སྤོབས་པ་མཐའ་ཡས།
དེང་དུས་སུ་དམག་སྦྱོང་ལ་ཁ་གཡར་ནས་མགོ་ལོག་གི་ཚོ་སྡེ་འགའི་སྐྱེས་པ་ཚང་མར་དྲག་རྡུང་བྱས་འདུག དེ་ནི་རྒྱ་དམར་གཞུང་ཨུ་ཐུག་པའི་གཡོ་ཐབས་ཤིག་ཡིན། ནག་ཉེས་མེད་བཞིན་དུ་མི་མང་པོ་ཞིག་ལ་གཅར་རྡུང་བྱས་ན་མི་མང་པོ་ཞིག་ཁོང་ཁྲོའི་དབང་དུ་གྱུར་ནས་དྲག་པོའི་ཡ་ལན་རྒྱ་ཆེ་ཙམ་ཞིག་སློག་པའི་རེ་བ་རྒྱག་བཞིན་ཡོད། དེ་ནི་སྔོན་དུས་སུ་རྒྱ་གར་མི་མང་གིས་འཚེ་མེད་ཞི་བའི་ལས་འགུལ་ལ་དབྱིན་ཇིས་གཡོ་ཐབས་འདི་ཐེངས་མང་པོར་བྱས་པས་བྱང་ཆུབ་སེམས་དཔའ་གྷན་དྷེས་འཚེ་མེད་ཞི་བའི་ལས་འགུལ་ལ་བཟོད་སྒོམ་གལ་ཆེ་ཚུལ་གྱི་བཀའ་སློབ་མང་དུ་གནང་ཡོད། རྗེས་སུ་ལྷོ་ཨ་ཧྥི་རི་ཁར་ཡང་མི་མང་གི་ཞི་རྒོལ་ལ་སྲིད་གཞུང་གིས་རུ་སྒྲིག་མཚོན་ངོམ་རྒྱ་ཆེན་པོ་བྱེད། དེ་དག་ནི་དྲག་སྤྱོད་བཙན་འཛུལ་བ་ཨུ་ཐུག་པའི་རང་མདོག་སྟོན་བཞིན་ཡོད་པ་རེད།
བོད་མིས་རྒྱ་དམར་གཞུང་ལ་དྲག་རྒོལ་བྱས་སོང་ཟེར་བའི་དཔང་རྟགས་ཤིག་མི་རྙེད་པ་དེ་རྒྱ་དམར་གྱི་དཀའ་ངལ་ཆེ་ཤོས་དེ་རེད། ༢༠༠༨ལོ་ཡང་ཨུ་ཐུག་ནས་དགོན་པའི་མགོན་ཁང་ནས་ཆོས་སྐྱོང་གི་རུ་མཚོན་སོགས་ཕྱིར་བཏོན་ནས་བཙུན་པས་དྲག་སྤྱོད་སྤེལ་ཚུལ་གྱི་གསལ་བསྒྲགས་སྤེལ་དགོས་ཐུག་པ་ལྟར་རེད། ང་རང་ཚོར་མཚོན་ན་རྒྱ་དམར་གྱི་བྱེད་སྟངས་འདི་ལྟ་བུ་ནི་ང་ཚོའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ས་ལམ་བགྲོད་མགོ་ཚུགས་བཞིན་པའི་ལམ་རྟགས་ངོ་མ་དེ་ཡིན། དེ་བཞིན་དུ་ཆབ་སྲིད་འཐབ་རྩོད་ལ་ཆ་རྒྱུས་ཆུང་བའི་དེང་རབས་བོད་མི་ཚོས་ངེས་པར་དུ་ཤེས་དགོས་པའི་སློབ་ཚན་རིན་ཐང་ཅན་རེ་རེ་ཡང་ཡིན།
རྒྱ་དམར་གྱིས་གཡོ་ཐབས་དྲག་སྤྱོད་འདི་བོད་ཀྱི་ས་ཁུལ་གཞན་མ་ཡིན་པར་མགོ་ལོག་བདམས་པ་དེ་ལ་རྒྱུ་མཚན་མང་པོ་ཡོད། གཅིག་ནི་མགོ་ལོག་དེ་མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཀྱི་བར་དུ་ཚུད་ཡོད་སྟབས་གནད་འགག་འཕྲད་ན་ས་ཁུག་ཏུ་བཙུད་ནས་དྲག་གནོན་བྱེད་པར་སྟབས་བདེ་ཡོད། ཡིན་ན་ཡང་མགོ་ལོག་ནི་གྲོང་ཁྱེར་ཆེ་ཁག་དང་རྒྱང་ཐག་རིང་པོའི་སར་ཡོད་པས་བོད་ཀྱི་ས་ཁུལ་གཞན་ལས་ཀྱང་ཁུག་ཀྱོག་ཡིན་སྟབས་གསར་འགོད་པ་སོགས་སླེབས་དཀའ་བས་གནས་ཚུལ་འདི་གསང་བ་དང་སྦས་པའི་ངང་ནས་བྱེད་ཐུབ་པའི་གདེང་ཚོད་ཡོད།
རྒྱུ་མཚན་གཙོ་བོ་གཞན་ཞིག་ནི་མགོ་ལོག་ནི་རྒྱ་ནག་གི་བཙན་འཛུལ་སྔ་རྗེས་མང་པོར་དྲག་པོའི་ངོ་རྒོལ་བྱས་པའི་ལོ་རྒྱུས་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན། ༢༠༠༨ལོའི་བོད་མིའི་ཞི་རྒོལ་ལས་འགུལ་སྐབས་སུ་ཡང་མགོ་ལོག་ཏུ་ངོ་རྒོལ་བས་རྒྱ་དམར་དྲག་རྡུང་བའི་སྟེང་ལ་མེ་མདའ་བརྒྱབས་པའི་དོན་རྐྱེན་ཞིག་བྱུང་བ་གཏོགས་ས་ཁུལ་གཞན་ལ་དེ་ལྟ་བུ་བྱུང་མེད། སྲོལ་རྒྱུན་རིན་ཐང་ལྟ་ཚུལ་ནས་བལྟས་ན་མགོ་ལོག་ནི་གླིང་གེ་སར་རྒྱལ་པོའི་ཕ་ཡུལ་དང་དཔའ་བོ་སྟག་སློག་ཅན་གྱི་དབུ་འཕངས་མཐོ་སའི་སྤྱི་ཚོགས་ཤིག་ཡིན། དེར་བརྟེན། རྒྱ་དམར་གྱིས་ཐེངས་འདིར་ཚོད་ལྟ་འདི་བྱ་ཡུལ་མགོ་ལོག་འདེམས་དོན་དེ་ཡང་མགོ་ལོག་པས་ཡང་བསྐྱར་མེ་མདའི་སྔོན་དུ་འུར་རྡོ་འཕྱར་ནས་བརྒྱུགས་ཡོང་བའི་རེ་བ་རྒྱག་བཞིན་ཡོད།
དེ་བཞིན་དུ་དབུས་གཙང་ཁུལ་དང་། ཏྲེ་ཧོར་ཁུལ། ལི་ཐང་། རྔ་བ། རེབ་ཀོང་། བླ་བྲང་སོགས་ནི་འཚེ་མེད་ཞི་བའི་ལམ་ནས་རང་དབང་ལེན་པའི་ལས་འགུལ་གྱི་ཕ་ཡུལ་རྒྱ་གར་འཕགས་པའི་ཡུལ་སོགས་ཕྱིའི་ཡུལ་དང་འབྲེལ་ལམ་མང་བས་འཚེ་མེད་ཞི་བའི་ལས་འགུལ་ལ་ཆ་རྒྱུས་ཅུང་ཟབ་པ་དང་། རྒྱ་དམར་རང་གི་ཁྲིམས་དང་རྒྱལ་ནང་གི་གནས་ཚུལ་ཡང་ཤེས་རྟོགས་ཅུང་ཡོད་པ། གནས་ཚུལ་ཕྱི་ཕྱོགས་སུ་མཆེད་པའི་བརྒྱུད་ལམ་ཅུང་མང་བའི་ས་ཁུལ་ཡིན་པས་རྒྱ་དམར་གྱི་གཡོ་ལས་འདི་ཡང་ས་ཁུལ་དེ་དག་ནས་ཚོད་ལྟ་བྱས་མེད། མགོ་ལོག་ནི་དེ་དང་མི་མཚུངས་པར་ཕྱིའི་ཡུལ་ལ་འབྲེལ་གཏུག་ཉུང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས་ཀྱང་ཁོང་ཚོས་ཚོད་ལྟ་འདི་བྱ་ཡུལ་མགོ་ལོག་བདམས་པ་རེད། སྔོན་དུས་ཤིག་ལ། མགོ་ལོག་གི་སྡེ་དཔོན་ཞིག་གིས་༼མགོ་ལོག་ཆེའམ་ཀྲུང་གོ་ཆེ་༽ཞེས་དྲིས་ཚུལ་སོགས་མགོ་ལོག་པ་མཐོང་རྒྱ་ཆུང་བའི་དཔེ་ལྟ་བུར་གླེང་སྲོལ་ཡོད། འོན་ཀྱང་དོན་ངོ་མར་མགོ་ལོག་གི་སྡེ་དཔོན་དེས་སྐབས་དེར་མགོ་ལོག་ཀྲུང་གོའི་འོག་ཏུ་མི་གཏོགས་པའི་ཚིག་ཟུར་གནད་འགག་ཅན་ཞིག་སྟོན་གྱིན་ཡོད་པ་འདྲ།
དེ་དང་འབྲེལ་ནས་མགོ་ལོག་སོགས་སུ་གནའ་དུས་ནས་དར་བའི་བོད་ཀྱི་སྲོལ་རྒྱུན་འཚེ་མེད་ཞི་བའི་ལས་འགུལ་ཞིག་ངོ་སྤྲོད་བྱེད། དེ་ལ་ཁ་སྐད་དུ་གྱོད་ཉལ་ཟེར། དེ་ཡང་མི་ཁ་དྲག་དབང་ཡོད་ཅིག་གིས་མི་གཉོམ་ཆུང་ཞིག་ལ་བུ་ལོན་མི་སྤྲོད་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་མི་གཉོམ་ཆུང་དེས་མི་བཙན་པོ་དེར་གནོན་ཤུགས་སྤྲོད་སྟངས་ཤིག་ཡིན། མི་གཉོམ་ཆུང་དེ་ཨུ་ཐུག་སྐབས་མི་བཙན་པོ་དེའི་སྒོ་འགྲམ་ལ་སོང་ནས་ཚ་གྲང་དང་རྡུང་རྡེག་སོགས་ཁྱད་དུ་བསད་ནས་ཉལ་འདུག་རྒྱུ་དེ་རེད། མི་ཁ་དྲག་དབང་བཙན་དེས་མི་གཉོམ་ཆུང་དེའི་འདོད་འདུན་མ་བསྒྲུབས་བར་དུ་ཕྱིར་མི་ལོག་པར་ཁོའི་སྒོའི་འགྲམ་དུ་ཉལ་སྡོད་པས་དེ་ལ་གྱོད་ཉལ་ཟེར། དེང་སང་བོད་ནང་གི་མི་ཁ་ཤས་ཀྱིས་བོད་ནང་ནས་རྒྱ་དམར་ལ་ཞི་བའི་ལས་ཀྱིས་ངོ་རྒོལ་བྱ་སྟངས་དེ་ལ་གྱོད་ཉལ་བྱེད་བཞིན་ཡོད་ཟེར་གྱིན་འདུག
ཡིན་དང་ཡིན་མགོ་ལོག་ཆེ་རྒྱུ་རེད་མ་གཏོགས་ཀྲུང་གོ་ད་མི་ཆེ། འདི་འདྲའི་བཤད་སོལ་ཞིག་ཡོད་མོད། ས་མགོ་ལོག་དང་ནམ་མགོ་ལོག། ད་གསལ་པོ་རེད།
རེད་ཡ། དེ་སྔོན་ཡིན་ན་རྒྱ་ནག་ལ་མགོ་ལོག་ལས་རྒྱ་ནག་གང་ཆེ་ཟེར་རྒྱུ་ཐོབ་ཐང་ཡོད་ལ་རྒྱ་མི་ནས་ཀྱང་གུ་ཡངས་བྱས་པ་རེད། དེ་དུས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ནག་རེད། རླངས་འཁོར་ཡོད་རྒུའི་ལྕགས་སྒོ་ལ་བོད་ཡིག་རྒྱ་ཡིག་མཉམ་དུ་འབྲི་བའི་དུས་རེད། ད་ལྟ་རྒྱ་འདི་ཡང་མ་རྩ་རིང་ལུགས་ཀྱི་ནང་དུ་ཞུགས་ནས་གདོང་པ་འགྱུར་ཏེ་བོད་ལ་དྲག་གནོན་བྱེད་བཞིན་པའི་རྒྱུ་མཚན་ཡང་སྟོབས་དང་འབྱོར་བས་བརྟས་ནས་ཡིན་པས། དེ་འདྲ་ཞིག་གི་ཆབ་སྲིད་ཕུང་པོ་དེ་གཏོར་དགོས་ན་མར་ཁེ་སིའི་མ་རྩ་རིང་ལུགས་གཏོར་བའི་ཐབས་ལམ་དེ་འཚོལ་དགོས། རྒྱལ་ཁབ་མང་པོ་ཞིག་གི་སྲིད་དབང་གཞུང་ལུགས་འདི་ལ་བརྟེན་ནས་མགོ་ལྟིང་སློག་པ་རེད། དེ་ལ་ང་ཚོས་དོ་སྣང་བྱེད་དགོས།
གོ་རྒྱུ་འདུག དཔྱོད་རྒྱུ་འདུག ལེན་རྒྱུ་འདུག
དྲང་བདེན་དང་གནས་ལུགས་ཀྱི་མདུན་ནས་མགོ་ལོག་ཆེ། སྐྱག་རྫུན་དང་བཙན་འཛིན་གྱི་ཐད་ནས་ཀྲུང་གོ་ཆེ།
སེམས་ཤུགས་དང་ལྷག་བསམ་གྱི་ཐད་ནས་མགོ་ལོག་ཆེ། གཉའ་གནོན་དང་གཅར་རྡུང་ཕྱོགས་ནས་ཀྲུང་གོ་ཆེ།
དེ་དང་དེ་ལ་སོགས་པའི་མང་ཡང་གནས་སྐབས་བཏང་སྙོམས་སུ་འཇོག
སྐྱ་མོ་དམར་མོ་ཞེས་པའི་ལོ་རྒྱུས་ཤིག་ཀྱང་མགོ་ལོག་དང་ཐག་ཉེ་བའི་སར་བྱུང་ཡོད། གོ་མིན་ཏང་གིས་སྐབས་ཀྱང་མགོ་ལོག་ལ་སྡུག་གྱོང་མནར་གཅོད་ཚབས་ཆེན་བཏང་ཡོད།
ཁ་ཚ་དགོས་གཏུགས་རེད། འདི་འདྲའི་རྩོམ་ཡིག་མཁོ། དངོས་ནས་ཤེས་ལྡན་པ་ཞིག་གི་དུས་ལ་བབ་པའི་འགན་འཁྲི་གཡོལ་མེད་མི་འདུག
གོ་མིན་ཏང་གཅིག་པོ་མ་རེད། ད་དུང་མ་པི་ཧྤང་དམག་སོགས་ཀྱི་འོག་ནས་ངོ་རྒོལ་རབ་དང་རིམ་པ་བྱས་པ་རེད། སྐྱ་མོ་དམར་མོ་དེང་སང་མཚོ་ལྷོའི་ཁོངས་གཏོགས་རེད། ཀྱ་ཕུག་བན་ཏེ་དང་ཁ་སྒང་རྟ་འགྲིན་སོགས་དཔའ་བོ་མང་པོས་རྒྱ་དམག་དང་དམར་འཛིངས་བྱེད་སའི་འཐབ་ར་ཆེན་པོ་ཞིག་རེད། འདིའི་སྐོར་བྱ་མདོ་རིན་བཟང་གིས་ཅུང་ཟད་བྲིས་འདུག
བཀླགས།
དཔྱད་པ་དང་རྗེས་དཔག་བྱས་པ་ལ་བསམ་འཁྱལ་གང་ཡོད།
སྲིད་དོན་གླེང་ན་འདིའི་འདྲའི་རྣམ་དཔྱོད་ཅན་དང་ཐབས་མཁས་ཞིག་ཡིན་དགོས་བ་ཡོད། མོས་གུས་ཀྱིས་་ཐུགས་རྗེ་ཆེ་ཞུ་བ་ལགས།
སྤོབས་པ་མཐའ་ཡས་ཀྱིས་དུས་ཚོད་གནད་འགག་སྐབས་ལ་རིན་ཐང་དང་གནས་ལུགས་རྒྱུ་མཚན་ཡོད་པའི་རྩོམ་ཡིག་སྤེལ་པ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།
སྐྱ་མོ་དམར་མོ་ན་དཔའ་བོ་སྟག་འདྲ་གཟིག་འདྲས་ཡོད་དུས་མགོ་ལོག་པ་ཞིག་གོ་རྒྱུ་མེད། མཱ་པུའུ་ཧྥང་གིས་ས་དེ་བཅོམ་ནས་དགོན་པ་གཏོར་ཞིང་བུད མེད་ལ་བཙན་གཡེམ་བྱེད་དུས་མགོ་ལོག་པས་ངོ་རྒོལ་བྱས་པ་གོ་རྒྱུ་མེད། རྒྱ་གུང་ཁྲན་གྱིས་བོད་ས་ཡོངས་རྫོགས་བཅོམ་དུས་མགོ་ལོག་པ་ལ་སྲིད་དོན་མེད། འོན་ཀྱང་རྡ་སའི་འཁོར་ཡུག་ཆུང་ཆུང་དེ་ན་མགོ་ལོག་པ་ཚོར་གནོག་རྒྱུ་མང་། སྲིད་དོན་པ་མང་། མགོ་གཉིས་མ་མང་། ནང་ཁུལ་རྩ་ས་རྩོད་གླེང་བྱེད་དགོས་ན། ཆོས་ལུགས་གྲུབ་མཐའ་རྩོད་དགོས་ན། མགོ་ལོག་པ་ཨང་དང་པོ་ཡིན། མགོ་ལོག་པའི་སྡོམ་ཚིག་འདི་ཉིན་རེར་ཚར་རེ་བཏོན་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་པར་འགྱུར་རོ།།
ཟླ་མེད་མ་སླེབས་ཡུན་རིང་སོང་།།
སླེབས་མ་ཐག་ཏུ་མགོ་ལོག་ལ། །
མགོ་རྡུང་རྡོ་རྡུང་དྲག་པོ་བྱས། །
ད་ཞག་སྐྱིད་པོ་མེད་ལགས་སམ། །
ཟླ་མེད་ཀྱིས་བཤད་པ་ཕའཡོགས་གཅིག་ནས་བདེན་རྒྱུ་རེད། མགོ་ལོག་པས་མི་འཇོན་པའི་རྒྱུ་མཚན་གྱིས་རྒྱ་དམར་གྱིས་འདི་འདྲ་བྱེད་ཀྱིན་ཡོད་པ་རེད་ཅེས་ངས་ཀྱང་བཤད་ཀྱིན་ཡོད།
མགོ་ལོག་ཆེའམ་ཀྲུང་གོ་གང་ཆེ་ཨེ། མགོ་ལོག་ཡུལ་དུ་མགོ་ལོག་ཆེ། ཀྲུག་གོའི་ཡུལ་ལ་ཀྲུང་གོ་ཆེ་ཞེས་ལན་འདེབས་སོ། ཧཧཧཧཧཧ