དོལ་སྨྱོན།
གསལ་བྱེད་སུམ་ཅུ་ང་ཡི་ཟུངས་ཁྲག་ཡིན།།
སུམ་རྟགས་དག་གསུམ་ང་ཡི་རུས་རྐང་ཡིན།།
སྙན་ངག་མངོན་བརྗོད་ང་ཡི་མཛེས་རྒྱན་ཡིན།།
ནང་རིག་སྨན་དཔྱད་ང་ཡི་འཇིག་རྟེན་ཡིན།།
མེས་དཔོན་རྣམ་གསུམ་ང་ཡི་བླ་སྲོག་ཡིན།།
འཇམ་དབྱངས་རྣམ་གསུམ་ང་ཡི་ལམ་སྟོན་ཡིན།།
ཀ་ཅོག་ཞང་གསུམ་ང་ཡི་མིག་ཟུང་ཡིན།།
མཁས་པ་མི་གསུམ་ང་ཡི་གཙུག་ནོར་ཡིན།།
གཡག་ལུག་ར་གསུམ་ང་ཡི་ཕྱུགས་ཟོག་ཡིན།།
ཤ་མར་རྩམ་གསུམ་ང་ཡི་ཟས་མཆོག་ཡིན།།
མདའ་དྲི་མདུང་གསུམ་ང་ཡི་ལག་ཆ་ཡིན།།
དབུས་གཙང་ཁམས་གསུམ་ང་ཡི་ཕ་ཡུལ་ཡིན།།
ཆོས་བློན་ཐོན་མི་ང་ཡི་སྲོག་རྩ་ཡིན།།
གཡུ་ཐོག་གསར་རྙིང་ང་ཡི་མེས་པོ་ཡིན།།
མི་དབང་སཱ་ར་ང་ཡི་སྤོབས་པ་ཡིན།།
མཁྱེན་རབ་ནོར་བུ་ང་ཡི་གཙུག་རྒྱན་ཡིན།།
ཕ་སྐད་དག་མོ་ང་ཡི་ཚེ་སྲོག་ཡིན།།
རིག་གཞུང་ཕྱུག་མོ་ང་ཡི་རྒྱན་ཆ་ཡིན།།
སྙིང་སྟོབས་ལར་ཞེན་ང་ཡི་རྣམ་ཤེས་ཡིན།།
དཔའ་མཛངས་རྟུལ་ཕོད་ང་ཡི་ཟས་མཆོག་ཡིན།།
གངས་རི་དཀར་པོ་སེམས་ཀྱི་རང་མདངས་ཡིན།།
རྫ་རི་སྨུག་པོ་ཡབ་མེས་ཤུལ་རྗེས་ཡིན།།
སྤང་ལྗོངས་སྔོན་མོ་གླུ་གར་དོ་ར་ཡིན།།
རྒྱུག་ཆུ་དྭངས་མོ་བརྩེ་སེམས་བཞུར་རྒྱུན་ཡིན།།
ཟུངས་ཁྲག་དྲོན་མོ་བརྩེ་བའི་ཨ་མ་ཡིན།།
རྣམ་ཤེས་ཡངས་མོ་དྲིན་ཅན་ཨ་ཕ་ཡིན།།
སྒལ་ཚིགས་དྲང་མོ་བརྩེ་བའི་སྤུན་མཆེད་ཡིན།།
སེམས་པ་དམར་མོ་སྙིང་གི་མཛའ་མོ་ཡིན།།
དབུས་ཁམས་མདོ་གསུམ་ང་ཡི་ཕ་ཡུལ་ཡིན།།
དབུས་མདོཁམས་གསུམ་ང་ཡི་ཕ་ཡུལ་ཡིན།།
དབུས་གཙང་ཁམས་གསུམ་ང་ཡི་ཕ་ཡུལ་ཡིན་ཟེར་ནས་ཨ་མདོ་ཕྱི་ལ་ཕུལ་དོན་ཀྱི་ཡིན་གསལ་བྱད་ཡོང་རོགམ་ཞུ།།
སྤྱིར་བཏང་རྩ་བའི་རྗོད་བཤད་ཚིག་དང་བརྗོད་བྱ་དོན་གང་ཡིན་ཡང་བློར་འབབ་ཅིག་བརྩམས་འདུག
(གཡག་ལུག་ར་གསུམ་ང་ཡི་ཕྱུགས་ཟོག་ཡིན།།)གཡག་ཅེས་ཟོག་གི་བྱེ་བྲག་ལྟ་བུ་ཡིན་པས་ཁྱབ་ཆུང་འདུག གཅིག་ཐེངས་ན་ཕྱི་རྒྱལ་ཚོ་ནང་བཞིན་ཁྱེད་ཀྱིས་ཟོག་ལ་གཡག་ཅེས་འབོད་ཀྱིན་ཡོད་པ་འདྲ།
དོལ་སྨྱོན་ཁྱོད་ནི་འཚོ་བྱེད་སྨན་པ་ཡིན།།
ལྷ་རྗེ་ཁྱོད་ནི་སྙན་ངག་གི་ཕོ་ཉ་ཡིན།།
ཚིག་སྦྱོར་དེ་ནི་ཁུ་བྱུག་མགྲིན་དབྱངས་ཡིན།།
དབྱངས་མ་ནི་ཁྱེད་ཀྱི་ཡི་དམ་ཡིན།།
ཀློག་པ་པོ་ངས་ཁྱོད་ཀྱི་སྙན་ངག་གི་རོ་བཅུད་མྱངས་ནས་ད་བར་འདས་སོང་།
མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་པས། ད་དུང་འབད་པར་འཚལ།
གངས་དཀར་ལྷུན་པོ་ང་ཡི་ཕ་ས་ཡིན། །
གངས་ཕྲུག་དཀར་མོ་ང་ཡི་སྤུན་ཟླ་ཡིན
གངས་ཆུ་བསིལ་མ་ང་ཡི་འཐུང་ཆུ་ཡིན། །
གངས་དཀར་དབུ་འཕང་དར་བའི་བཀྲིས་ཤོག །
རྩྭ་ཐང་སྔོན་མོ་ང་ཡི་ཕ་ས་ཡིན། །
མེ་ཏོག་ཁྲ་ཆིལ་ང་ཡི་མཛེས་རྒྱན་ཡིན། །
རྟ་ནོག་ལུག་གསུམ་ང་ཡི་སྒོ་ཟོག་ཡིན། །
རྩྭ་ཐང་དབུ་འཕང་དར་བའི་བཀྲིས་ཤོག །
འཇམ་དབྱངས་ཐོན་མི་ང་ཡི་སློབ་དཔོན་ཡིན། །
ཀ་ཁ་ག་ང་ང་ཡི་ཚེ་སྲོག་ཡིན། །
སུམ་རྟགས་དག་གསུམ་ང་ཡི་ཟུངས་ཁྲག་ཡིན། །
ཀ་ཁའི་ཚེ་སྲོག་དར་བའི་བཀྲིས་ཤོག །
མདོ་དབུས་ཁམས་གསུམ་རང་བོས་ན་རྣ་ལ་སྙན་པ་འདུག ཚེ་ཚེ་རབས་རབས་བོས་ནས་ཡོང་བའི་ཐ་སྙད་རྙིང་པ་དེ་ཚོར་བཅས་བཅོས་མ་མང་ན་དགའ། རྩོམ་སྙན་པོ་འདུག གཞས་ཚིག་བྱས་ན་བཟང་།
ཤེས་རབ་ལགས།
ཁྱེད་ཀྱིས་གསུངས་པ་ཐུགས་བདེན། ངས་སྔོན་དཔེ་ཆ་ཞུ་སྐབས་དཔེ་ཆ་གང་ཞིག་ཡིན་རུང་མཚན་དོན་གྱི་ཐད་དགེ་རྒན་རྣམ་པས་་་་་་བོད་སྐད་དུ་་་་་ཞེས་པ་་་་དབུས་གཙང་ཁམས་གསུམ་་་དག་པའི་སྐད་དུ་ཞེས་གསུངས་པ་ཡང་ཡང་གོ་མྱོང་བའི་བག་ཆགས་ཀྱིས་ད་ཐེངས་ཡང་དེ་ལྟར་ཤོར་འདུག
དོན་དུ་ཁྱེད་རྣམ་པས་གསུངས་པ་ལྟར་་་མདོ་དབུས་ཁམས་གསུམ་་་ཞེས་བརྗོད་དགོས་པར་མཐོང་།
སྙན་པོ་བྱུང་ ཡིན་ནའང་ཅུང་ཆ་མ་ཚང་བའི་སྣང་བ་བྱུང་བས་ངས་ཚིགས་བཅད་ཅིག་གི་སྣོན་མ་བྱེད།
སྟོད་ཀྱི་ཤེལ་རི་ང་ཡིན་གནས་མཆོག་ཡིན།
སྨད་ཀྱི་ལྡོན་གནས་ང་ཡི་རྒྱལ་ས་ཡིན།
དོལ་ཡུལ་སྟོད་སྨད་ང་ཡི་ཕ་ཡུལ་ཡིན།
གྲུབ་ཆེན་སེང་ཡེ་ང་ཡི་སྐྱབས་མགོན་ཡིན།
དེ་ལྟར་ན་ངས་ཀྱང་ཁ་སྣོན་ཞིག་བྱེད།
དོལ་ཕྱོགས་གྲུ་བཞི་ང་ཡི་ཕ་ས་ཡིན།།
དོལ་སྐད་དག་མོ་ང་ཡི་ཕ་སྐད་ཡིན།།
དོལ་པོའི་ཆོས་སྲིད་ང་ཡི་ཟུངས་ཁྲག་ཡིན།།
དོལ་པོའི་མི་རིགས་ང་ཡི་ཚེ་སྲོག་ཡིན།།
དབུས་གཙང་ཁམས་གསུམ་ང་ཡི་ཕ་ཡུལ་ཡིན།།
དབུས་ཁམས་མདོ་གསུམ་ང་ཡི་ཕ་ཡུལ་ཡིན།།
དང་པོ་དེ་ནས་མདོ་དང་མངའ་རིས་བུད།
གཉིས་པས་དང་པོ་དེ་ལས་མང་བུད་པ།
གཙང་དང་མངའ་རིས་རྒྱལ་ཁྱབ་སྒེར་ལངས་པས།
མི་དབང་ཕོ་ལྷ་སྐྱེ་བ་སླར་སློང་ངམ།།