རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །
མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས། །
མི་བདག་གི་དཀའ་ལས་ཀྱི་དཔེ་བཤད་ན། །
ཁྱེད་འདིར་བཞུགས་ཀྱི་ཇོ་བོ་སྟོན་ཆེན་རྣམས། །
ཆོས་སླ་བར་མ་དགོངས་ཚུལ་བཞིན་སྒྲུབས། །
ཁོ་བོ་མར་པ་ལོ་ཙྰ་འདི། །
སྐྱེས་པ་ལྷོ་བྲག་མཐིལ་དུ་སྐྱེས། །
ལས་འཕྲོ་དཀར་པོའི་ཆོས་ལ་སད། །
དཔལ་མུ་གུ་ལུང་གི་དགོན་པ་རུ། །
སྒྲ་སྒྱུར་འབྲོག་མི་ལོ་ཙྰ་ལ། །
སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས། །
ཁོང་སྐུ་དྲིན་མི་ཆུང་ཆེ་བར་འཁུམས། །
དམ་ཆོས་རྒྱ་གར་ཡུལ་ནས་བཙལ། །
བདག་བལ་བོའི་ལམ་དུ་ཞུགས་ཙ་ན། །
བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད། །
ནགས་མཐུག་པོ་གཅིག་ལ་ཐོན་དུས་མེད། །
ལམ་རིང་པོ་གཅིག་ལ་བགྲོད་དུས་མེད། །
ཤིང་སྡོང་པོ་མི་རོ་རེངས་པ་འདྲ། །
ལམ་དེ་ཀུན་གྱི་སྡུག་བསྔལ་མཐོང་ཙ་ན། །
བྱ་དགུང་ལ་འཕུར་བ་གཤོག་པ་འདར། །
འོན་ཀྱང་ངལ་དུབ་བྱ་རིན་ཆོག །
ཡུལ་ལྷ་ལས་བབས་པའི་བལ་བོ་མཐོང་། །
ཕྱི་འདོད་ཡོན་ལྟ་བས་ཆོག་མི་ཤེས། །
མི་འདོད་ཁམས་ཀྱི་ལྷ་ཕྲན་ཡིན་ནོ་སྙམ། །
དུས་བསྐལ་པ་བཟང་པོར་འདུག་གོ་སྙམ། །
ལམ་བགྲོད་པར་དཀའ་ཡང་ཕྱིན་པས་ལེགས། །
ང་དེ་ནས་རྒྱ་གར་ཡུལ་དུ་ཕྱིན། །
མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །
སྲོག་ཅི་བདེར་ཐོན་པའི་རེ་མ་མཆིས། །
གཅན་གཟན་གྱི་ངར་སྐད་ཐོས་ཙ་ན། །
ལུས་གཙང་སར་ཐོན་པ་ཅུང་མ་བསམས། །
སྦྲུལ་སྦྲམ་ཆེན་གྱི་ཁ་རླངས་མཐོང་ཙ་ན། །
ཡིད་བརྟན་པར་ཕྱིན་ཡང་གོམ་ཚུགས་འཁྱོར། །
ལམ་དེ་ཀུན་གྱི་འཇིགས་པ་མཐོང་བ་རྣམས། །
དུས་ད་ལྟ་དྲན་ཡང་གློ་སྙིང་འདར། །
ཆུ་གྲགས་པ་ཅན་གྱི་གངྒྰ་བརྒལ། །
འོན་ཀྱང་དཀའ་བ་སྤྱད་རིན་ཆོག །
ཡུལ་དབུས་འགྱུར་ཚལ་གྱི་བཀོད་པ་མཐོང་། །
དཔལ་རྡོ་རྗེ་གདན་གྱིས་སྣ་དྲངས་པའི། །
རྟེན་ངོ་མཚར་ཅན་ལ་མཆོད་པ་བྱས། །
ཁོ་བོ་ཕྱིན་པ་འཕྱིས་སོ་སྙམ། །
ཆོས་སྙིང་ནས་འཚོལ་བའི་གདུང་སེམས་ཀྱིས། །
ཡུལ་རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ། །
ཐང་ཆེན་པོ་གཅིག་ལ་ཆོད་དུས་མེད། །
མེ་འོབས་ཀྱི་ཐང་ལ་ཕྱིན་ནོ་སྙམ། །
ཡིད་ཆོས་ལ་བསམས་ཀྱང་སྙིང་རླུང་འཕྱོ། །
ནད་འཚོ་བར་དཀའ་བའི་ཚད་པས་ཐེབས། །
དོ་ཤི་དོ་ཆད་བཅུ་གསུམ་བྱུང་། །
ཁ་ཆེམས་ཚིག་གསུམ་བཞག་ས་མེད། །
དབུགས་འགྱུ་བ་ཆད་པ་ལན་གསུམ་མྱོང་། །
དེ་དུས་ཀུན་གྱི་སྡུག་བསྔལ་མཐོང་ཙ་ན། །
སྡང་དགྲའི་མིག་ནས་མཆི་མ་འཆོར། །
འོན་ཀྱང་སྲོག་བསྡོས་བྱ་རིན་ཆོག །
རྗེ་ན་རོ་པཎ་ཆེན་གྱིས་སྣ་དྲངས་པའི། །
བླ་མ་གྲུབ་ཐོབ་ལྔ་དང་མཇལ། །
སྤྱིར་རྒྱུད་སྡེ་བཞི་ལ་ཉན་བཤད་བྱས། །
ཁྱད་པར་མ་རྒྱུད་མཐའ་དག་དང་། །
ཕ་རྒྱུད་གསང་བ་འདུས་པ་བསླབས། །
ཤར་ཆུ་བོ་གངྒྰའི་འགྲམ་དུ་ཕྱིན། །
རྗེ་མེ་ཏྲི་པ་ཡི་བྱིན་རླབས་ཀྱིས། །
གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །
སེམས་སྟོང་པ་ཉིད་ལ་སྦར་འཛིན་བྱས། །
དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། །
སྐུ་གསུམ་མ་དང་དངོས་སུ་མཇལ། །
མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །
སླར་བོད་ཡུལ་དབུས་སུ་ལོག་ཙ་ན། །
གདམས་ངག་ཀྱང་ང་རང་ཆེའོ་སྙམ། །
གྲུབ་ཐོབ་ཀྱང་འགའ་རེ་འབྱུང་ངོ་སྙམ། །
འགྲོ་དོན་གྱི་ངོ་བོ་གྲུབ་བོ་སྙམ། །
དེ་ཀུན་ཁོ་བོའི་ཞེ་གདེངས་ལགས། །
དཀའ་བ་སྤྱད་པར་སྤྱད་ལུགས་ལགས། །
ཆོས་དེ་ཙམ་དུ་དཀའ་བར་ཐུགས་དགོངས་ལ། །
ལེ་ལོ་མ་མཛད་བསྒྲུབ་པར་ཞུ། །
འབྲོག་མིའི་ཞབས་ལ་ལོ་གསུམ་བཏུད་ཀྱང་གསང་སྔགས་ཟབ་མོ་མ་གནང་བས།།
མྱུ་གུ་ལུང་ནས་ལོ་ངོ་གསུམ་ལ་ཆོས་ཀྱི་མུ་གེས་གདུངས་ཞེས་གསུངས།།
ན་རོས་དྲིས་པར་ལྷ་ལས་དབང་ཞུ་གདམས་ངག་བླ་མ་ཁྱེད་མཁྱེན་ཞུས།།
དེ་ལ་ཁྱེད་ཀྱི་མི་རྒྱུད་དེ་ལས་ཆོས་རྒྱུན་རིང་བའི་ལུང་བསྟན་གནང༌།།
དོན་དྲུག་དགུང་ལོའི་དབྱར་གཞུང་ཞིག་ལ་རྗེ་བཙུན་མི་ལ་རྗེས་སུ་བཟུང༌།།
ཞིབ་རྒྱས་མཛད་པ་མཇལ་འདོད་དག་གིས་པདྨ་དཀར་པོའི་ཆོས་འབྱུང་ཀློགས།།