ལྷ་ལུང་རྒྱལ།
སྒུག་ཀྱང་ཞལ་རས་མིག་གིས་མ་མཐོང༌།།
ཉན་བསམ་སྐད་ངག་རྣ་བས་མ་གོ།
ཚེ་འདིར་ཐུག་རྒྱུའི་གོ་སྐབས་མ་བྱུང༌།།
དངངས་ཤིང་སྐྲག་བཞིན་གང་ལ་བུད་སོང༌།།
འདས་སོང་ལོ་ཟླའི་ཡུལ་ལྗོངས་ཤིག་ནས།།
ལྷན་ཅིག་བརྩེ་དགའི་རོ་ལ་མྱངས་ཤིང༌།
ཁོ་བོར་དུང་བའི་ཉམས་འགྱུར་བསམ་ན།།
སྐྱོ་བའི་ན་བུན་དྭངས་ཐབས་མི་འདུག།
སྒྱུ་མའི་གཤིས་ལ་ཡིད་རྟོན་མེད་ཀྱང༌།།
བློ་ཡི་ཞེན་པར་བཅོས་ཐབས་སྟོང་བས།།
གྱེས་གདུང་སྲིན་བུས་ས་མཐའི་བུ་ཡི།།
དོན་ལྔ་སྣོད་དྲུག་གཙང་མར་ཟོས་ཐལ།།
རི་ཆུ་མེ་ཏོག་ཉི་ཟླ་འཇའ་སྤྲིན།།
སྤུན་ཉེ་ནེའུ་ལྡིངས་བཅུད་ཀྱི་སེམས་ཅན།།
དགའ་སྡུག་བར་གྱི་ཚོར་བའི་རི་མོ།།
ཐམས་ཅད་འཕྲུལ་ལས་གཞན་དུ་ཅི་མཆིས།།
གཉེན་དང་སྣག་གི་འབྲེལ་བ་མེད་པའི།།
ཕ་བོང་རྡོ་ཞིག་ཡིན་ན་དགའ་བ།།
ཤི་འབྲལ་ཚོར་བའི་གྲི་ཁ་རྣོན་པོས།།
ཚལ་བར་གཏུབས་པ་ཐེངས་གཅིག་མ་རེད།།
རྩུབ་མོའི་ངག་གིས་གཤེ་གཤེ་བཏང་ཁར།།
ཤ་ཚའི་ཐལ་ལྕག་ཡང་ཡང་གཞུས་པ།།
དེ་རིང་འགྱོད་པའི་གཞི་རུ་གྱུར་འདིར།
ངུ་བཞིན་སེམས་ཀྱིས་དགོངས་དག་ཞུའོ།།
རེ་བ་ནམ་མཁའི་སྤྲིན་ལྟར་མཐོ་ཡང༌།།
ཤེས་འཇོན་དོག་མོའི་ས་ལྟར་དམའ་བའི།།
བརྒྱ་སྡེའི་མི་ཁའི་ཀློང་གི་ཞང་པོས།།
བཙན་པོའི་ཞབས་རྗེས་མི་འབོར་ཁོ་ཐག།
དེ་ལྟར་ཁོ་བོས་མར་མེའི་དོད་དུ།།
རིག་བྱེད་གླིང་བུའི་དྲུག་འགྱུར་དབྱངས་ཀྱི།།
མཆོད་པའི་མེ་ཏོག་ཕྱི་མར་ཕུལ་བ།།
ཡུན་གཅིག་ངལ་གསོའི་རྒྱུ་རུ་འགྱུར་ཤོག།
༢༠༠༨ ། ༤ ། ༢༨ ཉིན།