རེབ་ཐོག་མདའ།
མེས་དབོན་རྣམ་གསུམ་མཛད་པ་དྲན་བཞིན་དུ།།
མཁན་སློབ་ཆོས་གསུམ་ཡིད་ལ་འཁོར་གི་ཡོད།།
ཀ་ཅོག་ཞང་གསུམ་ལག་རྗེས་ཀློག་ཞོར་དུ།།
རིག་པའི་གཞུང་ལུགས་མཐའ་དེ་རྟོགས་ན་བསམ།།
རྒྱལ་བ་ཡབ་སྲས་གོང་དུ་བཀུར་བཞིན་དུ།།
དཀོན་མཆོག་གསུམ་པོ་འདི་ཕྱིའི་སྐྱབས་སུ་ཡོད།།
ཕ་མ་དགེ་རྒན་བཀའ་གསུང་སྒྲུབ་བཞིན་དུ།།
བོད་རྒྱ་དབྱིན་གསུམ་ཅུང་ཙམ་སྦྱང་ན་བསམ།།
དགེ་ཆོས་རང་གྲོལ་བསམ་བློ་འཚོལ་བཞིན་དུ།།
དེང་རབས་གསར་བའི་ལམ་ཆེན་འགྲིམ་གི་ཡོད།།
སྐུ་དྲག་མི་དྲག་ལུགས་སྲོལ་དོར་བཞིན་དུ།།
མང་གཙོའི་ལམ་སྣེ་སྙེགས་ཏེ་འགྲོ་གི་ཡོད།།
ཡུམ་བུ་བླ་མཁར་ལོ་རྒྱུས་འཚོལ་བཞིན་དུ།།
གཉའ་ཁྲི་བཙན་པོའི་བྱུང་བ་གླེང་གི་ཡོད།།
ཕོ་བྲང་དམར་བོའི་སྐྱོ་གདུང་རུམ་བཞིན་དུ།།
ས་མཐའི་ཨ་ཇོར་ཉིན་མཚན་སྒུག་གི་ཡོད།།
གངས་རྒན་ཏེ་སེ་རྒྱབ་རིར་འཁེན་བཞིན་དུ།།
རྨ་འབྲི་རྫ་གསུམ་ཤུགས་ཀྱིས་བཞུར་ན་བསམ།།
སྔོ་ལྗང་རྩྭ་ཐང་གདན་དུ་བྱེད་ཞོར་དུ།།
གཡང་དཀར་ལུག་གི་འཕེལ་ཁ་དར་ན་བསམ།།
སེར་འབྲས་དགའ་གསུམ་རྒྱང་འཇལ་བྱེད་ཞོར་དུ།།
བསླབ་པ་སློབ་གཉེར་ཅུང་ཙམ་ཐུབ་ན་བསམ།།
དད་པ་གཙང་མའི་སྦྲུམ་པའི་སེམས་པ་འདིས།།
གཞན་ཕན་ལག་ཟུང་རིང་མོ་བསྲིངས་ན་བསམ།།
ཕྱག་དང་སྐོར་བར་འགྲོ་བའི་དུས་སུ་ཡང་།།
མ་གྱུར་འགྲོ་བ་སྙིང་ལ་སྒོམ་གི་ཡོད།།
དད་འདུན་གཙང་མའི་ཕྱག་མཆོད་ཕུལ་སྐབས་ཡང་།།
སྡུག་གི་འགྲོ་བར་སྨོན་ལམ་རྒྱག་གི་ཡོད།།
རྒན་གཞོན་བྱིས་པ་སུ་ཞིག་མཐོང་ན་ཡང་།།
གདོང་གི་འཛུམ་ཆུང་དྭངས་མོས་བསུ་གི་ཡོད།།
རྒྱ་མོ་བོད་མོ་དབྱིན་མོར་འགྲོགས་ན་ཡང་།།
བརྩེ་དུང་བུ་ཆུང་གཉོར་ཐབས་བྱེད་ཀི་ཡོད།།
ཨ་རི་བོད་དང་རྡ་ས་གང་གནས་ཀྱང་།།
བོད་སེམས་གཙང་མས་གཤིས་འདི་བཀླུབས་ནས་ཡོད།།
ཁམས་པ་དབུས་པ་ཨ་མདོ་སུར་ཐུག་ཀྱང་།།
སྤུན་མཆེད་གཅིག་པའི་བརྩེ་འདང་ཟབ་མོ་ཡོད།།
རང་བཙན་དབུ་མའི་ལམ་ཁ་གང་འགྲིམས་ཀྱང་།།
ས་ཡ་དྲུག་གི་རྩ་དོན་བསྒྲུབས་ཀི་ཡོད།།
གསར་རྙིང་འགལ་བའི་ཅུང་ཙམ་སྦག་ན་ཡང་།།
བློ་ཐག་ཉེ་བོས་སེམས་གཏམ་བཤད་ཀི་ཡོད།།
མཁས་པ་བླུན་པོ་ཆོ་ལོ་མི་གཅིག་ཀྱང་།།
ཀ་ཁ་སུམ་ཅུར་བདག་པོ་རྒྱག་གི་ཡོད།།
ཆོལ་ཁ་ཆོས་ལུགས་བག་ཆགས་མཐུག་ན་ཡང་།།
ཡག་སྡུག་ངོ་བོ་ཅུང་ཙམ་ཤེས་ཀི་ཡོད།།
སློབ་མ་གྲྭ་བའི་ཁ་དོག་མ་འདྲ་ཡང་།།
རིག་པའི་གནས་ལ་ཀུན་ཀྱིས་འབད་ན་བསམ།།
དབུལ་ཕྱུག་གཉི་ཀའི་ངོ་སོ་མི་གཅིག་ཀྱང་།།
ཁ་ཡག་ངོ་དགོའི་མི་ཚེ་རོལ་མི་འདོད།།
ཕ་ཡུལ་གངས་རིར་ལོག་འདོད་མེད་ན་ཡང་།།
ཕ་སྐད་གཙང་མར་ལྷད་ཅིག་མེད་ན་བསམ།།
མེ་ལ་འཐིམ་ནས་བུ་རྟགས་མེད་ན་ཡང་།།
གསོན་པའི་དུས་སུ་བོད་ལ་དགའ་ན་བསམ།།
ཕྱི་རོལ་གྲོང་ལ་ལུས་སེམས་ཐོག་ན་ཡང་།།
རང་རེའི་རིགས་ལ་དུངས་ཞེན་ཡོད་ན་བསམ།།
སྡུག་གི་ཉི་མ་བོད་ལ་འཆར་ན་ཡང་།།
ཤར་གྱི་ཉི་མ་བོད་ལ་ཨེ་འཆར་བསམ།།
རང་གི་བསམ་ནོ་འདི་ལ་བྲིས་པ་འདིས།།
ཁ་བ་བོད་ལ་ཅུང་ཙམ་ཕན་ན་བསམ།།
རྩམ་གཟན་རྒྱུད་དུ་སྐྱེ་བ་བླངས་པ་འདིས།།
མ་ཤི་བོད་ལ་ལག་རྗེས་འཇོག་ན་བསམ།།
ཕྱི་ལོ་༢༠༡༢ ཟླ ༡༡ ཚེས ༢ ལ་དཔེ་མཛོད་ནས།
དྲ་གྲོགས་རེབ་ཐོག་མདའ སྙིང་རྗེ་མོ་ཞིག་བྲིས་འདུག་ ཐུགས་རྗེ་ཆེ།
འབྲི་ཐབས་ལེགས། བརྗོད་དོན་ཕྱུག
རྩོམ་ཡིག་ལས། ཁྱེད་ཉིད་མཐོང་།
ཤུགས་རྒྱོབས།
ཀ་ཁ་སུམ་ཅུ་ཁ་ལ་མེད་ན་ཡང་། །
བོད་སྐད་གཙང་མ་ཁ་ལ་ཡོད་ན་བསམ། །
ལུས་སྲོག་མེ་ལ་འཕུལ་བ་མ་ཐུབ་ཀྱང་། །
སྐད་འབོད་འདས་མཆོད་གནང་སར་ཡོང་ན་བསམ། །
གཅེས་པའི་ལུས་པོ་གཞན་གྱི་གཡོག་ལ་བཀོལ་།
བརྩེ་བའི་དུང་སེམས་གང་ཅན་བོད་ལ་བཅིང་།
བདེན་མེད་རྒྱུ་མ་རྒྱང་་ལ་བསྤྲེང་ན་འདོད་།
བདེན་དོན་མདུད་པ་ལག་དུ་ལེན་ན་་འདོད་།
ཀ་ཅོག་ཞང་སོགས་བླ་མ་དགེ་འདུན་དང་། །
ཁ་བ་རི་པའི་བཙན་པོའི་བཀའ་དྲིན་སོམས། །
ག་འདུག་ག་འགྲོ་ས་ཆར་ཁྱད་མེད་ཀྱང་། །
ང་ཚོའི་བོད་རིགས་ལ་རྒྱ་མ་བརྗེད་ཅིག །
རང་གཞན་ལྟ་བ་མི་འདྲ་ཡང་།
གུས་ཞབས་ཉན་འཇོག་བྱེད་ཀྱི་ཡོད།
སྐྱེས་བུ་རབ་དང་སྐྱེས་བུ་འབྲིང་།།
སྐྱེས་བུ་ཐ་མ་མེད་ན་བསམ།།
བུ་རབ་གཅིག་དང་བུ་རྒོད་གཉིས།།
བུ་ངན་ངུ་ནི་མེད་ན་བསམ།