སོག་མདའ་གཡུ་མགོན་པོ་སྐྱབས།
ཕྱི་དྲོ་མཚམས་སྤྲིན་ནུབ་རིའི་ཕར་ཕྱོགས་སུ་ཡོལ་དུས།།
ཨ་མའི་ནུབ་ཚ་སྐོལ་ནས་ཨ་ཕ་ལ་སྒུག་ཀྱང་།།
ཕ་ལོ་ཕྱིར་ཡོང་མེད་པའི་དགོང་མོ་དེ་བསམ་ན།།
ཡ་ཆུང་སྙིང་གི་དཀྱིལ་ལ་ཚ་ཤུར་ཞིག་བརྒྱབ་སོང་།།
ཁྲ་ཆུང་མིག་གི་མཐའ་ལ་མཆི་མ་ཞིག་འཁོར་བྱུང་།།
དྲན་པ་སེམས་ཀྱི་ངོགས་ལ་སྐྱོ་སྣང་ཞིག་ཤར་བྱུ་ང།།
ཕ་ལོ་འདི་ལྟར་བཞུད་པ་ངེད་གཉིས་ཀྱིས་ཤེས་ཐལ།།
ཨ་མ་ཁེར་རྐྱང་ལུས་པ་ངེད་གཉིས་ལ་གསལ་ཡོད།།
ངེད་གཉིས་དྭ་ཕྲུག་ལྷག་པ་ངེད་གཉིས་ཀྱིས་ཚོར་ཡོད།།
ཕ་ལོ་ཕྱི་མིག་མི་དགོས་བདེ་བར་ངང་གཤེགས་རོགས།།
གཅེས་ཕྲུག་ངེད་གཉིས་ད་རུང་བྱིས་པ་ནི་ཡིན་་ཀྱང་།།
བསམ་བློ་རྒྱ་ཆེན་གཏོང་པའི་སེམས་པ་ནི་མེད་རུང་།།
སྡུག་བསྔལ་ཐོད་ལ་ཡོང་བ་བྲང་གཞུང་ལ་བཟུང་ཡོད།།
ཕ་ལོས་ཁ་ཆེམས་བཞག་པ་སྙིང་ཁུང་ལ་བཅིངས་ཡོད།།
ཁྲ་ཆུང་མིག་གི་མཆི་མ་ཡ་ཁོག་ལ་སྦས་ཡོད།།
སྡུག་གི་ན་བུན་རིང་མོ་རྒྱབ་ལྟག་ལ་བཞག་ཡོད།།
ཕ་ལོ་གངས་རིའི་དོན་དུ་འདི་ལྟར་ནི་འབར་བ།།
ཕ་མེད་དྭ་ཕྲུག་ངེད་གཉིས་ལ་རྒྱ་ཡིན་བསམ་ཡོད།།
ཡུག་མོ་ཨ་མ་རྒན་མོཪ་སེམས་གསོ་ནི་བྱས་ཡོད།།
རང་ས་གོར་མོ་རང་གིས་མ་ལོན་པའི་བར་དུ།།
ཕ་ཤུལ་བུ་ཡིས་འཛིན་རྒྱུའི་དམ་བཅའ་ནི་འཇོག་རྒྱུ།།
ཕ་ལོས་ཕྱི་མའི་ཡུལ་ནས་བུ་ངེད་གཉིས་གཟིགས་དང་།།
ཁ་བ་བོད་པ་ཚང་གི་ལས་དོན་ཆེད་བརྩོན་ན།།
དབྱངས་གསལ་ཀ་ཁ་སུམ་ཅུའི་ཡིག་ཕྲེང་དེ་སློབ་ལ།།
རང་སྐད་གཙང་མའི་རང་གི་ཕ་སྐད་དེ་བཤད་ལ།།
དོན་གྱིས་ངེད་གཉིས་བོད་པ་གཙང་དག་ཅིག་བྱེད་ལ།།
ཨ་མ་དྲིན་མོ་ཆེ་ལ་གཉོར་སྐྱོང་ནི་བྱེད་ལ།།
རང་མཐུན་ཕུ་ནུ་རྣམས་ལ་མཐུན་སྒྲིལ་ནི་ཟབ་བ།།
འདི་ནི་ཕ་ལོཪ་ཕུལ་བའི་སེམས་ནང་གི་གཏམ་ཡིན།།
འདི་ནི་ཕ་ལོཪ་ཕུལ་བའི་མིག་ནང་གི་ཆུ་ཡིན།།
༢༩༡༢་༡༡་༨ཉིན་བྲིས།
སོག་མདའི་སེམས་པ་སྐྱོ་བའི་ཐིགས་ཆུ་འདི། །
ས་མཐའི་གྲུ་ཟུར་ཞིག་ནས་ས་ལ་གཏོར། །
ས་ཕྱོགས་གཅིག་པའི་སངས་རྒྱས་རྗེས་འཇུག་པས། །
སཱ་ར་ཎ་ཐཱའི་ཡུལ་ནས་རྟོགས་སོང་ངོ་། །