རྫ་སྲས་བདེ་ཆེན།
(ས་རཱ་མཐོ་སློབ་ཀྱིས་བཙན་བྱོལ་གྱི་ཤེས་ཡོན་པ་དྲག་འདེམས་བྱས་ནས་དགེ་རྒན་དུ་གདན་འདྲེན་བྱེད་མགོ་བརྩམས་པ་ལ་དཔའ་དར་འཐེན།)
གཅིག
“མིའི་བླ་སྲོག་དང་ཁ་བྲལ་བ། རྣམ་ཤེས་དང་ཁ་བྲལ་བ། མདོ་དོན་མི་དང་མིའི་རིག་གནས་དང་ཁ་བྲལ་ཞིང་ཡན་གར་དུ་གྱུར་བའི་བཙན་བྱོལ་གྱི་སློབ་གསོ་དང་བསྡུར་ནས་བལྟས་ན། ས་རཱ་མཐོ་སློབ་ཀྱིས་བཙན་བྱོལ་སློབ་གསོའི་བླ་སྲོག་དམ་དུ་འཆང་འདུག་ཅེས་སྨྲས་ནའང་ཐལ་བར་མི་སེམས། ཁོ་བོས་རིང་མིན་ཐུང་མིན་གྱི་བགྲང་བྱ་གསུམ་རིང་ས་རཱ་མཐོ་སློབ་ཁོ་ན་ཟས་གོས་གཏན་དུ་བགྱིས་པ་ལ་ཚུལ་འཆོས་དང་གཅམ་ཚིག་སྨྲ་བ་ནི་མ་ཡིན་ནོ།། ”གོང་སྨྲས་ཀྱི་སྐད་ཆ་འདི་ནི་ས་རཱ་མཐོ་སློབ་ཀྱི་སློབ་ཟུར་ཞིག་གིས་ས་རཱ་མཐོ་སློབ་ལ་བཞག་པའི་སྤྱི་བསྡོམས་རེད་ལ། སློབ་ཟུར་ཞིག་གིས་རང་གི་མཐོ་སློབ་ལ་བཞག་པའི་རེ་བཞག་དང་གདེང་འཇོག་ཀྱང་རེད། ཁོང་གི་གདེང་འཇོག་འདི་བཞིན། དེ་རིང་ཁ་སང་ས་ཪཱ་མཐོ་སློབ་ཀྱིས་བཙན་བྱོལ་སློབ་གསོའི་བླ་སྲོག་སྔར་བཟུང་བ་ལས་ཕྱིས་གཟུང་འགྱུར་གྱི་ཕྱོགས་ལ་རེ་བ་རྒྱག་ཆོག་པའི་རྟགས་དང་རྟེན་འབྲེལ་འགའ་ཞིག་མངོན་ཡོང་གིན་འདུག་ཅིང་། དེར་བརྟེན་ནས་བདག་གིས་ཀྱང་བོད་ཀྱི་ཤེས་ཡོན་སློབ་གསོའི་ཕྱོགས་ལ་འདུན་པ་དཀར་བའི་མི་བོ་ཡོངས་ཀྱི་ཚབ་བྱས་ནས་ཁོང་ཚང་ལ་ལས་བཟང་ཡར་བསྟོད་ཀྱི་སེམས་གཏམ་ཙམ་བཤད་འདོད་བྱུང་།
གཉིས།
སྤྱིར་སློབ་གླིང་གང་གིས་བཙན་བྱོལ་གྱི་སློབ་གསོའི་སྲོག་ཐག་དམ་དུ་འཆང་བ་ལ་སློབ་མའི་གྲངས་འབོར་ཙམ་གྱིས་གང་ཡང་མི་འཇོན་པར་གཙོ་བོ་སློབ་མའི་ཤེས་ཡོན་གྱི་སྤུས་ཀ་ཚད་ལྡན་ཡོང་རྒྱུ་དེ་རྩ་བ་རེད། སློབ་མའི་ཤེས་ཡོན་གྱི་སྤུས་ཀ་ཚད་ལྡན་ཞིག་ཡོང་བ་ལ་ཨང་དང་བོར་དགེ་རྒན་ཚད་ལྡན་ཞིག་ཡོད་དགོས་པ་རེད། དགེ་རྒན་ཚད་ལྡན་མིན་པ་ཞིག་གི་སྔུན་ནས་སློབ་མ་ཚད་ལྡན་ཞིག་ཡོང་རེ་མེད་པ་ནི་སྤྱིར་བཏང་གི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་རེད་ལ། རྒྱུ་ས་བོན་དང་ཆུ་ལུད་མེད་པར་འབྲས་བུ་མྱུ་གུ་མི་འབྱུང་བའི་རྒྱུ་འབྲས་ཀྱི་འབྲེལ་བ་རགས་པ་འདི་བླུན་པོ་ལུག་འདྲ་ཞིག་མིན་ན་ཤེས་རྒྱུ་རེད། བཙན་བྱོལ་བོད་ཀྱི་མཐོ་སློབ་ཁག་ཏུ་ཉིན་བཞིན་སློབ་ཚན་མང་ཞིང་སློབ་མ་ཚོས་དུས་ཚོད་མང་ཤོས་ལ་དགེ་རྒན་གྱི་ཕྱོགས་སུ་ཁ་གདངས་ཤིང་མིག་ཅེར་རེར་དགེ་རྒན་གྱི་ལེགས་བཤད་ལ་རེ་ཞིང་ངང་སྒུག་བགྱིད་བཞིན་ཡོད་པས་ན། དགེ་རྒན་ལྟེ་བ་ཡིན་པའི་སློབ་གསོའི་ཁོར་ཡུག་འདི་དག་ཏུ་དགེ་རྒན་ཡག་པོ་ཞིག་མེད་སོང་བས་འུ་ཅག་གི་སློབ་གྲྭར་བསྙད་པ་དག་ནི་མི་བཟོ་བསྐྲུན་བྱེད་ས་མ་ཆགས་པར་ལྡོག་སྟེ་མི་སྡེབ་བརླག་བྱེད་ས་ཆགས་པ་རེད། ཤེས་ཡོན་འཕེལ་རྒྱས་སུ་འགྲོ་ས་མ་ཆགས་པར་ཤེས་ཡོན་འཐུས་ཤོར་དུ་འགྲོ་ས་ཆགས་པ་རེད། མདོར་ན། སློབ་གྲྭ་ནི་ལྟོ་སྤྲོད་ས་དང་གནས་གཡར་ས་ལྟ་བུ་ཆགས་པ་རེད། སྤྱིར་སློབ་གྲྭ་ནི་མི་བཟོ་བསྐྲུན་བྱེད་ས་དང་དགེ་རྒན་ནི་མི་བཟོ་སྐྲུན་བྱེད་མཁན་ཡིན་པའི་ཆ་ནས་གང་དུ་ཡང་། ནམ་དུ་ཡང་དགེ་རྒན་གལ་ཆེན་ཡིན་དོན་བཤད་ཅི་དགོས་ལ། ལྷག་ཏུ་བཙན་བྱོལ་གྱི་སློབ་གསོའི་གནས་སྟངས་འདི་ལ་བལྟས་ནས་བཤད་ན་དགེ་རྒན་ཚད་ལྡན་ཞིག་ཡོད་མེད་དེ་བདག་ཅག་གི་སློབ་གསོ་ལེགས་ལམ་དུ་འགྲོ་མིན་གྱི་གནད་འགག་མཐའ་དག་གི་རྩ་བ་ཆགས་ཡོད།
གསུམ།
ཉེ་བའི་ལོ་ནས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཧྲིལ་བོས ”མི་ལོ་སུམ་ཅུའི་ཤེས་ཡོན་འཐུས་ཤོར” ཟེར་བ་ཞིག་མི་འདོད་བཞིན་དུ་ཁས་ལེན་ཁུལ་བྱས་ཤིང་། དེའི་ཕྱོགས་ལ་འགྱོད་གདུང་ཡོད་པའི་ཕྱི་ལོག་གི་འཁྲབ་ཚན་མང་དག་ཅིག་འཁྲབས་པ་རེད། སྐད་ཆ་མང་དག་ཅིག་བཤད་པ་རེད། ཚོགས་འདུ་རྫོགས་མེད་ཅིག་ཚོགས་པ་རེད། ཡིན་ན་ཡང་། ཁོང་ཚོ”ཁ་རོ་ལ་འཁོར་ནས་མི་ངུ་བར་ཕྱིར་གྱང་ལ་འཁོར་ནས་ངུས་སོང་།” ཤེས་ཡོན་འཐུས་ཤོར་གྱི་རྒྱུ་རྐྱེན་ཆེ་ཤོས་གཅིག་དེ་སློབ་གྲྭ་ཁག་ལ་དགེ་རྒན་ཚད་ལྡན་ཞིག་མེད་པས་ཡིན་པ་ས་རིས་ཐང་གསལ་ཡིན་བཞིན་དུ། དེའི་ཕྱོགས་ནས་ཆད་པ་ཁ་སྐོང་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་ད་རུང་༧གོང་ས་མཆོག་གི་དགོངས་གཞི་ཟེར་བ་ཞིག་བསྒྲུབ་རྒྱུ་ཡིན་ཚུལ་གྱི་སྐད་ཆ་རུལ་བ་འགའ་མུ་མཐུད་ནས་བཤད་གིན་གདའ། ཤེས་ཡོན་འཐུས་ཤོར་སྔར་བཞིན་འགྲོ་མུས་ཡིན་ཞིང་དེའི་ཕྱོགས་ལ་ཅིས་ཀྱང་བྱ་དགོས་པའི་ལས་དོན་ཤིག་སུས་ཀྱང་བསྒྲུབ་འདོད་གི་མེད་ལ། བསྒྲུབ་ཀྱང་ཤེས་ཀྱི་མེད་པའི་དུས་མཚམས་འདིར་ས་ཪཱ་ཚང་གིས་དེ་གའི་སློབ་མ་ཚོའི་རེ་བ་ལྟར་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་རྩོམ་རིག་དགེ་རྒན་ལ་ཆེད་དུ་གདན་འདྲེན་བྱས་ཤིང་། ད་ལྟ་དེ་གའི་དགེ་སློབ་གཉིས་ཆ་ལ་སློབ་ཁྲིད་ཀྱི་མཛད་པ་བསྐྱངས་དང་སྐྱོང་མུས་རེད། འདི་ནི་བཙན་བྱོལ་བོད་ཀྱི་ཤེས་ཡོན་ལོ་རྒྱུས་ཁྲོད་དགེ་འོས་ཀྱི་ལག་འཁྱེར་ཤོག་བྱང་ལས་ཤེས་ཚད་ཨང་དང་བོར་འཇོག་པ་དང་། དགེ་རྒན་གྱི་ཁྲིད་སྟེགས་སུ་ཤེས་ཡོན་པ་དྲག་འདེམས་བྱེད་པའི་མགོ་བརྩམས་པ་རེད་པས། ངས་དོན་བྱ་འདི་ལ་སྙིང་ཐག་པ་ནས་བསྟོད་བསྔགས་དང་གུས་བཀུར་བྱེད་རྒྱུ་ཡིན། མདོར་ན། བཙན་བྱོལ་ནས་ཤེས་ཅན་ཤེས་ཡོན་ཅན་དུ་ངོ་ཤེས་པའི་མགོ་བརྩམས་པ་རེད། ཤེས་ཡོན་སློབ་གསོའི་མཁའ་དབུགས་ཤེས་ཡོན་ཅན་ལ་བདག་པའི་མགོ་བརྩམས་པ་རེད། ཤེས་ཡོན་ཅན་ལ་ཤེས་ཡོན་གྱི་འཇོན་ནུས་ཡོད་པར་ཁས་བླངས་བ་རེད་པས། བརྒྱ་ལ་མ་འོངས་བར་བཙན་བྱོལ་དུ་གཞོན་སྐྱེས་ཤེས་ཡོན་ཅན་རེ་འཁྲུངས་རྒྱུ་ན་ཕྱིའི་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེན་མོ་ཁག་ཁོ་ནས་ལོངས་སྤྱོད་རྒྱུ་མ་ཡིན་པར། ང་ཚོས་ཀྱང་ཤེས་ཡོན་ཅན་བེད་སྤྱོད་བྱེད་ཤེས་ཀི་ཡོད། ང་ཚོའི་ཁོར་ཡུག་ལ་ཡང་ཤེས་ཡོན་ཅན་ཤོང་གི་ཡོད། ང་ཚོར་ཡང་ཤེས་ཡོན་ཅན་གྱི་གདུལ་བྱ་ཡོད་ཅེས་མ་མཐའ་ཡང་སྐད་ཆ་ཙམ་ཞིག་བཤད་ཆོག་ཆོག་ཆགས་པ་རེད། དོན་འདི་ལ་བཙན་བྱོལ་སློབ་གསོའི་ཕྱོགས་ལ་ཤ་ཚ་བའི་ཤེས་ལྡན་པ་རྒན་དར་གཞོན་གསུམ་གྱིས་ཡི་རང་དང་བསྔགས་བརྗོད་བྱེད་ཀྱིན་འདུག འདི་དང་འདི་བཞིན་བཙན་བྱོལ་གྱི་སློབ་གསོའི་སྡེ་ཁག་སོ་སོ་ནས་ཤེས་ཡོན་སློབ་གསོའི་ཕྱོགས་ཀྱི་བཅོས་བསྒྱུར་གང་དགོས་ལ་བརྒྱ་ཁ་ཆིག་གཅོད་དང་། སྟོང་ཐག་སྒེར་གཅོད་ཀྱིས་མཁྲེགས་འཛིན་མི་བྱེད་པར་སློབ་གསོའི་ཕྱོགས་ཀྱི་མ་འདང་ས་དང་མི་དགོས་པའི་ལས་དག་མྱུལ་ཏུ་ལེགས་བཅོས་བྱེད་ཐུབ་ཚེ། མི་ལོ་སུམ་ཅུའི་ཤོས་ཡོན་འཐུས་ཤོར་ལ་ཁ་གསབ་དོན་དུ་སྨིན་པ་ཞིག་བྱ་ཐུབ་པའི་ཡིད་ཆེས་བདག་ལ་ཡོད།
བཞི།
སྤྱིར་ཤེས་ཡོན་སློབ་གསོའི་ཁོར་ཡུག་ཅིག་ལ་ཆ་མཚོན་ན། ཤེས་ཡོན་ཅན་གྱིས་ཤེས་ཡོན་སྦྱོང་མཁན་ལ་སློབ་ཁྲིད་བྱེད་དུ་འཇུག་པ་དེ་ཡ་མཚན་དགོས་པ་དང་། ཡང་ན་འདི་ནི་དེ་འདྲའི་བྱ་དཀའ་བའི་ལས་ཤིག་ཡིན་དོན་མི་འདུག་ལ། མ་མཐའ་ཡང་འདི་འདྲ་ཞིག་སྒྲུབ་འོས་པ་དང་མ་སྒྲུབ་ཐུ་མེད་ཀྱི་ལས་ཀ་ཞིག་རེད། འོན་ཀྱང་། བཙན་བྱོལ་སློབ་གསོའི་མཁའ་དབུགས་ནི་ཤེས་ཡོན་ཅན་ལ་དགྲར་འཛིན་གྱི་འདུ་ཤེས་དང་། གླེགས་རྙེད་ན་དེ་མ་ཉིད་དུ་ཞྭ་ནག་གཡོག་ཅིག་ཕམ་པར་རྒྱག་ཐབས་བྱེད་པའི་སྲོལ་ངན་སྡུག་པ་ཅན་ཞིག་གིས་ཡོངས་སུ་བརྫད་བཞག་ཡོད་སྟབས། ད་ནི་སློབ་མ་ཚོར་དགེ་རྒན་ཡག་པོ་ཞིག་གིས་སློབ་ཁྲིད་རེ་བྱེད་དུ་འཇུག་པ་ཙམ་ཡང་དོན་བཟང་ཞིག་ལ་མི་བརྩི་རང་བརྩི་མ་རེད་དམ། ད་བར་དུ་ང་ཚོས་ཤེས་ཡོན་པ་བསྐོང་འགུག་དང་གཅེས་སྐྱོང་རྩ་བ་ཉིད་ནས་བྱེད་མ་མྱོང་བའི་སྒང་ལ་ཤེས་ཡོན་ཅན་མང་བོ་ཞིག་གི་དབུ་ལ་ཉེས་ཞྭ་བསྐོན་ཏེ་རྒྱང་འཕུད་བཏང་བ་ཡང་མང་བོ་རེད། ང་ཚོར་བྱིན་ཀྱང་མ་དགོས་བའི་ཤེས་ཡོན་པ་དེ་ཚོར་མཚོན་ན། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གིས་སློབ་དཔོན་ཆེན་པོ་སོགས་ཤེས་ཡོན་གྱི་ལས་གནས་མཐོན་པོ་རྐྱང་རྐྱང་གི་སྒང་དུ་བཞག་ཅིང་བདག་པོ་རྒྱག་གི་ཡོད་པ་རེད། མདོར་ན། ཤེས་ཡོན་གྱི་མུ་གེ་དང་ཤེས་ཡོན་འཐུས་ཤོར་བཅས་ཀྱི་འདམ་དུ་ཟུག་ཅིང་། མཐའ་ན་དགེ་རྒན་སྤུས་དག་ཅིག་ཀྱང་རྙེད་དུ་དཀའ་བའི་འུ་ཅག་གི་སློབ་གསོའི་ཁོར་ཡུག་འདི་ཇི་ལྟར་བྱས་ནས་ཤེས་ཡོན་ཅན་དོར་ཞིང་དེ་དག་ལས་རྒྱང་བཀྱེད་བྱས་སོང་བ་རེད། ཅིའི་ཕྱིར་ཤེས་ཡོན་ཅན་ལ་མ་དགའ་བ་རེད། ཅིའི་ཕྱིར་ཤེས་ཡོན་ཅན་ལ་དོགས་ཤིང་སྐྲག་པ་རེད། ང་ཚོས་དངོས་གནས་དྲང་གནས་བཙན་བྱོལ་ནང་གི་ཤེས་ཡོན་འཐུས་ཤོར་ལ་ཁ་གསབ་བྱེད་འདོད་ན། བཙན་བྱོལ་གྱི་མ་འོངས་བའི་ཤེས་ཡོན་ལོ་རྒྱུས་ལམ་དུ་ལྷོངས་འཇུག་འདོད་ན། འདི་དང་འདི་འདྲ་བའི་གནད་དོན་ལ་བསྐྱར་ཞིབ་མ་བྱས་རང་བྱས་རེད། བཟོད་གསོལ་མ་བྱས་རང་བྱས་རེད།
སྤྱིར་བཏང་གྲོགས་རྫ་སྲས་ལགས་ཀྱིས་དཔྱད་གཏམ་ཞིག་སྤེལ་པར་དགའ་བསུ་ཞུ། བཟང་བ་ལ་བཟང་སྟོད་དང་ངན་པ་ལ་ངོ་སྤྲོད་རེ་བྱེད་རྒྱུ་གལ་ཆེ། ཡིན་ནའང་ད་ཐེངས་ཉིད་ཀྱིས་དཔྱད་བརྗོད་སྤེལ་སྐབས་བརྗོད་བྱའི་རྒྱབ་ལྗོངས་ལ་ཞིབ་འཇུག་གམ་བརྩད་གཅོད་གནང་མི་འདུག སཱ་ར་མཐོ་ནི་ངའི་སེམས་སུ་ཁྲེག་སེ་ཡོད་ལ། སྙན་པ་འམ་སྒྱུ་རྩལ་བ། ཡང་དགེ་རྒན་སྦྲེལ་ནག་པ་སཱ་ར་ཚང་གིས་ཆེན་པོ་དག་གིས་གདན་འདྲེན་ཞུས་པ་མིན་པར་མི་རིགས་ལ་ཤ་ཞེན་ལྡན་ཞིང་སྐད་ཡིག་ལ་དུང་བ་ཟབ་པའི་དགེ་རྒན་ཞིག་གིས་འབད་བརྩོན་གྱི་གྲུབ་འབྲས་ཤ་སྟག་ཏུ་ངེས། ད་དུང་སྦྲེལ་ནག་དེར་དགེ་རྒན་དུ་གདན་འདྲེན་ཞུ་དགོས་པའི་རྒྱུ་མཚན་དང་གནས་ལུགས་དག་རེ་རེ་བཞིན་བགྲངས་སྐབས། སཱ་ར་ཚང་གི་ཆེན་པོ་ག་ཚོད་ཀྱིས་རྒྱབ་སྐྱོབ་བྱས་ཡོད་མེད་གསལ་གསལ་ཐིང་ཐྀང་ཡིན་པས་འདིའི་རིགས་མ་ཤེས་གོང་བསྟོད་ར་འཐེན་ན། དེའི་སྐོར་ལ་རྒྱུས་མངའ་ཆེ་བའི་སྐྱེས་བུ་གང་མང་ཞིག་གད་མོ་ཤོར་བཞིན་པ་གཏན་འཁེལ་ཡོད། ཉིད་ཀྱིས་ཧ་ཅང་ཤེས་འདོད་ཆེ་ན་ཁོ་བོ་སྒེར་ལ་འབྲེལ་གཏུགས་བྱོས་དང་ངས་ཁྱེད་ལ་དེའི་སྐོར་གསལ་ཐག་ཆོད་ཅིག་བཤད་ཆོག དེ་མིན་འདིར་དེའི་སྐོར་གླེང་ན་ཕན་རྒྱུ་ལས་གནོད་ངེས་པས་སྤྱི་ཚོགས་དཀྲུགས་འདོད་མ་སྐྱེས་སོ། དེ་ཙམ་བྱོས།
སྤྱིར་བཏང་གྲོགས་རྫ་སྲས་ལགས་ཀྱིས་དཔྱད་གཏམ་ཞིག་སྤེལ་པར་དགའ་བསུ་ཞུ། བཟང་བ་ལ་བཟང་སྟོད་དང་ངན་པ་ལ་ངོ་སྤྲོད་རེ་བྱེད་རྒྱུ་གལ་ཆེ། ཡིན་ནའང་ད་ཐེངས་ཉིད་ཀྱིས་དཔྱད་བརྗོད་སྤེལ་སྐབས་བརྗོད་བྱའི་རྒྱབ་ལྗོངས་ལ་ཞིབ་འཇུག་གམ་བརྩད་གཅོད་གནང་མི་འདུག སཱ་ར་མཐོ་སློབ་ནི་ངའི་སེམས་སུ་ཁྲེག་སེ་ཡོད་ལ། སྙན་ངག་པའམ་སྒྱུ་རྩལ་བ། ཡང་ན་དགེ་རྒན་སྦྲེལ་ནག་པ་སཱ་ར་ཚང་གི་ཆེན་པོ་དག་གིས་གདན་འདྲེན་ཞུས་པ་མིན་པར་མི་རིགས་ལ་ཤ་ཞེན་ལྡན་ཞིང་སྐད་ཡིག་ལ་དུང་བ་ཟབ་པའི་དགེ་རྒན་ཞིག་གིས་འབད་བརྩོན་གྱི་གྲུབ་འབྲས་ཤ་སྟག་ཏུ་ངེས། ད་དུང་སྦྲེལ་ནག་དེར་དགེ་རྒན་དུ་གདན་འདྲེན་ཞུ་དགོས་པའི་རྒྱུ་མཚན་དང་གནས་ལུགས་དག་རེ་རེ་བཞིན་བགྲངས་སྐབས། སཱ་ར་ཚང་གི་ཆེན་པོ་ག་ཚོད་ཀྱིས་རྒྱབ་སྐྱོབ་བྱས་ཡོད་མེད་གསལ་གསལ་ཐིང་ཐྀང་ཡིན་པས་འདིའི་རིགས་མ་ཤེས་གོང་བསྟོད་ར་འཐེན་ན། དེའི་སྐོར་ལ་རྒྱུས་མངའ་ཆེ་བའི་སྐྱེས་བུ་གང་མང་ཞིག་གད་མོ་ཤོར་བཞིན་པ་གཏན་འཁེལ་ཡོད། ཉིད་ཀྱིས་ཧ་ཅང་ཤེས་འདོད་ཆེ་ན་ཁོ་བོ་སྒེར་ལ་འབྲེལ་གཏུགས་བྱོས་དང་ངས་ཁྱེད་ལ་དེའི་སྐོར་གསལ་ཐག་ཆོད་ཅིག་བཤད་ཆོག དེ་མིན་འདིར་དེའི་སྐོར་གླེང་ན་ཕན་རྒྱུ་ལས་གནོད་ངེས་པས་སྤྱི་ཚོགས་དཀྲུགས་འདོད་མ་སྐྱེས་སོ། དེ་ཙམ་བྱོས།
གོང་དུ་གཏགས་ནོར་འགའ་རེ་ཤོར་འདུག་པས་བཅོས་ཏེ་ཡང་བསྐྱར་མཆན་བུ་དེ་བཏགས་པ་ཡིན།
བསམ་ཚུལ་སྦུད་ཙམ་ཞུ་ཆོག་པ།
རྫ་སྲས་ཀྱིས་བཤད་པ་བདེན་ན་ག་གེ་མོ་ཁོང་གིས་ས་རའི་དགེ་སློབ་གཉིས་ཆར་ལ་སློབ་ཁྲིད་གནང་གིན་ཡོད་ཚོད། དེ་ལྟར་ན་ལེགས་ཉེས་ཇི་ལྟར་ཡང་ཁོང་ས་རས་གདན་འདྲེན་པ་ལ་ངོས་འཛིན་ཆོག ཨ་དགེས་བཤད་པ་བདེན་ན་དེ་ལ་མོས་མཐུན་མི་བྱེད་མཁན་ཡང་ཡོད་ཚོད་འདུག དེའི་རྒྱུ་མཚན་གྱིས་ཁོང་དགེ་རྒན་བྱེ་བྲག་པ་ཞིག་གིས་གནད་འདྲེན་པ་ལས་ས་ར་རང་གིས་མིན་པར་བཤད་པ་ནི་རྣ་ནར་འགྲོ་བ་ཞིག་མ་བྱུང་། སྤྱི་ཚོགས་དེའི་ནང་དགེ་རྒན་བྱེ་བྲག་པ་ཞིག་གིས་རྒན་ཞིག་གདན་ཞུས། དེས་དགེ་སློབ་གཉིས་ཆར་ལ་འཆད་ཁྲིད་བྱེད་བཅུག་ནུས་པའི་དགེ་རྒན་དབང་ཆེན་དེ་འདྲ་ག་ལ་ཡོད་སྲིད། དེས་ན་ཁོང་གདན་འདྲེན་པ་ལ་འགྲིག་མ་འགྲིག་གི་སྐད་ཆ་ཤོད་མཁན་གཉིས་ཀ་ཡོད་ཆུད། འགྲིག་པ་ལ་མོས་མཁན་མང་བ་བྱུང་བས་ན་ས་རས་གདན་ཞུས་པ་ལ་ངོས་འཛིན་དགོས། དེ་མིན་བརྒྱ་ཆ་བརྒྱ་མང་མོས་ནི་ད་བར་མ་བྱུང་བའི་ཐག་གཅོད་ཅིག་རེད།
ད་རེས་མེ་དཀར་ལགས་ནས་་་སྐད་ཆ་བདེན་པ་འདྲ་ཞིག་ཁ་ནས་ཡོང་ཡོད་ཀི་་་་བཟང་གི།
ཨ་དགེའི་སྐད་ཆ་ལ་ཞེ་དྲག་ཁོངས་འེ་ཡོད་ན་་བསམ་བསམ་འདྲ་ཞིག་བྱུང་སོང་།
ངས་རྒྱུན་པར་ནས་སྐད་ཆ་བདེན་པ་ཏག་ཏག་བཤད་གི་ཡོད། ཡིན་ནའང་འདྲེའི་རྣ་བས་ཕྱིན་ཅི་ལོག་གོ་གི་མེད་འགྲོ ཧཧཧཧཧ ཀུ་རེ་ཡིན།
མ་གཞི་ང་ལ་མཚོན་ན་གྲོགས་སྦྲེལ་ནག་པས་སཱ་རའི་བྱིས་པ་ཚོའི་ཁ་ནང་དུ་གསེར་ལྟ་བུའི་ཤེས་རིག་བླུགས་ན་དེས་འཐུས། འོན་ཀྱང་བཟང་བ་ལ་བཟང་བསྟོད་དང་། ངན་པ་ལ་ངོ་སྤྲོད་ཅིག་མེད་ན་མི་ལེགས་བསམ་པ་ཡིན། དེའི་ཐད་ནས་ང་ཧ་ཅང་རྒྱུས་མངའ་ཆེ། སྦྲེལ་ནག་པ་ཁོང་གིས་ཀྱང་གསལ་བོར་ཤེས་ནི་རེད་ལ། མ་གཞི་འདི་མང་གཙོའི་ལམ་ཁ་ཞིག་ནས་གདན་འདྲེན་བྱས་པ་མིན་པར་འགོག་མེད་ཀྱི་ཆུ་བོ་ཞིག་ཐུར་དུ་བཞུར་བ་ལྟ་བུའི་གནས་ཚུལ་ཡོད། ད་མང་བོ་གླེང་ན་བརྗོད་གཞི་དང་མ་འབྲེལ་བའི་ཚིག་ཉོག་གང་ཟག་སྒེར་གྱི་མི་གཞིའི་སྟེང་དུ་འགྲོ་ངེས་པས་མཚམས་འཇོག་རྒྱུ་ཡིན། རྭ་འཕྲོད་ན་བསམ་བློ་ཐོངས། རྭ་མ་འཕྲོད་ན་ཨུ་ཚུགས་མི་དགོས།
ཟེར་སྲོལ་ལ། སྤྲེལ་ནག་དང་མཐུན་ཕྱོགས་ཀྱི་ས་རའི་སློབ་ཕྲུག་འགའི་རེ་བ་བཏོན། ས་རའི་ཨ་མདོའི་དགེ་རྒན་འགས་རྒྱབ་སྐྱོར་བྱས། དེ་ནས་སྤྲེལ་ནག་པ་ས་ར་ལ་འགྲོ་ཐུབ་པ་བྱུང་བ་རེད། འོན་ཀྱང་དེ་ལ་དགག་བྱ་བྱེད་མཁན་ཡང་མེད་པ་མ་རེད། ཨ་རིག་དགེ་མཐོང་གིས་མཁྱེན་གྱི་ཡོད་ཚོད་རེད།
ས་རཱའི་རྒན་ལྷ་སྐྱབས་སོང་ཤུལ་དུ་ས་རཱར་རྩོམ་རིགས་ཕྱོགས་ནས་དགེ་རྒན་ཚད་ལྡན་ཞིག་མ་རག་པར་ལྷག་ཡོད་པ་རེད། ངས་སྔོན་ཆད་ནས་ས་རཱར་རྩོམ་རིག་དགེ་རྒན་ལ་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་གདན་འདྲེན་ཞུས་ན་ཧ་ཅང་ཡག་པོ་འདུག་བསམ་ཡོད་ལ་དེ་འདྲའི་གླེང་སློང་བྱས་མྱོང་། རྒྱུ་མཚན་ནི་ཁོ་གནའ་དེང་རྩོམ་རིགས་ཕྱོགས་ལ་ཤེས་བྱའི་བློ་རྒྱ་ཡངས་ལ་རྣམ་དཔྱོད་ཡོད་མཁན་ཞིག་ཡིན། སྦྲེལ་ནག་པ་ཁོང་ས་རཱའི་དགེ་རྒན་དུ་བསྐོས་པ་ནི་དགའ་འོས་པའི་དོན་བཟང་ཞིག་རེད། བཀྲ་ཤིས་བདེ་ལེགས་ཞུ། དེ་མ་གཏོགས་ཧ་གོ་ལ་མ་གོ་བའི་སྐད་ཆ་དང་སྤྱི་ཚོགས་དཀྲིགས་པའི་ཉོག་གཏམ་མ་མང་ན་ཡག།
སྤྱིར་བཏང་རྩོམ་ཡིག་འདི་ཡག་པོ་བྲིས་འདུག་་་ཡིན་ནའང་མཆན་ནང་གི་སྐད་ཆ་རེ་འགའ་ཞིག་འཐེན་སོང་བ་འདྲ་་་་་དགེ་མཐོང་ལ་དེ་འདྲའི་རྒྱུས་མངའ་ཞིག་ཨེ་ཡོད་ན་་་་རིས་སུ་ལྷུང་མེད་ན་བཟང་་་་
གང་ལྟར་འགྱུར་བ་ཞིག་བཏང་བ་རེད། ཧ་ཅང་བཟང་གི་འདོད། ད་དུང་སློབ་མ་གསར་བསྡུ་དང་ཡང་ན་སྡེ་ཚན་མི་འདྲ་བའི་འཛིན་གྲྭ་དགར་དགོས། རྨང་གཞི་མེད་པའི་སློབ་གསར་མང་པོ་ཞིག་གིས་བོད་ཀྱི་རྒྱལ་རབས་ཆ་ཚང་དང་ནང་ཆོས་ཀྱི་གཞུང་ཆེན་མོ། སུམ་རྟགས་དག་གསུམ་དང་སྒྲ་བཅས་པའི་གཞུང། ད་དུང་རྩོམ་རིག་གི་དེབ་རྒན་གསུམ་སོགས་འདི་འདྲ་མང་པོ་ཞིག་འཇུ་ག་ལ་ཐུབ།
རྩོམ་རིག་གཙོ་བོར་གྱུར་བའི་འཛིན་གྲྭ་ཞིག ལོ་རྒྱུས་གཙོ་བོར་གྱུར་བའི་འཛིན་གྲྭ་ཞིག བརྡ་སྤྲོད་གཙོ་བོར་གྱུར་བའི་འཛིན་གྲྭ་ཞིག ནང་རིག་གཙོ་བོར་གྱུར་བའི་འཛིན་གྲྭ་ཞིག་བཅས་སུ་དབྱེ་ཐུབ་ན་ལེགས་ལ། ཡང་ན་འཛིན་གྲྭ་སོ་སོའི་ནང་ལ་སློབ་མ་སོ་སོར་སློབ་ཚན་གཙོ་ཕལ་གདམ་ག་སྤྲད་ནས་ཡིག་རྒྱུགས་གཏོང་དགོས་པ་བཟོས་ན་ཡང་ཆོག སློབ་ཚན་ཚང་མ་གཙོ་བོར་བཟུང་ནས་ཤེས་དགོས་ངེས་ཀྱི་རྒྱུགས་སྤྲོད་ལམ་ལུགས་འདི་ངོ་མ་ཁུར་བོ་ཆེན་པོ་ཞིག་རེད། ཁམས་དང་མོས་པ་ཤེས་ཚད་དངོས་ལ་བལྟས་ནས་སློབ་སྦྱོང་སྤྲོད་རྒྱུ་དེ་གལ་ཆེ་ན་འགྱུར་བ་ཆེ་ཙམ་ཞིག་གཏོང་དགོས་ཀྱིན་འདུག ང་རང་གི་ཉམས་མྱོང་གི་སྐད་ཆ་རྙིང་པ་ཡིན།
སྤྲེལ་ནག་པ་སྭ་ར་གདན་འདྲེན་ཞུས་པ་དེ་བཙན་བྱོལ་ཤེས་རིག་ངོས་ནས་ལྟོས་ནས་གཟི་བརྗིད་ཅིག་རེད།
རྒན་ཆབ་བྲག་ཕོ་ཉ་ལགས་ཀྱི་དགོངས་འཆར་དེ་ཧ་ཅང་ལེགས། འོན་ཀྱང་སྔ་མོ་ཡོད་པ་རེད་ཡང་ན། ནུབ་ཕྱོགས་ནས་གསར་དུ་འཁྲུངས་པ་རེད།
འདིར་བྱོན་གྱི་དྲ་རོགས་ཀུན་པོས་དགོངས་གང་ཡོད་བརྗོད་པ་དེ་འགྲིག་གི་ཡོད་རེད། ལྷག་ཏུ་རྒན་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་བ་དེ་སཱ་རས་བྱ་དགོས་པའི་གསར་བརྗེ་གཉིས་པ་དང་གསུམ་པ་ལྟ་བུ་ཆགས་ཡོད། ཁོ་བོས་རྩོམ་ཐུང་འདིར་”སློབ་གསོའི་ཕྱོགས་ཀྱི་མ་འདང་ས་དང་མི་དགོས་པའི་ལས་དག་མྱུལ་ཏུ་ལེགས་བཅོས་བྱེད་ཐུབ་ཚེ། མི་ལོ་སུམ་ཅུའི་ཤོས་ཡོན་འཐུས་ཤོར་ལ་ཁ་གསབ་དོན་དུ་སྨིན་པ་ཞིག་བྱ་ཐུབ་པའི་ཡིད་ཆེས་བདག་ལ་ཡོད།” ཅེས་པའི་གཟས་ས་གཅིག་དེ་སློབ་བསྡུའི་གསར་བརྗེ་དང་། དེ་ནས་སློབ་ཚན་གསར་བརྗེ་ཡིན། འདི་དག་རེ་རེ་བཞིན་བྱ་ཐུབ་ཚེ། ད་གཟོད་ང་ཚོར་རེ་བ་ཡོད་ཆེན་པོ་ཡོད་པ་ཐག་བཅད་ནས་བཤད་ཐུབ།
ཨ་དགེ་ལགས་ཀྱིས་”དགེ་རྒན་སྦྲེལ་ནག་པ་སཱ་ར་ཚང་གིས་ཆེན་པོ་དག་གིས་གདན་འདྲེན་ཞུས་པ་མིན་པར་མི་རིགས་ལ་ཤ་ཞེན་ལྡན་ཞིང་སྐད་ཡིག་ལ་དུང་བ་ཟབ་པའི་དགེ་རྒན་ཞིག་གིས་འབད་བརྩོན་གྱི་གྲུབ་འབྲས་ཤ་སྟག་ཏུ་ངེས”ཅེས་བཤད་འདུག རྒན་སྤྲེལ་ནག་པ་སཱ་རར་གདན་དྲངས་བ་དེ་སཱ་རའི་རྒན་གཅིག་ཁོ་ནས་ནུས་པ་དང་ཕྱི་རྗེས་རེད་ཟེར་ན་ང་ལ་འཐད་པ་མེད། འོན་ཀྱང་། རྒན་གཡུ་སྒང་འོད་ཟེར་ལགས་ཀྱིས་ཕུགས་རྒྱང་པོས་དགོངས་པ་བཞེས་པ་དེ་ལ་བདག་གིས་ཀྱང་ངོས་འཛིན་གསལ་བོར་བྱས་ཡོད། ད་བར་དུ་ངས་མཐོང་བ་ནི་གཡུ་སྒང་འོད་ཟེར་དང་། ཨ་འབྲུག་དཀོན་མཆོག་གཉིས་ཁོ་ནས་དགེ་རྒན་ཀྱི་ཁྲིད་སྟེགས་ནས་རང་ངོས་ཤེས་སོང་། ངས་འདི་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་བྱུང་། རླབས་ཆེན་རེད་བསམ་སོང་། གང་ལྟར་རྒན་སྤྲེལ་ནག་པ་སཱ་རར་གདན་དྲངས་བ་དེ་སཱ་ར་ཚང་གི་སློབ་མ་ཚོ་དང་དགེ་རྒན་མང་བོས་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། ཁྱེད་ཀྱིས་ཆེན་པོ་དག་ཟེར་བ་དེ་ཚོའི་ནང་གི་སློབ་སྤྱི་ལགས་ཀྱིས་སྤྲེལ་ནག་པ་ལ་རེ་བ་ཆེན་པོ་གཉིས་ཞུ་འདུག གཅིག མ་མཐའ་ཡང་ལོ་གསུམ་ལ་བཞུགས་རྒྱུ་དང་། གཉིས སློབ་མ་ཙམ་མ་ཡིན་པར་དགེ་རྒན་ཚོ་ལ་ཡང་སློབ་ཁྲིད་གནང་རོགས་ཟེར་ནས་རེ་བ་ཞུ་འདུག འདིས་ཀྱང་རྒན་སྤྲེལ་ནག་པ་དགེ་རྒན་གཅིག་ཁོ་ནས་བཙན་པོ་བྱས་ནས་ཁྲིད་ཡོང་བ་རེད་ཟེར་ན་བདེན་ཁ་སྟེར་ཐབས་མེད་པ་རེད། ལྷག་ཏུ་བསམ་དགོས་པ་ཞིག་ལ་ད་ལྟ་སཱ་ར་ཚང་གིས་སྤྲེལ་ནག་པ་སྤྲེལ་ནག་པ་ཡིན་པར་ཤེས་འདུག དེའི་རིན་ཐང་ཤེས་འདུག ང་ཚོར་འདི་དགོས་པ་རེད། དང་བོར་རིན་ཐང་ཧ་གོ་བ་སུ་ལ་ཡང་ཡོང་སྲིད་གི་རེད། རིན་ཐང་ཡོད་པ་ཧ་གོ་རྗེས་དེ་གདེང་འཇོག་བྱ་ཤེས་པ་དེ་ཧ་ལས་པའི་གལ་ཆེན་རེད།
གོང་གི་ངའི་མཆན་བུ་དེའི་ནང་དུ་ཡི་གེ་འགའ་ཆད་ལྷག་ཤོར་འདུག་པས། དགོངས་དག་ཞུ།
ངོ་མ་བཙན་བྱོལ་བའི་སློབ་གྲྭ་ཕལ་ཆེ་བའི་དགེ་རྒན་ཚོའི་ཤེས་ཚད་དང་སྤུས་ཚད་གཉིས་ཀ་ཡག་པོ་ཞིག་ཡོད་ཚོད་མ་རེད། བཙན་བྱོལ་བའི་གཞོན་སྐྱེས་ཁྲོད་དོན་དམ་པའི་ཤེས་ཡོན་ཅན་ཧ་ཅང་ཉུང་བ་དང་། མི་རིགས་དང་རིག་གཞུང་ལ་དུང་བའི་སྤྱི་སེམས་ཅན་ཡང་ཉུང་བ་འདི་དགེ་རྒན་རྣམས་ཀྱིས་མི་བཟོ་སྟངས་དང་འབྲེལ་བ་ཤུགས་ཆེར་ཡོད་ངེས་པ་རེད།
ལགས་རེད། བཙན་བྱོལ་ན་བོད་སེམས་ཅན་དང་། ཤེས་ཡོན་ཅན་ཧ་ཅང་དཀོན། དེ་འདྲའི་ཡོན་ཏན་ཡོད་མཁན་གསུམ་ཙམ་ཡོད་པ་ལས་གཅིག་དེ་རྒན་ལུང་རྟོགས་ལགས་རེད།
སུས་ཨག་སྐད་བརྒྱབ་རུང་། སཱ་ར་ཚང་ལ་དགོས་པ་དེ་ལེགས་འགྲུབ་བྱུང་འདུག དེར་བརྟེན་ཤེས་མདོག་གིས་ཆེན་པོ་ཞིག་རྒྱབ་ལོགས་སུ་ཡོད་མདོག་མ་བཤད་རོགས།
མི་ཞིག་ལ་བཟོད་ལྟ་བཟོ་རྒྱུ་དེ་ནི་དཀའ་མོའི་ནང་གི་དཀའ་མོ་ཞིག་རེད། མི་ལ་བཟོད་ལྟ་བཟོ་མཁན་ནི་སློབ་གྲྭ་གཙོ་བོ་ཡིན་པ་ཨ་ཅང་ཅང་། ད་དུང་གཙོ་བོ་གཞན་དེ། ཕ་མ་དང་སྤྱི་ཚོགས་ཧྲིལ་པོ་རེད། བཙན་བྱོལ་བོད་མིས་བཟོས་པའི་མི་དག་ནི་མི་ཚོས་མཐོང་བ་ནང་བཞིན་དེ་འདྲའི་མདོག་མཉེས་པོ་རྐྱང་མ་རེད།
ང་ཚོས་དྲག་ཆར་རླུང་འཚུབ་དང་། ཁ་བ་བུ་ཡུག་ནང་རི་འགོར་བ་རྡོ་བཙུགས་ཐུབ་པས་མ་ཚད། ཁང་ཁྱིམ་གྲུ་བཞི་དང་འཁོར་ར་ཁོར་ཡུག་བསྐྲུན་ཏེ་ལྗོན་ཤིང་སྣ་ཚོགས་དང་མེ་ཏོག་སྣ་དགུ་ཤར་ཡོད་པ་ས་ཕྱོགས་གང་ནས་བལྟས་ཀྱང་མིག་གིས་མཐོང་ཐུབ་པ་བཟོས་ཡོད།
ཕྱོགས་གཞན་གྱི་མཁར་རྫོང་དང་རྒྱལ་ཁང་དག་ན་སྐྱེས་པའི་མེ་ཏོག་རྣམས་ཀྱང་གོ་རིམ་ལྡན་པ་དང་གྲལ་འགྲིག་པོ་ཡོད་པ་ཙམ་ལས་ང་ཚོའི་མེ་ཏོག་གི་མཛེས་ཉམས་དང་ལྷག་པ་གཞན་མ་རེད། གཙོ་བོ་དེ་གོང་དུ་རྒན་ལྷ་མོའི་གསུང་བ་བཞིན་མེ་ཏོག་རང་རང་ལ་ཆུ་རྫིང་སོ་སོར་དགོས་རྒྱུ་དེ་རེད།
ཤོད་མཁན་མང་བ་དང་ཉན་མཁན་དཀོན་པའི་གནས་ཚུལ་དེ་ནི་རྒྱུན་ལྡན་དྲྭ་བའི་སྟེང་གི་སྟོང་བཤད་ཞིག་རེད།
མདོར་བསྡུས་ནས་བཤད་ན། སྦྲེལ་ནག་པ་སཱ་རའི་སློབ་དགེ་རུ་གདན་འདྲེན་ཞུས་པའི་ཐད་ནས་སློབ་མ་ཀུན་གྱིས་ལབ་ན་མི་ཤེས་ཀྱང་ཕལ་ཆེ་བའི་རྒྱབ་སྐྱོར་ཡོད་ཚོད་རེད། ཡིན་ནའང་ཁྱེད་ཀྱིས་ཞིབ་འཇུག་གི་ལམ་ཁ་མ་བརྒྱུད་པར་རྐུ་མ་ལ་དཔའ་དར་འཐེན་པ་འདི་སྣང་བ་འགྲོ་མ་སོང་། དགེ་རྒན་ནང་དུ་གཙང་ཕྲུག་སྟོབས་ལགས་གཅིག་པོས་རྒྱབ་སྐྱོར་གནང་བ་དེ་ཙམ་ཡང་མི་ཤེས་ན་ལག་མ་འགུལ་རོགས་ཞུ། སྐུ་མཁྱེན།
དགེ་མཐོང་གི་དེར་རྒྱུ་མཚན་ཡོད། ཡིན་ཡང་ཕན་ལས་གནོད་ཆེ་བས་མི་བཤད།
ཨ་དགེ་ལགས། ཁྱེད་ཀྱིས་རྫ་སྲས་ལགས་ཀྱི་བཤད་སྟངས་འདི་འཐད་པ་མེད་ཟེར། ངས་བལྟས་དུས་ཁྱེད་རང་གིས་རྩོམ་ཡིག་འདིའི་ཁ་ཕྱོགས་རྙེད་མི་འདུག་སྙམ། སྐབས་འདིར་རྫ་སྲས་ལགས་ཀྱིས་བཙན་བྱོལ་ནས་ཤེས་ཡོན་པར་གདེང་འཇོག་བྱེད་པའི་འགོ་ས་རཱ་ནས་བརྩམས་སོང་ཟེར་གྱིན་འདུག་མ་གཏོགས་སྤེལ་ནག་པར་དེ་ལ་ཕྱིན་པའི་བརྒྱུད་རིམ་བཤད་ཀྱིན་མི་འདུག སྤྱིར་བཏང་གིས་བཤད་ན་སྤེལ་ནག་པ་དེར་ཤོང་སོང་བ་དེ་དགེ་རྒན་དཀྱུས་མ་ཞིག་གིས་ངོ་སྤྲོད་དང་འབྲེལ་བ་ཏན་ཏན་ཡོད་ངེས་པ་ཞིག་ཡིན་ནའང་། ངོ་སྤྲོད་དང་རྒྱུ་མཚན་བཤད་ན་ངོས་ལེན་ཡོད་པ་དེ་ས་རཱ་ཚང་གི་བླ་ན་མེད་པའི་སྒམ་དཀྱིལ་ཞིག་ཡིན་པ་རེད། ད་དུང་ཞིབ་ཏུ་བཤད་ན་དགེ་རྒན་དཀྱུས་མ་དེའི་སེམས་ཤུགས་དང་ལྷག་བསམ། རྒྱུ་མཚན་ལ་མཐོང་བཞག་པའི་དན་རྟགས་ཤིག་ཀྱང་རེད། མདོར་ན་ས་རཱ་ཚང་གི་འདས་མ་ད་གསུམ་ནི་རྒྱུ་མཚན་དང་གནས་ལུགས་ཀྱིས་འགྲོ་གི་ཡོད་པ་མཚོན་མི་འདུག་གམ། དེ་མིན་ཚོགས་ཐོག་ནས་སྤེལ་ནག་པར་ས་རཱ་ཚང་ལ་འོས་མིན་དང་འཚམས་མིན་གྱིས་བགྲོ་གླེང་རེ་བྱས་ཡོད་སྲིད་པ་རེད། དེ་ནི་རྣམ་དཔྱོད་ཅན་དག་གི་འོས་འགན་རེད་ལ། དེ་ལྟར་བྱེད་འོས་པ་ཞིག་ཀྱང་རེད།
སྤྱིར་བཏང་སྤེལ་ནག་པར་ཚོགས་སྡེ་གཞན་པ་ཁ་ཤས་ཤིག་ལ་མ་ཤོང་བ་དེ་ཤེས་པར་གྱིས། དེ་ཡང་མི་དཀྱུས་མ་ཁ་ཤས་ཀྱིས་ཤུགས་མ་བརྒྱབ་པ་དང་། ངོ་སྤྲོད་དང་རྒྱུ་མཚན་མ་བཤད་པ་མ་རེད། འོན་ཀྱང་། ཚོགས་པ་དེ་དག་གི་ནང་དུ་སྤེལ་ནག་པ་མ་ཤོང་བ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ཤེས་ཡོན་པར་མཐོང་མ་བཞག་པ་རེད། འོན་ཀྱང་། ས་རཱ་ཚང་ལ་དགེ་རྒན་དཀྱུས་མ་ཞིག་ཡིན་ཡང་སེམས་ཤུགས་དང་ལྷག་བསམ་ཡོད་ན་ཤུགས་རྒྱག་ས་འགྲོ་སོང་བ་མ་ཡིན་ནམ། དེས་ཅིག་མཚོན་གྱིན་མི་འདུག་གམ། འདི་ལྟར་དབྱེ་ཞིབ་བྱེད་དགོས་པའང་གལ་ཆེན་པོ་རེད་སྙམ།
ཨ་དགེ་ལགས་ཀྱིས་སྐུ་མཁྱེན་སྟོང་ཕྲག་ཅིག་ཟེར་ན་ཡང་ངའི་ཁ་འདི་འགོག་ཐབས་ཡོད་པ་མ་རེད། ང་ལས་ཁྱོད་སཱ་ར་ལ་རྒྱུས་མངའ་ཆེ་ན་ཐང་། འོན་ཀྱང། སཱ་ར་ཚང་གི་ལས་བཟང་འདི་ལ་ངས་ཀྱས་དོ་སྣང་མ་བྱས་བསམ་པ་མེད་ལ། མ་ཤེས་པར་ལུས་སོང་པ་ཞིག་ཀྱང་མེད་དྲན་གི་ཡོད། ངས་འདི་ཀོ་སཱ་ར་ཚང་གི་དཔའ་རྟགས་རེད་ལབ་པ་མ་གཏོགས་ཁྱོད་ནང་བཞིན་མི་གཅིག་གཉིས་ཤིག་གི་དཔའ་རྟགས་རེད་ཅེས་བཤད་མེད་ལ་བཤད་འདོད་ཀྱང་མེད། བཤད་བྱེད་ཀྱི་རྒྱུ་མཚན་ཡང་ཡོད་པ་མ་རེད། དེ་གང་ཞེས་ན་སཱ་ར་ཞེས་བྱ་བའི་ཚིག་འདི་གང་ལ་ངོས་འཛིན་དགོས་པ་རེད། འདི་གང་ཞིག་གི་ཚོགས་སྤྱིའི་མིང་རེད། ཁྱོས་འདི་ཙམ་ཡང་ངོས་མ་ཟིན་པར་རྒྱབ་མདུན་གྱི་གནད་དོན་ཡོད་ཚད་ཤེས་མདོག་མདོག་བྱེད་པ་འདི་ནི་སྐྲག་ས་ཞིག་རེད་ལ། སྐྱོ་ས་ཞིག་ཀྱང་རེད།
སཱ་རའི་མིའི་གྲུབ་ཆ་ནས་བཤད་ན་དགེ་རྒན་དང་སློབ་མ་གཉིས་ཀས་གྲུབ་ཡོད་པ་རེད། འདི་ཁྱོད་ཀྱིས་ཀྱང་ཕལ་ཆེར་ཤེས་ཐུབ་གི་ཡོད་རྒྱུ་རེད། སློབ་མ་བརྒྱ་ཆ་དགུ་བཅུ་གོ་དགུས་རྒྱབ་སྐྱོར་བྱས་པ་དེ་ཁྱོས་ཀྱང་ཁ་ལེན་གི་ཡོད་ཚོད་རེད། དགེ་རྒན་ལ་མཚོན་ན་རྒན་འོད་ཟེར་དང་། རྒན་གཙང་ཕྲུག རྒན་སྐལ་བཟང་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་པ་གསལ་བོ་རེད། གཞན་དག་གིས་རྒྱབ་སྐྱོར་མི་འདུག་ལབ་མི་ཕོད་དེ་གོང་སྨྲས་འདི་ཚོ་མཐའ་གཅིག་ཏུ་ཤུགས་རྒྱག་མཁན་ཡིན་པའི་ཆ་ནས་བཤད་པ་ཡིན། དགེ་སློབ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུའི་རེ་བ་ལ་གནད་ཡོད་ཀྱི་མགོ་བྱེད་གཞན་པས་ཀྱང་བརྩི་འཇོག་བྱས་པ་དེ་ལྷག་ཏུ་རིན་ཐང་ཆེན་པོ་འདུག འདི་སྐྱོན་ཞིག་མ་རེད། དགེ་མཚན་ཞིག་རེད། ངས་ཀྱང་འདི་ཡག་རྟགས་ཤིག་རེད་ཟེར་གི་ཡོད། དབང་ཤུགས་སྤྱད་ནས་བཀག་འགོག་བྱས་ན་བྱེད་རྒྱུའི་ལམ་ཁ་ཡོད་ཡོད་པ་རེད། ད་ལྟ་བར་དུ་འུ་ཚོའི་ཁོར་ཡུག་ནས་བྱས་ཤིང་གོམས་གཤིས་སུ་གྱུར་བསྡད་ཡོད་པའི་རིགས་དེ་རེད།
ལར་ནས་སྤྱི་ཚོགས་ཤིག་ནས་ཐུན་མོང་གི་ལས་དོན་ཞིག་སྒྲུབ་པ་ལ་མི་ཐམས་ཅད་ཀྱིས་བསམ་རྒྱུ་གཅིག་པ་གཅིག་རྐྱང་མིན་ཚེ། དེ་ནས་བྱ་བ་གང་ཞིག་བསྒྲུབས་ཀྱང་དེ་ལ་གདེང་འཇོག་བྱེད་རིན་མེད་པར་སེམས་པ་ནི་ངོ་མ་དགོད་བྲོ་བོ་རང་རེད། མ་གཞི་ཁྱོད་ཚོ་འདི་ཙམ་ལ་ཡང་རྨོངས་དགོས་དོན་མི་འདུག་ལ་རྨོངས་བ་དེ་ཧམ་བཤད་ཀྱིས་ཅིག་ཤེས་སོང་མདོག་མདོག་བྱེད་པ་འདི་ལྷག་ཏུ་དགོད་བྲོ་བ་ཞིག་རེད། ཅེས་སེམས་ལ་གང་ཤར་དྲང་ཐད་ཀྱིས་བྲིས་པའོ།།
སློབ་སྤྱི་ལགས་ཀྱིས་སྤྲེལ་ནག་པ་ལ་རེ་བ་ཆེན་པོ་གཉིས་ཞུ་འདུག གཅིག མ་མཐའ་ཡང་ལོ་གསུམ་ལ་བཞུགས་རྒྱུ་དང་། གཉིས སློབ་མ་ཙམ་མ་ཡིན་པར་དགེ་རྒན་ཚོ་ལ་ཡང་སློབ་ཁྲིད་གནང་རོགས་ཟེར་ནས་རེ་བ་ཞུ་འདུག འདི་ཡང་ཨ་དགེས་མ་གོ་བ་ཨེ་ཡིན་ན། ཡང་ན། བཙན་བྱོལ་ན་རེ་བ་འདི་འདྲ་རྒྱག་ཤེས་མཁན་གྱི་སློབ་སྤྱི་ག་ཚོད་ཡོད་རྒྱུ་རེད། ངས་ཁོང་ཧ་ལས་པའི་བསམ་བློ་གཏོང་ཤེས་མཁན་ཞིག་རེད་ཅེས་བཤད་པ་མིན་ཏེ། ལས་ཀ་འདི་མ་མཐའ་ཡང་སློབ་གྲྭ་ལ་ཤ་ཚ་གི་ཡོད་པའི་རྟགས་ཤིག་རེད། ཡར་རྒྱས་ཤིག་རེད། ཁྱོས་འདི་ཚུད་ཚད་ནས་ནག་པོ་བཟོ་དགོས་ཟེར་ན་ང་གད་མོ་ཤོར་གི་ཡོད།
རྫ་སྲས་ཀྱིས་རང་གི་མ་རྩོམ་དངུལ་ཕོར་ལ་རྒྱབ་སྐྱོར་གྱི་གསེར་ཁེབས་མཆན་བུ་ལེགས་པོ་བྲིས་གནང་། དེ་རང་རེད།
ཨ་དགེ་ལགས། ཁྱེད་ཀྱིས་རྫ་སྲས་ལགས་ཀྱི་བཤད་སྟངས་འདི་འཐད་པ་མེད་ཟེར། ངས་བལྟས་དུས་ཁྱེད་རང་གིས་རྩོམ་ཡིག་འདིའི་ཁ་ཕྱོགས་རྙེད་མི་འདུག་སྙམ། སྐབས་འདིར་རྫ་སྲས་ལགས་ཀྱིས་བཙན་བྱོལ་ནས་ཤེས་ཡོན་པར་གདེང་འཇོག་བྱེད་པའི་འགོ་ས་རཱ་ནས་བརྩམས་སོང་ཟེར་གྱིན་འདུག་མ་གཏོགས་སྤེལ་ནག་པར་དེ་ལ་ཕྱིན་པའི་བརྒྱུད་རིམ་བཤད་ཀྱིན་མི་འདུག སྤྱིར་བཏང་གིས་བཤད་ན་སྤེལ་ནག་པ་དེར་ཤོང་སོང་བ་དེ་དགེ་རྒན་དཀྱུས་མ་ཞིག་གིས་ངོ་སྤྲོད་དང་འབྲེལ་བ་ཏན་ཏན་ཡོད་ངེས་པ་ཞིག་ཡིན་ནའང་། ངོ་སྤྲོད་དང་རྒྱུ་མཚན་བཤད་ན་ངོས་ལེན་ཡོད་པ་དེ་ས་རཱ་ཚང་གི་བླ་ན་མེད་པའི་སྒམ་དཀྱིལ་ཞིག་ཡིན་པ་རེད། ད་དུང་ཞིབ་ཏུ་བཤད་ན་དགེ་རྒན་དཀྱུས་མ་དེའི་སེམས་ཤུགས་དང་ལྷག་བསམ། རྒྱུ་མཚན་ལ་མཐོང་བཞག་པའི་དན་རྟགས་ཤིག་ཀྱང་རེད། མདོར་ན་ས་རཱ་ཚང་གི་འདས་མ་ད་གསུམ་ནི་རྒྱུ་མཚན་དང་གནས་ལུགས་ཀྱིས་འགྲོ་གི་ཡོད་པ་མཚོན་མི་འདུག་གམ། དེ་མིན་ཚོགས་ཐོག་ནས་སྤེལ་ནག་པར་ས་རཱ་ཚང་ལ་འོས་མིན་དང་འཚམས་མིན་གྱིས་བགྲོ་གླེང་རེ་བྱས་ཡོད་སྲིད་པ་རེད། དེ་ནི་རྣམ་དཔྱོད་ཅན་དག་གི་འོས་འགན་རེད་ལ། དེ་ལྟར་བྱེད་འོས་པ་ཞིག་ཀྱང་རེད།
སྤྱིར་བཏང་སྤེལ་ནག་པར་ཚོགས་སྡེ་གཞན་པ་ཁ་ཤས་ཤིག་ལ་མ་ཤོང་བ་དེ་ཤེས་པར་གྱིས། དེ་ཡང་མི་དཀྱུས་མ་ཁ་ཤས་ཀྱིས་ཤུགས་མ་བརྒྱབ་པ་དང་། ངོ་སྤྲོད་དང་རྒྱུ་མཚན་མ་བཤད་པ་མ་རེད། འོན་ཀྱང་། ཚོགས་པ་དེ་དག་གི་ནང་དུ་སྤེལ་ནག་པ་མ་ཤོང་བ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ཤེས་ཡོན་པར་མཐོང་མ་བཞག་པ་རེད། འོན་ཀྱང་། ས་རཱ་ཚང་ལ་དགེ་རྒན་དཀྱུས་མ་ཞིག་ཡིན་ཡང་སེམས་ཤུགས་དང་ལྷག་བསམ་ཡོད་ན་ཤུགས་རྒྱག་ས་འགྲོ་སོང་བ་མ་ཡིན་ནམ། དེས་ཅིག་མཚོན་གྱིན་མི་འདུག་གམ། འདི་ལྟར་དབྱེ་ཞིབ་བྱེད་དགོས་པའང་གལ་ཆེན་པོ་རེད་སྙམ།
གྲོགས་པོ་བསམ་འཆར་ཙམ་བཤད་པ་ཡིན། དེ་མིན་ང་ཁྱེད་ལ་སྡང་སེམས་མེད་པ་མ་ཟད། སཱ་ར་ལ་ཡང་ཡོད་དོན་མེད། གང་ལྟར་ཁྱེད་ཀྱིས་བདག་ལ་གསལ་བོར་ངོ་སྤྲོད་གནང་སོང་། ངས་ཀྱང་ཟུར་ཙམ་ཞིག་སྨོས་པ་ཡིན། ལྟ་ཚུལ་ལམ་དཔྱད་སྟངས་མི་འདྲ་བས་ད་ནི་ཚིག་ངན་ཇེ་མང་དུ་བཏང་སྟེ་ཕན་ཚུན་ལ་གཤེ་རྒྱུའི་མགོ་རྩོམ་སྲིད་པས་ད་ནས་བཟུང་འདི་ལ་ངས་མཆན་བུ་འདོགས་རྒྱུ་མིན། ནོར་འཕྱུག་རིགས་ཡོད་སྲིད་པས་དེ་དག་ལ་དགོངས་སེལ་ཞུ། ལྷག་པར་ངེད་གཉིས་སྙན་སྙན་ཚིག་གིས་བསླུ་བྲིད་བཏང་སྟེ་འགྲོགས་པའི་གྲོགས་པོ་ཞིག་མ་ཡིན་མོད། བདེན་བདེན་གནས་ལུགས་གཞི་ལ་འཇོག་སའི་ཆོས་སྡེ་ཞིག་ཏུ་ཟབ་ཟབ་མྱུར་བའི་ལུང་རིགས་བསྡུར་གྲོགས་ཤིག་ཡིན་པས་ང་ཁྱེད་ལ་འདང་ཆེ། ལྷག་པར་རང་རང་ས་ནས་སྙན་ངག་བུ་མོའི་མཛེས་སྡུག་ཡིད་དུ་སྒོམ་པའི་རྩོམ་གྲོགས་ཤིག་ཀྱང་ཡིན་ཞེས་ཐ་སྙད་སྦྱོར་འོས། བདེ་མོ། ཁ་བྲོ། སློབ་གཉེར་སྔར་ལས་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ།
ད་ཡིན་ན་་་དགེ་མཐོང་འདིའི་ཁ་ལ་ཅི་ཡང་་་་
ཆབ་བྲག་ལྷ་མོ་ལགས། སྐུ་ཉིད་ལ་ལྷག་བསམ་དང་ཉམས་མྱོང་དེ་འདྲ་ཞིག་ཡོད་ན། ས་ར་ལ་མ་འདུག་པར། ཕྱི་རྒྱལ་ལ་ག་རེ་བྱས་ནས་འགྲོ་ཡིན། ས་ར་ནས་དགེ་རྒན་བྱས་ནས་མ་བསྡད་པར་སྒོར་མོའི་རྗེས་སུ་རྒྱུགས་ཚར་དུས་ད་སྐད་ཆ་མཐོན་པོ་མ་བཤད་ལོ། མགོ་སེར་ཚོ་ལ་ཀ་ཁ་བསླབ་པ་ལས་ས་ར་མཐོ་སློབ་ལ་རྩོམ་རིག་ཁྲིད་ན་གཟི་བརྗིད་ཆེ་བ་དེ་མ་རེད་དམ།་ལན་ཞིག་གནོང་དང་།
ཨ་བྱམས་སོགས་དྲ་རོགས་ཚོ་ཕེབས་ནས་དགོངས་ཚུལ་བརྗོད་པར་ཉན་ནས་བུད་སོང་ངོ་།། ཨ་བྱམས་ཀྱིས་བཤད་པ་དེ་གནས་ལུགས་ཨ་མ་དེ་རེད་བསམ་སོང་། གང་ལྟར་དྲ་རོགས་ཚོས་དཔྱད་པར་མཛོད།
རེད་རེད་་་ད་སྐབས་སཱ་ར་ཚང་ལ་རེ་བ་ཞིག་མངོན་དང་མངོན་གྱིན་འདུག་པ་གསལ་བོ་རེད། དེ་མིན་གཞན་མི་བཤད་ཞུ།
ཁོང་གིས་བྲིས་པའི་རྩོམ་ཡིག་དེ་ལ་བདེ་པའི་ཆ་མང་པོ་འདུག དངོས་གནས་རེད། བོད་ཕྱི་ནང་གི་སྤྱི་ཚོགས་གང་སར་ཤེས་ཡོན་ཅན་ལ་ཕྲག་དོག་དང་ཞེ་སྡང་བྱེད་མཁན་མང་པོ་ཡོད།
ཁྱི་རྒན་དེ་ཚོས་རང་ཉིད་ཀྱིས་མ་འཇོན་མ་སྒྱིད་ད་དུང་ལྷག་བསམ་ཅན་གྱི་ཤེས་ཡོན་པ་དེ་ཚོ་རང་ཉིད་ཀྱི་མགོ་ལ་ཤོར་དོགས་ཀྱིས་ཁོང་ཚོ་ལ་ཞྭ་ནག་གཡོག་གང་ཐུབ་དང་ཁོང་ཚོའི་སེམས་ཤུགས་གཅོག་གང་ཐུབ་ཀྱིས་བྱ་ངན་དགུ་བརྩམས་ཏེ་སྤྱི་ཚོགས་ཐོག་ཤེས་ཡོན་ཅན་ལ་མཐོང་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་གསལ་རེད།
ཁོང་གིས་བྲིས་པའི་རྩོམ་ཡིག་དེ་ལ་བདེན་པའི་ཆ་མང་པོ་འདུག དངོས་གནས་རེད། བོད་ཕྱི་ནང་གི་སྤྱི་ཚོགས་གང་སར་ཤེས་ཡོན་ཅན་ལ་ཕྲག་དོག་དང་ཞེ་སྡང་བྱེད་མཁན་མང་པོ་ཡོད།
ཁྱི་རྒན་དེ་ཚོས་རང་ཉིད་ཀྱིས་མ་འཇོན་མ་སྒྱིད་ད་དུང་ལྷག་བསམ་ཅན་གྱི་ཤེས་ཡོན་པ་དེ་ཚོ་རང་ཉིད་ཀྱི་མགོ་ལ་ཤོར་དོགས་ཀྱིས་ཁོང་ཚོ་ལ་ཞྭ་ནག་གཡོག་གང་ཐུབ་དང་ཁོང་ཚོའི་སེམས་ཤུགས་གཅོག་གང་ཐུབ་ཀྱིས་བྱ་ངན་དགུ་བརྩམས་ཏེ་སྤྱི་ཚོགས་ཐོག་ཤེས་ཡོན་ཅན་ལ་མཐོང་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་གསལ་རེད།