་བྱེད་པ་འདི་རེད། དྲ་འབུ་ལ་ལན་འདེབས་པ་ནི་ཁོང་ཚོར་སྤྲོ་སྣང་ཆེ་ཤོས་སྦྱིན་པ་དང་གཅིག་མཚུངས་རེད། སྔོན་མ་ང་དབྱིན་ཇིའི་ཚགས་པར་The Guardianཟེར་བའི་ནང་ལ་མཆན་འདེབས་མཁན་ཞིག་ཡིན། དེ་ལོ་མང་པོའི་གོང་ལ་རེད། དེ་དུས་བོད་ཡིག་གི་དྲ་རྒྱ་སླེབས་མེད། སྐབས་དེ་དུས། ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་ནང་ལ་དྲ་འབུ་མང་པོ་ཡོང་། ལྷག་དོན་བོད་དོན་དང་འབྲེལ་བ་ཡོད་པའི་རྩོམ་ལ་རྒྱ་ནག་གི་དྲ་བའི་དམག་མི་རྣམས་ཡོང་ནས་གང་བྱུང་གིས་དཀྲུག་ཐབས་བྱེད། སྐབས་དེ་དུས། མཆན་འདེབས་མཁན་མང་ཆེ་བར་དྲ་འབུ་ཚོར་ལན་མི་འདེབས་པའི་གསང་བརྡ་འབྱོར། དེ་ལྟར་རྒྱུན་མཐུད་ནས་ཟླ་བ་མང་པོ་བསྐྱངས་སྐབས་དྲ་འབུ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཁོང་ཚོའི་མཆན་རྣམས་ནུས་མེད་ལ་གྱུར་སོང་སྙམ།
༢༽དྲ་འབུ་ལ་རིགས་མང་པོ་ཡོད་པ་དང་། དེ་ཚོ་ཤེས་པར་བྱེད་དགོས། དྲ་འབུ་ཁག་གཅིག་གཏོར་བཤིག་གི་ཆེད་དུ་ཡོང་བ་དང་། ལ་ལ་ནི་ལྟ་བ་མ་མཐུན་པར་གཞན་ལ་ཐུབ་ཚོད་བྱེད་དུ་ཡོང་བ། ལ་ལས་ནི་གཞན་གྱི་དངུལ་བླངས་ནས་གཡོག་པོ་ལྟ་བུའི་ལས་སྟངས་ཐོག་ནས་གནོད་པ་བྱེད་ལ། ལ་ལ་ནི་སེམས་ཁམས་མི་ཐང་བས་གཞན་ལ་རྙོག་དྲ་བཟོ་བར་ཡོང་བ། ལ་ལ་ནི་གྲོགས་མེད་ཁེར་རྐྱང་གི་འཚོ་བས་ཡུས་གདུང་ཆེ་སྟབས། གཞན་གྱི་ཁ་ངོ་འཚོལ་བར་ཡོང་།
༣༽གལ་ཏེ་ང་ཚོའི་བགྲོ་གླེང་ལ་ལམ་འགྲོ་རྒྱུག་དགོས་ན། ང་ཚོའི་བགྲོ་གླེང་ཐོག་བསམ་བློ་བཏང་ནས། བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བ་མེད་པའི་མཆན་རྣམས་ལ་རྩ་བ་ནས་ཁ་ཡ་མ་བྱས་ན་འདི་ནི་དྲ་འབུ་ཚོ་ལ་ཤིན་དུ་ཕོག་སྡུག་ཆེ་ལ་རང་ཚོར་གནོད་པ་མེད་པའི་འཚེ་མེད་ཀྱི་ལས་ཞིག་རེད། སྔོན་མ་ཤུགས་ལྡན་ཚོགས་པ་རྣམས་ཀྱིས་ནུབ་ཕྱོགས་ལ་ལས་འགུལ་སྤེལ་སྐབས། རྒྱལ་བ་རིན་པོ་ཆེ་གང་ཕེབས་ཀྱི་ས་ལ་ངོ་རྒོལ་སྤེལ། སྐབས་དེ་དུས། རྒྱལ་བ་རིན་པོ་ཆེ་དང་། ཁོང་གི་གསུང་ཆོས་ཉན་མཁན་མི་དམངས་ཁྲི་ཚོ་མང་པོ་ཡོད་པ་ཚང་མས་ཁོང་ཚོར་ཕན་གནོད་ཀྱི་སྐད་ཆ་ཚིག་གཅིག་མ་བཤད་པར། ཆོས་གསུང་མཁན་གྱིས་ཆོས་གསུང་། ཉན་མཁན་གྱིས་གསུང་ཆོས་ཉན། ནང་ལ་ལོག དེ་ལྟར་ཉིན་མང་པོ་བསྐྱངས། ཤུགས་ལྡན་ལས་འགུལ་བ་རྣམས་ལ་རྣམ་འགྱུར་ཡག་ཉེས་ཅི་ཡང་མ་བསྟན་སྟབས། ཁོང་ཚོར་ཐབས་ཟད་ནས་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་བྱེད་དགོས་བྱུང་སོང་། རྗེས་མ་སྐད་ཆ་གོ་བར། ཁོང་ཚོའི་ངོ་རྒོལ་ལ་ནུས་པ་མེད་པ་མཐོང་སྟབས། ངོ་རྒོལ་བ་རྣམས་ཀྱང་ཐང་ཆད་ནས་མཚམས་འཇོག་བྱས་འདུག གསར་འགོད་པ་རྣམས་ཀྱིས་གོང་ས་མཆོག་ལ་ངོ་རྒོལ་དང་འབྲེལ་བ་ཡོད་པའི་སྐོར་ལ་བཀའ་འདྲི་ཞུ་སྐབས། རྒྱལ་དབང་མཆོག་ནས། ང་དེ་རིང་འདིར་སྙིང་རྗེའི་སྐོར་ལ་བགྲོ་གླེང་བྱེད་ཀྱི་ཡོད། ཁོང་ཚོས་གང་བྱས་ཀྱང་ཁོང་ཚོའི་འདོད་པ་རེད། ངའི་ལས་ཀ་དང་འབྲེལ་བ་མེད་སྟབས་ལན་མེད་གསུངས་སྐབས། མི་ཚང་མས་དགའ་བསུའི་ཐལ་མོ་བརྡེབས། གསར་འགོད་པ་ཡང་ངོ་ཚ་སླེབས་དགོས་བཟོས་སོང་།
གཙོ་བོ་བརྗོད་གཞི་དང་འབྲེལ་མེད་ཀྱི་མཆན་འདེབས་མཁན་དག་དྲ་འབུ་རང་རེད། ནམ་རྒྱུན་གྲུབ་མཐའི་རྩོད་རྒྱག་མཁན་འགའ་ཤས་དེ་ཚོས་དོན་མེད་ལ་བརྗོད་གཞི་དང་འབྲེལ་མེད་ཀྱི་མཆན་འདེབས་རྒྱུ་དགའ་ལ། བརྗོད་དོན་དམིགས་འདེད་མི་བྱེད་པར་མཆན་འདེབས་མཁན་གྱི་གང་ཟག་གི་མིང་ལ་སྒུག་འདེད་མཁན་ཁ་ཤས་འདིར་འདུག
དཔྱད་པ་དོན་གྱི་གཏམ་རེད། རྒྱའི་དྲ་འབུའི་སྙིང་གི་དུག་རེད། སྒོར་ཟུར་ལྔའི་དོན་དུ་རྣམ་ཤེས་འཚོང་མཁན་དེ་དག་ལ་རྒྱའི་དྲ་འབུ་འབོད་པར་མཐོང་། བོད་དོན་འཐབ་རྩོད་ལ་སེམས་ཤུགས་བཅོག་གང་ཐུབ་ཀྱིས་གཏམ་སྤེལ་མཁན་འདི་ཚོ་རྒྱའི་དྲ་འབུ་རེད། ཐབས་མང་པོ་སྤྱོད་པ་རེད། བོད་ལ་ཕན་པའི་གླེང་བྱ་རེད་བསམ་ན་ཁ་ལོ་བསྒྱུར་ཨེ་ཐུབ། བོད་ལ་གནོད་པ་རེད་བསམ་ན་མེ་ཐོག་སྣུམ་བཤོ། བོད་ནང་ཁུལ་དུ་ཕྲ་མ་རེ་བཅུག་ས་ཨེ་རྙེད་བསམ་ནས་ཁྱི་ངན་བདག་པོ་ལ་རྨུག་མཁན་གྱི་གདོང་ཉམས་སྐྱོ་པོ། གཏན་བདེའི་བསོད་ནམ་ཡོང་རྫོགས་ཚེ་འདིར་ཕུང་མཁན་གྱི་ངོ་ཤ་སྐྱ་རིད་པོ་ཞིག་རང་རིགས་ལ་གནོད་བྱེད་ཀྱི་ལྟོ་བ་ཆེའི་མགྲིན་པ་རིང་པོ་དེས་བཏེགས་ནས་དྲ་ངོས་ལ་ངོ་གཏད་ནས་བསྡད་ཡོད་པ་དེ་ཚོ་རེད། ཤར་ཁུག་རྟ་ཟེར་བ་འདི་གཅིག་མིན་ན་བསམ་སོང་། ཁོས་རང་སྲེགས་ནི་འཚེ་བ་ཡིན་ཚུལ་དང་། གོང་ས་མཆོག་གིས་གཅིག་མ་འགྲིག་ཚུལ་སོགས་བོད་དོན་ལ་གནོད་པའི་སྐོར་གླེང་གི། གཏམ་གོར་མོ་རྡོ་འདྲ་བ་ཞིག་བསྒྲིལ་ནས་འཕེན་ན། ཁ་བརྡའི་དྲ་བདག་ཚོས། གསེར་ལས་དཀོན་པའི་དུས་བེད་སྤྱད་ནས། བོད་དོན་ལ་གནོད་པ་ཅན་གྱི་རྩོམ་དང་མཆན་དེ་དག་ནག་སྲུབ་བཏང་བཞག་ན་ཡག་གི གནོད་འཚེ་ཅན་གྱི་འབུ་དེ་དག་སེར་ན་ཁ་བརྡ་ཚང་ལ་ལོ་ལེགས་བཟང་བའི་ཞོར་དུ་བོད་ལ་ཡང་འབྲས་བུ་རྒྱས་འགྲོ།
༼དང་པོ༽ྋགོང་ས་མཆོག ཐབས་ལམ་འདིའི་རིགས་ནི་བཟང་ངན་གྱི་མཐའ་གང་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཁག་པོ་ཞིག་རེད། བོད་མིའི་ཐོག་འཛིན་པའི་རྒྱ་ནག་གི་སྲིད་ཇུས་ཐད་ལ་ཁོང་ཚོས་ཞི་བའི་ཐོག་ལས་འགུལ་སྤེལ་གྱི་ཡོད་པ་རེད་༽ ༼གཉིས་པ༽ྋགོང་ས་མཆོག ངོས་ནས་དུས་རྟག་ཏུ་རང་ཉིད་བོད་མིའི་རང་དབང་གི་མགྲིན་ཚབ་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་ཁོང་ཚོའི་དཔོན་པོ་ཞིག་ཡིན་བསམས་ཀྱི་མེད། ངོས་ཀྱི་དཔོན་པོ་དངོས་གནས་ནི་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་པོ་དེ་རྣམས་ཡིན། ངོས་རང་རང་དབང་ལུང་པའི་ནང་བསྡད་ཡོད་ཅིང༌། ཕྲན་བུ་གུ་ཡངས་པོ་ཡོད་མོད། ཁོང་ཚོ་ནི་དེ་ལས་ལྡོག་སྟེ་འ་ཆད་འུ་ཐུག་གི་གནས་སྟངས་ནང་ལྷུང་ཡོད་སྟབས། ཁོང་ཚོས་དེ་ལྟར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། ༼གསུམ་པ༽ཁོང་ཚོས་ནང་པའི་ཆོས་དང་མི་མང་གི་བདེ་སྡུག་ལ་བསམ་བློ་བཏང་སྟེ་ལྷག་བསམ་རྣམ་དག་གིས་ཚེ་སྲོག་ཚུན་ཆད་བློས་བཏང་བྱས་པ་དེ་ནང་པ་ཞིག་དང་ཆོས་ལུགས་པ་ཞིག་གི་ངོས་ནས་བལྟས་ན་བཟང་ཆ་(Positive) ཞིག་ཏུ་ངོས་འཛིན་བྱེད་དགོས་པ་དང༼བཞི་པ༽ ྋགོང་ས་མཆོག ང་ཚོའི་འཐབ་རྩོད་ནི་བདེན་པའི་སྟོབས་ཤུགས་དང་མེ་མདའི་སྟོབས་ཤུགས་དབར་གྱི་འཐབ་རྩོད་ཅིག་རེད། སྐབས་འཕྲལ་མེ་མདའི་སྟོབས་ཤུགས་དེ་ཆེ་བ་ཡོད་ཀྱང༌། ཕུགས་རྒྱང་རིང་པོའི་ནང་ལ་བདེན་པའི་སྟོབས་ཤུགས་ནི་མེ་མདའི་སྟོབས་ཤུགས་ལས་ཀྱང་ནུས་པ་ཆེ་བ་ཡོད། ༼༥༽ངོས་ནས་ཨ་རིའི་དམག་དོན་སྟོབས་ཤུགས་དང༌། རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཀྱི་ཐད་ནས་བསྔགས་བརྗོད་བྱེད་ཀྱི་མེད། ངོས་ཀྱིས་ཨ་རིར་བསྔགས་བརྗོད་བྱེད་ས་དངོས་ནི་ཀུན་སྤྱོད་ཀྱི་སློབ་གསོ་དང༌། མང་གཙོ། རང་དབང༌། འདོད་མོས་བཅས་ཡིན། དེ་ཚོ་ནི་ཨ་རིའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ངོ་མ་དེ་རེད།༼༦༽ྋགོང་ས་མཆོག བོད་མི་ས་ཡ་དྲུག་དང་བོད་མི་རྣམས་ག་ཚོད་གནས་པ་དེ་སྲིད་དུ་བོད་མིའི་འཐབ་རྩོད་མུ་མཐུད་ནས་སྡོད་ཀྱི་རེད།༼༧༽གཞི་རྩའི་འགྲོ་བ་མིའི་འདོད་མོས་ནི་སྐྱེས་དུས་ནས་རང་ཆས་སུ་ཡོད་པ་དང༌། དེ་ནི་འགྲོ་བ་མི་ཡོད་དོ་ཅོག་ལ་རང་དབང་བྱེད་རྒྱུའི་ཐོབ་ཐང་ཡོད། ཅེས་པས་རང་ལུས་མེར་སྲེག་གནང་མཁན་དེ་ཚོར། འཚེ་མེད་ཡིན་པར་གསུངས་འདུག རྒྱུ་མཚན་དེས་ན་་བཀག་འགོག་བྱེད་དང་མི་བྱེད་དེ་རྒྱ་གུང་ཁྲན་གིས་ལག་ཏུ་ཡོད་པར་ལས། བོད་མིར་རང་འགར་བ་དེ་ཚོས་ལག་ཏུ་མེད། དེས་ན་ཁྱེད་ཀྱི་འདོད་པའི་རེ་སྟོང་དེ་འཆལ་གཏམ་ཉིད་དུ་གྱུར་འདུག།
བཀྲ་ཤིས་ཀྱིས་བཤད་པ་བདེན་ད་དེའི་དུས་ཚོད་ལ་སླེབས་ཡོད་པ་འདྲ།
བཀྲིས་ཀྱིས་བཤད་པ་བདེན་ནོ།
དྲ་འབུ་ལ་ཡ་བྱེད་མཁན་དེ་ཚོ་ཁོ་རང་ཚོ་ཡང་དྲ་འབུ་རེད། དྲ་འབུ་ལ་སྟོབས་ཤུགས་སྦྱིན་མཁན་དང་དྲ་འབུའི་གྲངས་ཀ་མང་དུ་སྤེལ་མཁན་ནི་དྲ་འབུ་ལ་ཡ་བྱེད་མཁན་དག་རེད།
དེ་རེད། ངས་སྤེལ་བ་འདིའི་ནང་དུ་མགོན་པོ་ཟེར་བ་ཞིག་དང་སྡེ་དགེ་བསོད་ནམས་དབང་མོ་ཟེར་བའི་མིང་ཐོག་ནས་སྐབས་བབ་ཀྱི་བརྗོད་གཞི་དང་གཏན་ནས་མ་འབྲེལ་བའི་ཡི་གེ་རིང་པོ་རེ་བཀོད་འདུག་ག དེ་དཔེ་མཚོན་རེད། ཨོ་ད་དེ་ལྟ་འདྲ་བ་བྱེད་མཁན་ཚོར་ངས་དྲ་འབུ་དང་། དྲ་བའི་རང་དབང་གཏོར་བཤིག་པ། རེད་ཅེས་བརྗོད་པ་ཡིན། འདི་ཚོས་དེ་འདྲ་བ་བྱས་ནས་དྲ་བ་འདིའི་སྟེང་གི་རྩོམ་དང་བསམ་ཚུལ་མཆན་བུའི་སྟེང་ནས་བགྲོ་གླེང་ལམ་ལྷོངས་མེད་པ་བཟོས་ཡོང་གིན་འདུག
དགོངས་འགལ་མེད་པར་ཞུ། སྤོབས་པ་མཐའ་ཡས་ལགས་ཁྱེད་ལ་ཕུད་པའི་ཐོབ་ཐང་ཡོད་ན་ཕུད་ཀྱང་ཆོག། གུས་མོར་གནས་འདིར་འདུག་འདོད་བྱུང་མ་སོང། རང་དབང་གིས་གླེང་སྟེགས་ཞིག་གིས་སྟེང་དུ། སྨྲ་བརྗོད་ལ་ཚོད་བགམ་བྱེད་རྒྱུ་དེས་ཁ་བརྡར་གཏོར་གཤིག་མ་བྱས་ན་་མཆན་བུ་བས་གཏོར་གཤིག་བྱེད་མི་ཐུབ། གལ་སྲིད་མཆན་བུ་བས་གཏོར་གཤིག་བྱེད་ཐུབ་པའི་དྲྭ་ཚུགས་ཤིག་ཡིན་ན། དྲྭ་བདག་ལ་བློ་རྩ་བརྟན་པོ་མེད་པའི་རྟགས་རེད།
བཀྲིས་ལགས་ལ་རམ་འདེབས་ཀྱི་ཚུལ་དུ་དཔེ་མཚོན་གཞན་ཞིག་ཀྱང་ཞུ་སྙིང་འདོད། ཁོང་ཚོར་ཁ་ཡ་མི་བྱེད་པ་ནི་དྲྭ་དམག་ནུས་མེད་དུ་བྱེད་ཐབས་ཤེས་བཟང་ཤོས་ཏེ། དཔེར་ན་བྱིས་པ་དཔའ་སྐྱེས་ལངས་པོ་དེ་ཚོས་བྱ་སྤྱོད་ཡ་མ་ཟུང་གང་འདྲ་ཞིག་བྱས་ཀྱང་རྒན་པས་ཁ་ཡ་མ་བྱས་པར་གཡུག་བཞག་ན་ཏོག་ཙམ་ནས་ཁོའི་ཟིང་ཆ་ནུས་མེད་གྱུར་ཏེ། ཁོའི་དེ་རྒྱས་པ་ལ་བལྟ་རོགས་དང་མཉམ་དུ་ཟིང་ཆ་རྒྱག་རོགས་དགོས་ལ། སུས་ཀྱང་ཡ་ལན་མ་བྱས་ན་རང་བཞིན་གྱིས་འཇམ་དུ་འགྲོ་བ་ཆོས་ཉིད་དོ།།
གཞན་ཡང་།
རྔ་ལ་དབྱུག་གུས་མ་བསྣུན་ན།།
དེ་སྲིད་བར་དུ་སྒྲ་མི་འབྱིན།།
ཞེས་པ་དང་སྦྱར་ཏེ། ཕ་རོལ་པོས་དབྱེན་དཀྲུག་གི་རྔ་བོ་ཆེ་ཇི་ཙམ་འཕྱར་ཡང་རང་ཕྱོགས་ནས་དེ་ལ་དབྱུག་གུ་མ་བཞུས་ཤིང་། ཁོ་ཚོའི་ནང་ནས་རྔ་དེར་ང་ཚོ་ཡིན་ཁུལ་གྱིས་བསྣུན་ཀྱང་ང་ཚོས་དུས་ནམ་ཡང་བརྡུང་རོགས་མ་བྱས་ན། ད་གཟོད་ཁོང་ཚོ་ཡིད་ཐང་ཆད་པའམ་ཡང་ན་རྔ་བོ་ཆེ་དེ་ཉིད་བརྡུང་ཆེས་པས་རལ་བར་འགྱུར་རོ།།