གྲིབ་གཟུགས།
དང་པོ།
དེ་རིང་ནི་ནམ་ཟླ་གྲང་མགོ་ཚུགས་ཟིན་པའི་སྟོན་མཇུག་གི་ཉི་མ་ཞིག་རེད། གཏེར་རི་ལུང་པའི་ཡུལ་མི་རྣམས་ནི་ནམ་ཟླའི་གྲང་ངར་ལ་མི་འཛེམ་པར་ཤག་ཐང་དཀྱིལ་གྱི་གཙང་ཆུ་ལ་ཟམ་པ་འཛུགས་པའི་ལས་ལ་བྲེལ་ཟིང་ངང་འགུལ་བཞིན་འདུག མ་གཞི་ཤག་ཐང་ནི་ཆུ་རྡོ་དང་བྱེ་མས་གང་ཞིང་དུས་བཞིའི་ཁྲོད་རྦ་རླབས་གནམ་ལ་འཕྱོ་བའི་གཙང་ཆུ་བཞུར་སའི་ཁོད་སྙོམས་པའི་ས་རྒྱ་ཆེན་པོ་ཞིག་ཡིན་མོད། དེ་ན་དབྱར་དུས་སུའང་རྩྭ་ལྗང་ཞིག་ཧ་ལམ་མཐོང་རྒྱུ་མེད། ཤག་ཐང་གཙོས་མཐའ་འཁོར་གྱི་རི་ལུང་དག་ཀྱང་སྐྱ་ཤུར་རེར་སྣང་བས་སེམས་ལ་དགའ་བྲོ་བའི་ཚོར་བ་ཞིག་ཅིས་ཀྱང་མ་བྱིན། རྒྱང་རིང་གི་བྲག་ཟུར་མཚམས་ནས་རླུང་འཚུབ་ཕོན་ཆེན་པོ་ཞིག་འུར་སྒྲ་དང་ལྷན་ལྡང་འོང་ནའང༌། ཡུལ་མི་རྣམས་དེ་ལ་མཉམ་འཇོག་མི་བྱེད་པར་རང་རང་སར་བྲེལ་འདུག སྟོན་མཇུག་ཉེ་བ་ནས་བཟུང་རླུང་འཚུབ་ཉིན་གཅིག་ཀྱང་མི་ཆད་པར་དབྱར་མགོ་མ་ཚུགས་བར་འུར་ལྡིར་རེར་རྒྱུག་དུས། སྐབས་རེ་ཁང་རྩེའི་དར་ལྕོག་དང་ཤིང་ར་དག་ལྡིར་སྒྲ་དང་བཅས་ས་ལ་འགྱེལ་རུང༌། དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཡིན་པས་ཁོ་ཚོས་དེ་ལ་དོགས་ཟོན་དེ་ཙམ་མི་བྱེད། དགུན་གདིང་གི་ཉིན་གསུམ་ཙམ་ལ་གནམ་ས་མི་མཐོང་བའི་འུར་རླུང་གཡུག་ཆེ་ནས་གྱང་རྩིག་དང་སྒོ་སྒེའུ་ཡི་གསེབ་དག་ལས། བྱེ་ཐལ་ཤུགས་ཀྱིས་འཚང་འོངས་ནས་ནང་གི་ཅ་ལག་ཚང་མ་ཐལ་འཚུབ་ཀྱིས་གཡོག་པར་བྱེད། དེ་དུས་ཡུལ་མི་རྣམས་ཀྱང་གནམ་གྲང་ངར་ཆེ་སོང་བའམ་གང་ལྟར་སྤྲང་རླུང་སྤྲང་གནམ་ཟེར་ནས་དམོད་འབོར་བ་ཡིན།
དགུན་གྱི་གཙང་ཆུའི་གྲང་ངར་ཇི་ཙམ་ཆེ་རུང་རྐང་སྣམ་བརྫེས་ནས་གཙང་ཆུའི་ནང་ནས་ཟམ་པའི་རྨང་འཛུགས་མཁན་ནི་ཨ་ཇོ་རྡོ་རྗེ་རེད། ཡུན་ག་ཚོད་ལ་ཆུ་ནང་འགོར་བ་མ་ཤེས་ནའང་རྨང་བཙུགས་ཟིན་ནས་ཆུ་མཐར་ཐོན་དུས། ཉིན་གུང་ཡོལ་ཚར་བ་གཞི་ནས་ཤེས། རྐང་པ་འཁྱག་དྲགས་ནས་གོམ་པའང་སྤོ་ཐུབ་མི་ཐུབ་ཀྱི་གནས་ཚད་ལ་ལྷུང་ཡོད་ནའང༌། ཡུལ་མི་སུས་ཀྱང་ཁོ་ལ་དོ་སྣང་མ་བྱས། ཁོས་གོམ་པ་འཁྱར་འཁྱོར་ངང་བསྒྱུར་ནས་ཤར་རེར་རང་ལ་ཆུ་ཚོད་གཅིག་ཙམ་ལ་བསྒུགས་ཡོད་པའི་ནུ་མོ་རིགས་བཟང་གི་རྩ་ལ་སོང་ནས་བསྡད།
ནུ་མོས་ལམ་སང་ཇ་ཕོར་པ་གང་ཨ་ཇོའི་ལག་ལ་བཞག་ནས། ཨ་ཇོ། གཟུགས་པོ་འཁྱག་དྲགས་ནས་འདར་གྱིན་འདུག ལུང་པའི་ལས་ཡིན་ནའང་རང་ལ་གཅེས་ལོས་དགོས། ཞེས་ཅུང་ཤ་ཚ་བའི་ངང་བརྗོད་ནའང་ཁོས་ཇ་ཚ་བོར་ཧུབ་རྒྱག་པ་ལས་ལན་ཅི་ཡང་མ་བཏབ། ཤག་ཐང་དཀྱིལ་ནས་རླུང་འཚུབ་གཅིག་ལྡང་གཉིས་འདྲེས་ཀྱིས་འུར་རླུང་ཕོན་ཆེན་པོ་ཞིག་ཏུ་གྱུར་ནས་ཁོའི་མིག་མདུན་ཡོད་ཚད་རབ་རིབ་ཏུ་བྱས། ཐག་རིང་ན་འཁོར་བསྐྱོད་རྒྱག་པའི་འཚུབ་མ་ལ་རྒྱང་ལྟ་བྱེད་བཞིན། རླུང་བུ་ནི་སྟོབས་ཤུགས་ཅི་འདྲའི་ཆེ་ཨང༌། ཡིན་ནའང་འདིས་ལུང་པ་ཁུ་སིམ་པོར་སྡོད་དུ་མི་འཇུག་པས་དགའ་རྒྱུ་ཅི་ཡོད། ཅེས་ཁོས་རང་གིས་རང་ལ་ཆིག་ལབ་བརྒྱབས། སྨུག་ཤ་ཆེ་བའི་ངོ་གདོང་ལ་འཛུམ་མདངས་མོད་པོ་མི་མཐོང་ནའང༌། ཤེད་ཤུགས་རྒྱས་པའི་སྐྱེ་གཟུགས་དེས་ཁོ་ནི་གང་ནས་ལྟས་ཀྱང་ཕོ་ཉམས་དོད་པོ་ཞིག་ཏུ་མཐོང༌། དེ་དུས་ཁོ་ཕོ་ལོ་ཉེར་ལྔ་ཏག་ཏག་ཡིན་པས་ཡུལ་ཕྱི་ནང་གི་ཕོ་རང་ཐག་ཆོད་པའི་དྲ་མ་ཞིག་གི་རྩེ་མ་ཆོད་ཀྱང་ཕོ་མཐའ་མའི་གྲལ་ལ་མིང་ཤུལ་ཙམ་མེད། རང་ཁྱིམ་གྱི་ལས་ལ་ཧུར་བརྩོན་ཡོད་པས་མི་ཚད་ཡུལ་གྱི་ལས་ལ་དེ་ལས་ཀྱང་ངར་འགྲོ་བ་ཡིན། དུས་སྐབས་དེ་ནི་ཨ་ཇོ་རྡོ་རྗེའི་སེམས་གཏིང་ལ་རྨ་ཤུལ་ཡོད་མེད་གསལ་པོ་ཞིག་བརྗོད་མ་ཐུབ་རུང༌། ཁོའི་སྟོབས་ཤུགས་ཡོད་ཚད་ནི་ཧུར་བརྩོན་ལ་ཧྲིལ་པོར་འཇུག་པའི་སྐབས་ཤིག་ཡིན།
གཉིས་པ།
ཉིན་གུང་ཡོལ་ཟིན་རུང་མགོ་བོ་བཏུམས་ནས་ད་རུང་ཉལ་ཡོད་པ་ནི་ཨ་ཇོ་རྡོ་རྗེ་རེད། མ་གཞི་ཁང་པ་དེ་མུན་ནག་ཆེ་བས་ཉིན་མཚན་གང་ཡིན་ཤེས་དགོས་ན་ཕྱི་ལ་ཐོན་ནས་ལྟ་བ་ལས་ཐབས་གཞན་མེད། སྔ་མ་ཡིན་ན་ཉལ་ཁང་ཇི་ཙམ་མུན་ནག་ཡིན་རུང་དུས་ཐོག་གི་ལས་ལ་ཁོ་ནམ་ཡང་རྗེས་ལ་ལུས་མ་མྱོང༌། ཉིན་འདི་ཚོར་ཁོས་ཟས་འཐད་པ་ཞིག་མི་བཟའ་བའི་ཁར། འབྱོར་ན་ཁྱིམ་ནང་དང་དེ་མིན་ཕྱི་ནས་ཐབས་ཤེས་ཅི་དྲག་གིས་བཙལ་ནས་ཆང་འཐུང་གང་ཐུབ་བྱས། དུས་ཡུན་ངེས་ཅན་ཞིག་སོང་བ་ན་ཆང་འཐུང་བརྒྱབས་ཆེ་བའི་ཁོའི་གཟུགས་པོ་ཡང༌། འཁྲིལ་འཁྲིལ་དུ་འདར་ནས་ལག་པས་ཇ་ཕོར་ཟིན་པའང་དཀའ་ཚོད་དུ་ལྷག ཉལ་ཆེ་ནས་ཡིན་ནམ་ཁོའི་ཁ་སྤུ་དང་ཨོག་ཚོམ་ནག་སོབ་སོབ་དེ་ཡང་སེར་མདོག་ཏུ་མཐོང་བས། ཡུལ་མི་ཚོས་རྡོ་རྗེ་ཉལ་ཆེས་ནས་ཁ་སྤུ་ཚོས་འདུག་ཟེར།
བསམ་དུས་ཁྱིམ་ལས་རེ་གཉིས་བྱེད་ཀྱང་མ་བསམ་དུས་ཆང་འཐུང་ཚོད་མེད་བརྒྱབས་ནས་ཉལ་སྡོད་པ་ནི། ཁོའི་དེང་སང་གི་བྱ་སྤྱོད་ལྷག་མ་ཞིག་ཡིན། ཁྱིམ་མི་གཙོས་རང་ལ་སྙིང་བརྩེ་བའི་ཡུལ་ཕྱི་ནང་གི་གཉེན་ཉེ་ཚོས་འདི་འདྲ་མ་བྱེད་དང་དེ་འདྲ་བགྱི་དགོས་ཞེས་བསླབ་བྱ་བླ་མས་ཆོས་བཤད་བཤད་དང༌། དཔོན་པོས་ཁྲིམས་སྒྲོག་སྒྲོག་བྱས་ཀྱང་ཕན་ཐོགས་ཅི་ཡང་མ་བྱུང༌། ཉལ་ཁང་གི་སྒོ་ཀེར་སྒྲ་དང་བཅས་ཕྱེ་ནའང་ཁོ་ལ་གྲག་འགུལ་ཅི་ཡང་མ་བྱུང༌། ད་ལྟ་ཉལ་ཁྲིའི་འགྲམ་ན་ལངས་ཡོད་པ་ནི་ཁོའི་ཨ་མ་ཚེ་རིང་རེད། ཁོ་མོའི་སེམས་ལ་སྐྱོ་བ་དང་ཁོང་ཁྲོས་ཁེངས་ཡོད་ཀྱང་སྙིང་བརྩེ་བརྩེའི་ཚུལ་གྱིས། ཨ་མའི་གསེར་གོང་ད་མ་ཉལ། ཡར་ལོངས་ལ་ངོ་གདོང་ཁྲུས། རིགས་བཟང་གིས་བཟའ་མ་གྲ་སྒྲིག་བྱས་ཟིན་འདུག ད་ལོངས། ཞེས་སྐད་དིག་བཞིན་མིག་ཆུ་ཁྲོམ་ཁྲོམ་གྱིས་བཤད་ཀྱང་ཁོ་རང་སར་ཁུ་སིམ་མེར་འདུག མོས་གྲེ་བ་ཅུང་བསངས་ནས། ཨ་མའི་བུ་ཆུང་སྐུ་མཁྱེན། ཨ་མས་ཕྱག་འཚལ། ཁྱོད་འདི་འདྲ་ཉལ་མ་སྡོད་རོགས། ལུང་པ་གང་པོས་ཤིང་སྐལ་བཏུས་ཟིན་འདུག རང་ཁྱིམ་ལ་བུ་ཞིག་ཡོད་པས་གཞན་ལ་རེ་ན་ངོ་ཡང་ཚ། ཁྱོད་མནོ་བསམ་ཐོངས་དང། ཞེས་ཉམ་ཐག་པའི་ཞུ་བ་ཅི་ཙམ་འཐེན་རུང་ཁོ་ལ་འགུལ་སྐྱོད་མེད་པ་མཐོང་དུས། ཁོ་མོ་བྱ་ཐབས་ཟད་ནས་མིག་ཆུ་འབྱིད་བཞིན་གོམ་པ་ཕྱི་ལ་བསྒྱུར་སོང༌། གནས་ཚུལ་འདི་འདྲ་བྱུང་བ་ཐེངས་གཅིག་མིན་ཏེ། ཁྱིམ་ལས་ཆེ་ས་རེ་ལ་ཐུག་དུས་དང་ཞིང་གི་སྟོན་ཐོག་བརྔ་བའི་སྐབས་བཞིན། ལས་ཀ་གནད་ཡོད་རྣམས་ལ་གདོང་གཏོད་དགོས་དུས་ཁོས་བསམ་བཞིན་ཁྲེལ་མེད་ཚོང་བ་རེད། ཁོས་སྐྱེལ་བཞིན་པའི་ད་ལྟའི་ནམ་ཟླ་ནི་སྐྱུར་དྲི་འཐུལ་བའི་མུན་ནག་གི་འཇིག་རྟེན་ཞིག་ཡིན། ཕྱི་རོལ་ནས་རླུང་འཚུབ་ཆེན་པོ་ཇི་ཙམ་གཡུགས་ཀྱང་ཁོའི་སེམས་ཀྱི་ཟབ་ས་ལ་དཀྲོག་སློང་མི་ཐུབ་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།
ཨ་ཇོ་རྡོ་རྗེ་ལ་ནུ་མོ་གསུམ་དང་གཅེན་པོ་གཅིག་ཡོད། ཨ་ཕ་ཆུང་དུས་ནས་གྲོངས་ཟིན་པའི་རྐྱེན་གྱིས་ཁོང་མིང་སྲིང་ཚོས་སྡུག་པོ་སྣ་མང་མྱངས་པ་ཡུལ་མི་གང་པོས་ཤེས། སྤུན་མཆེད་དག་ལས་ཁོ་དང་སེམས་ཐག་ཉེ་ཤོས་ནི་ནུ་མོ་ཆེ་བ་རིགས་བཟང་ཡིན། རིགས་བཟང་གིས་ཨ་ཇོའི་ད་ལྟའི་གནས་སྟངས་ལ་ཞེན་པ་གཏིང་ནས་ལོག་རུང༌། ཁོ་བཟི་ནས་ཉལ་སར་འགྱེལ་ཡོད་དུས་ཟས་དྲོན་མོ་སྔས་མགོར་སྐྱེལ་མཁན་ནི་མོ་ལས་གཞན་མེད།
རིགས་བཟང་ནི་ཡུལ་མི་ཁྱིམ་མཚེས་ལ་བསྟུན་མཁས་ཤིང་ལག་ལས་གང་ལའང་འཇོན་ཐང་ཡོད་པ་མ་ཚད། བལྟས་ན་ཡིད་འཕྲོག་པའི་སྐྱེ་གཟུགས་འཆང་བའི་བུ་མོ་བཟང་པོ་ཞིག་ཡིན། སེམས་ཕངས་པ་ཞིག་ལ་མོའི་ལུས་པོ་བདེ་བོ་ཐང་པོ་རང་མེད། ཁྱིམ་ལས་ཙག་ཙིག་རེ་བྱས་པ་ན་ལམ་སང་ན་མཁན་ཞིག་ཡིན་པས་མོའི་གཞོན་ནུའི་ལང་ཚོའི་སྒང་ལ་སེམས་ངལ་གྱི་ཁུར་པོ་ཤིན་ཏུ་ལྕི། མི་ཚོས་བཤད་ན། མོའི་ཆུང་དུས་ཀྱི་འཚོ་བ་གཞན་གཡོག་འོག་ནས་བསྐྱལ་འོང་དུས་ལུས་པོར་ཤེད་ཤུགས་མེད་ཁར་གློ་ནད་ཐེངས་འགའ་ལ་ཕོག་ཡོད་ཟེར།
ཨ་ཇོ་ཆེ་བ་ཕྱི་རྒྱལ་ལ་བུད་ནས་བཟུང་ད་བར་ཁྱིམ་གྱི་འགན་གཙོ་བོ་མོས་འཁུར་ཡོད། ཨ་ཇོ་རྡོ་རྗེ་ཤེས་མེད་ཚོར་མེད་ངང་བསྡད་ནས་ལོ་ལྔ་ལ་ཉེ་དུས་རིགས་བཟང་ཡང་ཁང་པའི་འགན་ལྕི་དྲགས་པའམ། སེམས་ངལ་གང་ཞིག་གི་རྐྱེན་གྱིས་བཟོ་མདོག་ཤོར་བའི་ངོ་གདོང་གང་ལ་སྐྱོ་ངལ་འདྲེས་པའི་གཉེར་མ་རེ་གཉིས་ཀྱང་རང་བཞིན་གྱིས་མངོན་འོང༌། མུ་གེའི་སྒང་ལ་ཟླ་ལྷག་ཟེར་བ་བཞིན་མ་བསམས་ས་ནས་རིགས་བཟང་གི་ནད་ཇེ་ཐུ་ཇེ་སྡུག་ལ་སོང་ནས་མཐར་ཉལ་སར་ལྷུང༌། སྤུན་ཉེ་ཚན་སུ་ལ་ཡང་ཁ་ཡ་མི་བྱེད་པའི་ཨ་ཇོ་རྡོ་རྗེ་ཡང་སེམས་ལ་འཚུབ་ཤ་ལངས་ནས་ཡ་གི་དགོན་པ་ནས་བླ་མ་གདན་དྲངས་ན་ཅི་དྲག་དང༌། ལུང་པའི་ཕྱི་རོལ་ནས་སྨན་པ་བོས་ན་གང་དྲག་གིས་བྲེལ་བྲེལ་ངང་ཡར་འགྲོ་མར་རྒྱུག་གི་འགྲུལ་རྒྱག་བཞིན་འདུག ཁྱིམ་མི་ཚོས་ནུས་པ་ཅི་ཡོད་བཏོན་ནས་ཐབས་ཤེས་གང་ཐུབ་བྱས་རུང་ནད་པར་དྲག་སྐྱེད་ཡོང་བའི་རྣམ་འགྱུར་གསལ་པོ་ཞིག་མཐོང་མ་ཐུབ་པས་བྱ་ཐབས་ཟད་སོང༌། དགོང་མོ་ཞིག་ལ་ཨ་ཇོ་རྡོ་རྗེ་ཁྱིམ་ནང་སླེབ་དུས་ནད་པ་གཅིག་པུ་ཉལ་ཁྲིའི་སྒང་ཉལ་ཡོད་པ་ལས་ཁྱིམ་མི་གཞན་སུ་ཡང་མི་འདུག ལཱ་སྒྲོན་ཐོགས་ནས་ནད་པའི་རྩར་འབྱོར་བ་ན་ནུ་མོའི་གདོང་ལ་ལྟ་མ་བཟོད་པར་གྱུར། སྐམ་ཞིང་རིད་པའི་གདོང་ཡོང་རྔུལ་ནག་གིས་སྦངས་ཞིང་དབུགས་ཀྱི་རྒྱུ་བ་ཐང་ལྷོད་མི་སྙོམས་པ་མཐོང་བས། སྐྲག་སྣང་ཞིག་གིས་ཁོའི་ལུས་ཡོངས་ཚ་ལམ་ལམ་དུ་བཏང༌། ད་གཟོད་གནས་སྟངས་རྒྱུན་ལྡན་མིན་པ་ཤེས་ནས་ནད་པའི་རྒྱབ་ལ་སྔས་འབོལ་བཅུག་ནས་ཙོག་མ་སྙེས་ལ་བཞག་སྟེ་གདོང་གི་རྔུལ་ནག་ཕྱིས། ལམ་སང་གཡོས་ཁང་ལ་བརྒྱུགས་ནས་ཐུག་པ་བསྐོལ། ཐུག་པ་དཀར་ཡོལ་གང་ཁྱེར་ནས་ནད་པའི་འགྲམ་དུ་འབྱོར་དུས་མོའི་ནུས་པ་ཟད་ཟིན་པའི་མིག་གིས་རང་ལ་ལྟ་བཞིན་པ་མཐོང༌།
ཁོ་མར་ཙོག་ནས། རིགས་བཟང་ཐུག་པ་འཐུངས་ཡ། རླུང་འཕར་ཡོང༌། ཞེས་བརྗོད་ནས་འདར་སིག་རྒྱག་བཞིན་པའི་ལག་པས་དཀར་ཡོལ་བཟུང་ཞིང་ཐུག་པ་ཁྱེམ་བུ་རེ་རེ་བཞིན་ནུ་མོར་འཐུང་དུ་བཅུག དེ་དུས་མིང་སྲིང་གཉིས་པོའི་སེམས་ཀྱི་ཟབ་ས་ནས་རྡོལ་བའི་དུང་སེམས་ཞིག་གི་རྐྱེན་ནམ། ཡང་ན་ད་ལྟའི་ཡ་ང་ཡིད་མུག་ཏུ་གྱར་ཟིན་པའི་མིག་མདུན་གྱི་གནས་ཚུལ་འདིས་ཡིན། གང་ལྟར་བཟོད་མ་ཐུབ་པའི་སྡུག་ཡུས་ཡོད་ཚད་མིག་ཆུའི་ཟོལ་དུ་ཁོང་གཉིས་ཀའི་མིག་ཀོང་ལས་འགོག་མེད་དུ་བཞུར་བཞིན་འདུག སྲོད་རུབ་འགོ་ཚུགས་དུས་ཀྱི་རླུང་བསིལ་མས་འཁུར་བའི་ཚེ་སྲོག་ཞིག་གི་ན་ཟུག་དང༌། མྱ་ངན་གྱིས་བདས་ནས་འོངས་པའི་ཉམ་ཆུང་བའི་ངུ་སྐད་ལ་ཉན་དགོས་པ་ནི། སྙིང་ལ་ཚེར་མ་བཙགས་པའི་ན་ཟུག་ལས་ཀྱང་བཟོད་དཀའ་ཨང༌། ཨ་ཇོ་རྡོ་རྗེས་ནུ་མོའི་མགོ་ལ་ལག་པས་འཕུར་བཞིན་སྐྱོ་བའི་མིག་ཆུ་གང་འཚམས་ཞིག་དགོང་མོ་དེར་བཏོར།
གསུམ་པ།
གནམ་ངོ་ཇི་འདྲ་གཡའ་དག་རུང་དགུང་ཉི་མའི་དྲོད་ལ་ལྡེ་མ་ལྡེའི་ཁྱད་ཆེན་པོ་མི་འདུག ང་སྤོ་བོ་དང་མཉམ་དུ་ཆུ་ཚོད་ཕྱེད་ཙམ་རིང་རྩིག་འདབས་ནས་ཉི་མར་བསྡད་ནའང་ལུས་ལ་དྲོས་རྒྱུ་ཞིག་མི་འདུག་པས། ཐག་ཉེ་འགྱང་གི་རི་ལུང་དག་ལ་མིག་ཉུལ་བརྒྱབ་པ་ཡིན། ས་མཐོ་དམན་གང་སར་ལྗང་མདོག་ཟུར་ཙམ་ཡང་མཐོང་རྒྱུ་མེད་ཁར་གྱེན་ཐུར་ཕྲེད་གསུམ་གྱི་ལམ་དག་ལས། ཐལ་འཚུབ་སྐྱ་འཕྱུར་འཕྱུར་ངང་ལྡང་འགྲོ། ལོ་འདིར་ཁ་བ་ད་དུང་འབབ་མ་ཐུབ་པས་རྒྱང་རིང་གི་གངས་རི་དག་ཀྱང༌། ཟུངས་ཟད་པའི་མི་རྒན་འགའ་ལངས་བསྡད་པ་དང་འདྲ་བ་ལས་རྔམ་ཞིང་བརྗིད་ཆེ་བའི་སྣང་བ་ཞིག་སྟེར་ཐབས་མི་འདུག ཐག་ཉེ་འགྱང་གི་ཡུལ་གྲུ་དེ་དག་ནི་དགུན་གྱི་གྲང་ངར་དང༌། རླུང་འཚུབ་ཁྲོད་ཀྱི་དར་ལྕོག་བཞིན་འདར་སིག་སིག་ཏུ་མངོན་པ་ལས་དེ་ན་རང་དབང་གི་དགོད་སྒྲ་ནི་གཏན་ནས་སྒྲོག་མི་ཐུབ་པ་འདྲ། མིག་ལྟས་འདིའི་ཁྲོད་རང་སེམས་གསོ་ཐུབ་ཙམ་གྱི་དྭངས་གཙང་ཡིད་འོང་ཞིག་མཐོང་ཐུབ་པ་ནི་མ་གི་ཤག་ཐང་དཀྱིལ་གྱི་གཙང་ཆུ་རེད། གཙང་ཆུ་ཁོ་ན་དྭངས་སིང་སིང་དང་སྔོ་འཕྱུར་འཕྱུར་གྱི་ལང་ཚོ་བསྣམས་ནས་ཡུལ་ལུང་འདིའི་འགྲམ་ནས་དལ་གྱིས་བཞུར་འོང༌།
ཉིན་འདི་དག་གི་རིང་ང་ཨ་ཇོ་རྡོ་རྗེ་དང་ཐེངས་གསུམ་ཙམ་ལ་ཕྲད་སོང༌། ཁོའི་གནས་ཚུལ་སྔར་བཞིན་ལས་འགྱུར་བ་འདྲ་བྱུང་མེད་ནའང་ཉིན་འདི་ཚོར་ཅུང་ཧུར་ཙམ་མཐོང་རྒྱུ་འདུག དེ་རིང་ངེད་གཉིས་ལམ་གྲོགས་ཡིན་ཏེ། ང་རང་བཀག་ཡུལ་ལ་ལས་དོན་ཞིག་གི་ཆེད་འགྲོ་འཆར་ཡོད་དུས་ཁོ་ལའང་དོན་དག་ཡོད་པས་ལྷན་དུ་འགྲོ་ཟེར། ངེད་གཉིས་ཀྱི་ཁང་པའི་བར་ཁྱིམ་ཚང་གསུམ་ལས་ཆོད་མེད་པས་འགྲོ་རན་དུས་ངས་ཁོ་འབོད་དུ་སོང་བ་ཡིན། ཞིང་ཁ་བརྒྱུད་དེ་ལམ་ལ་ཞུགས་ནས་བཟུང་ངས་ཁོ་ལ་ཁ་བརྡ་སྣ་ཚོགས་བྱས་ནའང༌། ཁོ་ལ་ལབ་གླེང་མང་པོ་མི་འདུག་པས་ངེད་གཉིས་རེ་ཞིག་ཁུ་སིམ་མེར་གྱུར།
གཙང་ཆུའི་ཟམ་པ་བརྒྱུད་དུས་ང་ལ་དྲན་གློ་བུར་བ་ཞིག་སོས་སོང་བས་ངའི་བྲང་ཁོག་ནང་གི་སྙིང་ཡང་གང་བྱུང་དུ་འཕག་མཆོང་བྱེད། མ་གཞི་གནད་དོན་འདི་འདྲ་འདྲི་རྒྱུ་ནི་ལས་སླ་པོ་ག་ལ་ཡིན་ཏེ། ཁོའི་སེམས་བློང་བློང་པོའི་གང་ལ་ཡང་བསྐྱར་སྐྱོ་བའི་ན་ཟུག་སླང་བ་མིན་ནམ། ཡིན་ནའང་ངའི་སེམས་གནོན་མ་ཐུབ་པར་སྐད་ཆ་འདི་དག་ཁོ་ལ་དྲིས་པ་ཡིན། ཨ་ཇོ་རྡོ་རྗེ། ཁྱོད་ང་ལ་བློ་གཏད་བྱས་ནས་ལབ་ཚིག་གསུམ་བཤད་ཕོད་དམ། ལབ་ཅི་བཤད་རྒྱུ། ཨུམ། ཁྱོད་འདི་འདྲའི་སེམས་པ་ཆེ་དོན། གསལ་པོ་བཤད་ན་ཨ་ཅེ་རིགས་བཟང་འདས་ནས་ལོ་འདི་ཙམ་བུད་རུང༌། ད་དུང་ཁྱིམ་ལ་སེམས་ངལ་མེད་དོན་ཅི་ཡིན། ད་ཁྱོད་ལབ་མ་མང༌། ཕན་མི་ཐོགས་པའི་གཏམ་འདྲ་མིན་འདྲི་འདོད་ཡོད་ན་སྔོན་ལ་འགྲོ་རོགས། ང་རང་རྗེས་ལ་བསླེབ་ཆོག ཁོའི་གདོང་ལ་སྐྱོ་བའམ་ཁོང་ཁྲོ་གང་རུང་མངོན་ཟིན་འདུག་པས་ངས་ཨུ་ཚུགས་རྒྱག་རྒྱུ་ལས་སེམས་ཕྱིར་འཐེན་པ་ཡིན།
མ་གཞི་ཁོ་ལ་ཁག་མི་འདུག སྔོན་མ་བྱུང་ཟིན་པའི་དོན་དེ་ཚོ་དྲན་ཐེངས་རེ་ལ་ཁོའི་བྲང་ཁོང་ན་ཡོད་པའི་རང་མཐོང་རང་བརྩིས་ཀྱི་གཙོས་སེམས་ཀྱི་ནུས་པ་ཡོད་ཚད་དབང་མེད་དུ་ཤོར་འགྲོ། རང་སེམས་རང་ཉིད་ཀྱིས་གཅུན་མི་ཐུབ་པའི་གནས་ཚད་ལ་ཐུག་དུས་སེམས་སྙི་མོ་འདི་ཆང་གིས་སྦངས་ནས་བཟི་རུ་འཇུག བཟི་ཐལ་བའི་རྣམ་ཤེས་དེ་མུན་ཁྲོད་ཀྱི་བྱ་སྤུ་བཞིན་ན་ཟུག་དང་ཚོར་བ་གསོན་པོ་ཡོད་ཚད་ཀྱི་རྒྱ་ལས་གྲོལ་ནས། རང་དབང་གི་མཁའ་ལ་གཡེང་དུས་ད་གཟོད་ཁོའི་སེམས་ལ་བདེ་སྣང་གིས་ཁྱབ་པ་ཡིན། འདི་ནི་ཁོའི་འཚོ་བའི་ནང་གི་སྟོང་ཆ་སྐོང་བའི་ཐབས་ལམ་ཡག་ཤོས་དེ་ཡིན་པས་ཁོ་དེ་ལ་རྒྱུན་ལོབས་སུ་སོང་ཟིན། ཨ་ཇོ་རྡོ་རྗེ་མི་ཚད་ལྡན་ཞིག་ནས་གནས་སྟངས་འདི་ལྟ་བུ་ལ་གྱར་དོན་ཡང༌། ཁོའི་མཐའ་འཁོར་གྱི་ཡུལ་དུས་དང་ཁྱིམ་མི་ལ་འགན་ཡོད་པ་ནི་གཡོལ་ཐབས་རྩ་བ་ནས་མེད་ལ། ལྷག་པར་འདས་པའི་གནས་ཚུལ་དེ་ཚོ་ཡང་གཙོ་བོ་ཁོའི་ཨ་མ་ལ་ཐུག་ཡོད་པ་ཕྱི་གསལ་ནང་གསལ་ཡིན།
ཨ་མ་ཚེ་རིང་ནི་རང་ཁྱིམ་གྱི་འཚོ་བ་ལ་སེམས་ཁུར་ག་ཚོད་ཆེ་ནའང་བྱེད་སྟངས་བྱེད་ལུགས་མི་ཤེས་པའི་ཁར། ཡུལ་མི་ཁྱིམ་མཚེས་ཚོ་ལ་ཕོག་ཐུག་ཆེ་བའི་མི་ཞིག་ཡིན། མི་སུ་དང་རྙོག་གླེང་ཤོར་བ་ན་དང་ཐོག་ཐུབ་ན་ཁ་འཛིང་ལག་འཛིང་བྱེད་པ་དང༌། མ་ཐུབ་ན་རྒྱབ་ནས་དམོད་མོ་ཚོད་མེད་འབོར་བས་ཡུལ་མི་མང་ཆེ་བས་མོ་ལ་ཁ་ཡ་དེ་ཙམ་མི་བྱེད། དེ་རིང་ནི་ཨ་མ་ཚེ་རིང་གི་ཁྱིམ་མཚེས་སྒྲོལ་མའི་ནང་ལ་ཚེས་བཅུ་ཚོགས་ཡོད། ཡུལ་མི་མང་ཆེ་བས་ཕྲེང་བ་རེ་བགྲངས་ནས་སྔ་གཞུག་ཏུ་སྒྲོལ་མའི་ནང་ལ་མ་ཎི་འདྲེན་དུ་ཐོན་ཡོད། ཁོ་ཚོས་མ་ཎི་ཐེངས་འགའ་ལ་དྲངས་ནས་ད་ལྟ་ཇ་ཆང་ལ་ཅི་དགར་སྤྱོད་བཞིན་ལབ་ལ་གཡེང༌། འུར་བཞིན་པའི་ལབ་དཀྱིལ་ནས་ཨ་མ་ཚེ་རིང་གིས་ཅི་ཞིག་བརྗོད་ཀྱིན་པ་ལ་ཡུལ་མི་རྣམས་ཧད་འདུག མོ་བཟི་ཡོད་ན་གཏམ་སྒྲ་དག་འབྲུ་གཙང་འདི་འདྲ་ཐོན་མི་སྲིད། བཟི་མེད་ན་ནི་ལུང་པའི་དབུས་ནས་ལབ་འདི་འདྲ་ཞིག་ཤོད་ཕོད་དམ།
ཁྱིམ་མཚེས་སྒྲོལ་མས་གནས་ཚུལ་མི་ལེགས་པ་ཤེས་ཏེ་ལམ་སེང་ཨ་མ་ཚེ་རིང་གི་ཁ་བཀག་ནས། ཨ་ལྕེ། ས་ཡུལ་བའི་དབུས་ནས་བུ་ཕྲུག་གི་རླུང་རྟ་མ་གཅོག ད་ཁ་བསྡུས་ན་དགའ། ཞེས་གཏམ་གཞན་ལ་སྐོར་ན་བསམ་པའི་རེ་བས་བརྗོད་ཀྱང་ཨ་མ་ཚེ་རིང་དེ་བས་དཀྲོག་ལངས་ནས། ཧིན། ཁོ་ངའི་ཕྲུ་གུ་ཡིན་མིན་ངས་ལོས་ཤེས། ཁྱེད་ཡུལ་བ་ཚད་འཛུགས། ཁོ་ངའི་བུ་ཕྲུག་ཡིན་ཐབས་མེད། ངའི་ཚེ་སྔོན་མའི་ལན་ཆགས་ཡིན། ལན་ཆགས། ཞེས་ངར་ངར་གྱིས་ཚིག་སྔ་ལས་ཚིག་མཇུག་རྩུབ་པོས་བཤད་སོང་བས་ཡུལ་མི་གང་པོས་ཤབ་ཤུབ་ངང་ནང་ཕན་ཚུན་ཅི་ཞིག་གླེང་གིན་འདུག མོ་སྨྱོས་འདུག ཁོ་སྙིང་རྗེ་འདི་འདྲའི་མཐོང་ཆུང༌། ན་ནིང་ཡུར་བ་འདྲེན་ས་ལའང་མོས་འདི་འདྲ་ཞིག་བཤད་སོང༌། དེ་དུས་མི་ཉུང་བས་གཏམ་མ་གྱར་བ་རེད། ད་སུས་འགོག་ནུས། ཁོས་སྡུག་པོ་ག་ཚོད་མྱངས་ནའང༌། མ་གཞི་ཁང་པ་དེ་ནས་ཁོ་ལ་བུ་ཞིག་
གི་བརྩི་མཐོང་མི་འདུག
ཨ་ཇོ་རྡོ་རྗེས་སྙིང་རྩ་གྲང་འདར་རྒྱག་པའི་ཨ་མའི་གཏམ་དེ་ཐོས་པ་ན། ཚོར་བ་རྣོ་བའི་སེམས་པ་ཆུང་ངུ་དེ་རྦད་དེ་འཐོར་ཞིག་ཏུ་ཕྱིན། དེ་ནས་བཟུང་ཁོས་རང་ཉིད་གང་དྲན་གྱི་འཚོ་བ་བསྐྱལ་ནས་བསྡད། སྐྱེས་པ་ཕོ་ཞིག་ཡིན་པའི་ངོས་ནས་གཏམ་ངན་ཚིག་གསུམ་གོ་བར་སེམས་པ་ཤི་དོན་མེད་ཀྱང་ཁོའི་སེམས་ཤི་དོན་དེ་ཙམ་གྱིས་ག་ལ་ཚད། ཁོའི་སེམས་ཀྱི་ཕྱི་ནང་གང་སར་རྨ་ཁས་ཁེངས་ཤིང་ན་ཟུག་གིས་སྔོན་ནས་བཅུར་ཟིན་ཀྱང༌། ད་ལྟའི་གནས་སྟངས་འདིས་སྲོག་རྩ་བཅད་པ་ཙམ་ཡིན། ཨ་མ་ཚེ་རིང་གིས་བུ་ཕྲུག་རྩ་བ་ནས་སྐྱོང་མི་ཤེས་ཁར་ཉེ་འགྲམ་ལ་ཡོད་པའི་ཨ་ཇོ་རྡོ་རྗེ་དང་ཁོའི་ནུ་མོ་ཆུང་བ་གཉིས་ཀྱིས་སྡུག་པོ་ཚོད་མེད་མྱངས་རུང་རྒྱུན་དུ་མཐོང་ཆུང་དང་སྨ་འབེབས་བགྱིད་ནའང༌། དེ་ནི་ཁོས་ཨ་མའི་གཤིས་ཀ་ཞིག་ལ་ངོས་བཟུང་ནས་རང་འགུལ་གྱིས་ལས་ལ་ཧུར་ཐག་ངང་བརྩོན་གྱི་ཡོད།
ཡིན་ནའང་ན་ནིང་དགུན་དུས་ཀྱི་ཨ་མའི་བྱེད་སྟངས་དེས་ཁོ་ལ་བསམ་བློ་གཏོང་དགོས་པ་ཞིག་བཟོས་སོང༌། དགུན་དུས་སུ་ཡུལ་ན་ལས་མེད་ངང་སྡོད་པ་ལས་གློ་བོ་སྟོད་ཕྱོགས་ལ་ཚོང་འདྲ་རྒྱག་ཏུ་ཕྱིན་ན་དགའ་བསམས་ཤིང༌། དབྱར་དུས་ནས་འཆར་གཞི་ཡོད་པའི་ཐོག རི་ནས་སྤང་སྤོས་དང་བ་ལུའི་མེ་ཏོག་ད་དུང་ཤུག་པ་དང་སྤང་སྐྱེས་མེ་ཏོག་སྣ་ཚོགས་རིགས་བཏུས་ནས་གྲ་བསྒྲིགས་ཤིང༌། དགུན་ཁར་བསང་རྫས་དེ་རྣམས་ཞིབ་མོར་བརྡུངས་ནས་ཚོང་ཆོག་ཆོག་གི་ཤོག་འཐུམ་བརྒྱབས་ཏེ་འགྲོ་གྲབས་བྱས།
དེ་དུས་ཁོ་ལ་ཤོག་དངུལ་བརྒྱ་ལོར་གཅིག་ཀྱང་མེད། ལམ་གྱི་འགྲོ་སོང་ཨ་མས་སྟེར་ངེས་ཡིན་པའི་རེ་བས་ཨ་མའི་རྩ་ལ་ལེན་དུ་ཕྱིན། ཨ་མ་ཚེ་རིང་གི་སྒོར་རྡོག་གཅིག་ཀྱང་སྟེར་མདོག་མེད་པའི་ཚུགས་ཀ་དེ་མཐོང་དུས་ཁོ་འུ་ཐུག་ནས། ད་ལྟ་གནས་སྐབས་རིང་གཡོར་རོགས། ཚུར་འབྱོར་མ་ཐག་ངས་སྐྱིན་པ་སྟེར་ཡོང༌། ཞེས་མིག་མཆི་མས་འཁྲུག་བཞིན་བཤད་ཀྱང༌། སྒོར་མོ་མེད་ན་ངས་ག་ནས་སྟེར། ང་ལ་བྱེད་ཐབས་མེད་པས་ཁྱོད་རང་གིས་ལྟོས། ཞེས་ཐ་ཚིག་བསྒྲགས་སོང༌། ཁོའི་སེམས་སྐྱོ་དྲགས་ནས་ཉིན་ཤས་རིང་ཟ་མ་མིད་པར་མ་སོང་བས། བསང་རྫས་རྣམས་ཡུལ་མི་ཉེ་ས་དག་ལ་སྤྲད་ནས་ཁང་ཁྱིམ་དེ་དག་ལས་ཆང་ཉུང་ཙམ་རེ་འཐུང་མགོ་ཚུགས། ཧིན། སྒོར་མོ་སྟོང་གཉིས་ཀྱི་ཡིད་ཆེས་མེད་ན། ཁྱིམ་འདི་ནས་དཀའ་ལས་བརྒྱབས་པ་ལ་ཆོ་ཅི་འདུག སྐད་ཆ་འདི་ནི་དེ་དུས་ཁོའི་ཀླད་རྒྱའི་ནང་རྒྱུན་དུ་འཁོར་གྱིན་ཡོད།
ད་དུང་ཁོས་མ་ཤེས་པ་ག་ལ་ཡིན་ཏེ། ཆུང་དུས་སུ་ཨ་ཕ་གྲོངས་རྗེས་ཁང་པའི་འཚོ་བ་ལ་དཀའ་ལས་མི་ཉུང་བ་ཞིག་ཕྲད་པས་ཨ་མ་ཚེ་རིང་ཅི་བྱེད་འདི་བྱེད་མེད་དུས། ཁྱིམ་ལ་བཟའ་རོ་མང་ནས་ཅི་བྱེད། དེ་ལས་གནས་སྐབས་ལྟོ་གོས་ཀྱིས་སྐྱོང་ཡང་མི་དགོས། བསམས་ནས་ཁོང་ཚོའི་སྤུན་ནང་ནས་ཨ་ཇོ་རྡོ་རྗེ་བླ་མ་ཞིག་ལ་བློ་ཐག་གཙང་བཅད་ཀྱིས་ཕུལ་ཟིན་ཀྱང༌། ཡུན་རིང་མ་འགོར་བར་ཁོ་དགོན་པར་སྡོད་རོགས་མ་བྱས་པས་ཁྱིམ་ལ་མ་བླངས་ཀ་མེད་ཐུག ཁོས་བསམ་བློ་རེ་བཏང་ན་ཁོའི་ཨ་མས་དེ་དུས་ནས་ཁོ་རང་གི་ཕྲུ་གུའི་གྲལ་ནས་ཁ་བཀར་བ་ཤེས། གནས་སྟངས་དང་ཁོར་ཡུག་གི་ཤུགས་རྐྱེན་དེ་འདྲའི་འོག་ནས་ཨ་ཇོ་རྡོ་རྗེ་ལྟ་བུའི་སེམས་ཆུང་མིའི་འཚོ་བ་ནི། བཟོད་མི་ཐུབ་པའི་ན་ཟུག་གྲངས་མེད་མུན་ཁྲོད་ནས་རང་གཅིག་པུས་མྱོང་རྒྱུ་ལས་མ་འདས་པ་ནི་དངོས་ཡོད་ཡིན།
བཞི་པ།
དཔྱིད་རླུང་འཇམ་པོ་ཞིག་གིས་གང་སར་ཁྱབ་པས་ད་གཟོད་རྒྱང་རིང་ན་རྔམ་ཞིང་མཐོ་བའི་གངས་རི་དག་གི་བརྗིད་ཉམས་འོག ཐག་ཉེ་འགྱང་གི་ཡུལ་ལྗོངས་རྣམས་ལ་གསོན་ཤུགས་ཞིག་རང་བཞིན་གྱིས་བསྣན་འདུག རླུང་བུ་འཇམ་པོ་རེ་ལྡང་འོང་དུས་ཞིང་ཁྲོད་ན་སྐྱེས་པའི་འབྲུ་དྲུག་གི་ལྗང་བུ་རྣམས་ནི་གཞོན་ནུ་མའི་འཛུམ་མདངས་བཞིན། སེམས་ལ་དགའ་བའི་རླབས་རིས་དབང་མེད་དུ་འཁྱིལ་བར་བྱེད། ཞོགས་དུས་ཀྱི་ལྗང་རླུང་ལ་ཧུབ་རྒྱག་རྒྱུ་ནི་ཡིད་སེམས་ཅི་འདྲའི་འཕྲོག་པ་ཞིག་རེད་ཨང༌།
དེ་རིང་ནམ་མ་ལངས་སྔོན་ནས་ཨ་ཇོ་རྡོ་རྗེ་ཞིང་ལ་ཆུ་འཇུག་ཏུ་ཐོན། རྩ་ཁའི་ཟིལ་པ་རྡོག་པས་གཏོར་བཞིན་ཡུར་བ་བཅོས་ནས་རྫིང་ཆུ་བརྟོལ། གོ་རིམ་ཡོད་པའི་ངང་ནས་རང་ཁྱིམ་གྱི་ཞིང་དག་ལ་ད་ལྟ་ཆུ་འདྲེན་གྱིན་འདུག ཁམས་དྭངས་བའི་ཞོགས་རླུང་དང་ཁ་དབུགས་བརྗེ་བཞིན། རྒྱང་རིང་གི་སྙེ་ཤང་ལ་རྩེ་ནས་ད་སོ་མ་འཆར་བའི་ཉི་གཞོན་གྱི་མཛེས་སྡུག་ལ་རྒྱང་མིག་འཕེན། ཁོའི་སེམས་ལ་ཞོགས་ཉི་འོད་ཐོད་ལ་བསུས་ནས་ཞིང་གྲོང་གི་ལས་ལ་འཇུ་རྒྱུ་ནི་ཅི་འདྲའི་སྤྲོ་སེམས་འཁོལ་པོ་ཞིག་ཡིན་ཨང་སྙམ། ཉི་མ་ཐག་ཚད་གཉིས་ཙམ་ལ་འགྱང་དུས་ད་གཟོད་རྫིང་ཆུ་བཀག་ནས་ཁྱིམ་ལ་ཇ་འཐུང་དུ་རྒྱུག དེང་སང་ཨ་ཇོ་རྡོ་རྗེའི་ཁྱིམ་ན་ཁོ་གཅིག་པུ་ལས་མེད། འཚོ་བ་ཡར་བསྐྱེད་བྱུང་རིམ་བཞིན་གྲོང་པའི་མི་རྣམས་རྒྱལ་སར་སྤོས་འགྲོ་བ་ལྟར། ཁོའི་ཨ་མ་དང་ནུ་མོ་ཆུང་བ་ཡང་ན་ནིང་དགུན་ཁ་ནས་རང་ཡུལ་ཁུག་ཀྱོག་བཏང་ནས་རྒྱལ་ས་ལ་གཏན་འཇགས་ཀྱི་འཚོ་བ་རོལ་འགོ་བརྩམས། ཁོ་ཚོ་འགྲོ་དུས་ཨ་ཇོ་རྡོ་རྗེ་དེ་ཙམ་ཐང་པོ་མེད་རུང༌། གནམ་ངོ་ཧ་ཅང་གྲང༌། ཟེར་ནས་གང་མགྱོགས་ཡུལ་ནས་ཐོན་ཐབས་བྱས། ཁོ་ཚོ་བུད་ཟིན་རྗེས་འདས་ཟིན་པའི་རང་གི་མི་ཚེའི་གྱོང་རྒུད་གསབ་ཆེད་ཡིན་ནམ།
གང་ལྟར་ཁྱིམ་ཀྱི་དོན་ཕྱི་ནང་གང་ལའང་འཐུས་ཤོར་མེད་པར་བགྱིས་པ་ནི། མུན་ནག་ཁྲོད་ཀྱི་ཁོའི་མི་ཚེའི་ཆ་ཤས་ལ་སྐྱ་མདའ་ཤར་བ་མིན་ནམ། ད་ལྟ་སྐྱེལ་བཞིན་པའི་ལོ་ཟླ་ནི་གྲོགས་མེད་ཁེར་རྐྱང་གི་རང་བཞིན་ཡིན་ནའང༌། དེ་ནི་ཧུར་བརྩོན་གྱི་ངོ་བོ་ལ་གྱུར་ཟིན་པས་ཁོ་ལ་འཚེར་སྣང་གང་ཡང་མེད། རླུང་འཚུབ་ཀྱི་ཁྲོད་ནས་འཚར་ལོངས་བྱུང་བའི་ཁོས། ད་ལྟ་སྐྱེལ་བཞིན་པའི་འཚོ་བ་ནི་དཔྱིད་རླུང་གི་འཇམ་རེག་ལ་རང་དབང་གིས་མྱོང་བ་དང་ཁྱད་མེད། མིའི་མི་ཚེ་ཞིག་ལ་ཆ་བཞག་ན་དཔྱིད་རླུང་ལྡང་ཡུན་ནི་དུས་ཐུང་ཐུང་ལས་མེད། ལྷག་པར་ཡུལ་ལུང་འདིའི་མཐའ་འཁོར་ལ་དཔྱིད་རླུང་ནི་དེ་བས་ཀྱང་ལྡང་ཡུན་ཉུང་བ་ཡིན། དེས་ན་ཁོས་སེམས་པ་ཁེར་བུ་ཞིག་གྲོགས་སུ་བསྡེབས་ནས་དཔྱིད་རླུང་འཇམ་པོ་ལ་ཇི་ཙམ་བར་ལོངས་སུ་སྤྱོད་ནུས་སམ། ཞིང་རྣང་གི་ས་ཚིགས་ན་འགྲེང་ནས་བསྡད་པའི་ཨ་ཇོ་རྡོ་རྗེས། རྒྱང་རིང་རྒྱང་རིང་ལ་བཞུད་ཟིན་པའི་ཉི་འོད་ལ་ཅེར་གྱིན་ཅི་ཞིག་ལ་བསམ་བློ་གཏོང་བཞིན་འདུག ། །།
འགོ་ནས་ཏོག་ཙམ་བཀླགས་ཡིན། ཡག་སྣང་ཤར་སོང་མོད། རིང་དྲག་ནས་ཨ་ཐང་ཆད་སོང་།