མཁས་དབང་ཨ་ནན་མཆོག་གིས་བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་རྒྱལ་པོར་སྐྲག་པ་དང་། སོ་སོའི་ཨ་ཕར་མི་བརྩི་བར་ཁྱིམ་མཚེས་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་ཡིན་པ་བཤད་སོང་།
བལ་ཡུལ་དུ་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གོ་སྒྲིག་འོག་སྤྱི་ཚེས་༣་ཉིན་རྒྱ་གར་དང་ཧྥ་རན་སི་བཅས་ནས་མཁས་དབང་དང་ཆབ་སྲིད་བ། བོད་དོན་རྒྱབ་སྐྱོར་ཁག་གཅིག་འདན་ཞུས་ཐོག་བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུའི་ཐོག་ད་ལྟའི་ཆར་རྒྱ་གར་གྲོས་ཚོགས་གྱི་ཚོགས་མི་ཡིན་པ་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བྷེ་རྒྱ་ཤེས་བྷུཤན་ཏེ་བཱ་རེ་དང་། རྒྱ་གར་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་དང་། རྒྱུའོ་ལ་ནེ་རོའི་སློབ་གྲ་ཆེན་མོའི་མཁས་དབང་ཨ་ནན་ཀོའུ་མར། ཧྥ་རན་སི་ནས་བོད་དོན་རྒྱབ་སྐྱོར་བ་ཧྥུ་རན་སེསུ། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སོའུ་ཏེབ། བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་སོགས་གིས་རིམ་པས་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྟེང་གཏམ་དཔྱད་སྤེལ་ཡོད་པ་དང་། སྐབས་དེར་བོད་མི་ཚོའི་བདེན་པའི་འཐབ་རྩོད་དང་ཞི་བའི་ལས་འགུལ་ཁག་ལ་བལ་ཡུལ་གཞུང་དང་མི་མང་གི་ཕྱོགས་ནས་རྒྱབ་སྐྱོར་འཚོལ་ཐབས་བྱེད་རྒྱུ་ནི་གལ་ཆེན་ཡིན་པ་དང་། དེ་ཡང་ཐོག་མར་བོད་མི་ཚོས་བལ་བོའི་སྐད་ཡིག་ཐོག་བོད་དོན་སྐོར་གྱི་ཚགས་པར་འདོན་རྒྱུ་དང་། བལ་ཡུལ་གྱི་མཐོ་སློབ་ཁག་གིས་གཙོ་བའི་སློབ་གྲྭའི་ནང་བོད་བརྒྱུད་ནང་ཆོས་སྡེ་ཚན་དང་བོད་རིགས་པ་སྡེ་ཚན་འཛུགས་རྒྱུ། བལ་བོའི་གྲོས་ཚོགས་དང་མི་དམངས་ཁྲོད་བོད་གྱི་གྲོགས་པོ་དང་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུ། ལྷག་པར་བལ་ཡུལ་ཧི་མ་ལ་ཡའི་ནང་བའི་མི་རིགས་ཚོ་ལ་བོད་མི་ཚོས་མཛའ་འབྲེལ་དམ་པོ་འཛུགས་རྒྱུ་སོགས་གལ་ཆེན་ཡིན་པའི་གཏམ་དཔྱད་སྤེལ་བ་དང་། ལྷག་པར་མཁས་དབང་ཨ་ནན་མཆོག་གིས་བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་འགོ་པར་སྐྲག་པ་དང་། སོ་སོའི་ཨ་ཕར་མི་བརྩི་བར་ཁྱིམ་མཚེས་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་ཡིན་པ་སོགས་བཤད་སོང་།
ཡིན་ཡང་ཟླ་འདིའི་ཟླ་འགོར་བལ་ཡུལ་བོད་ཀྱི་བདེ་དོན་ལས་ཁུངས་ནས་གནས་ཡུལ་རྒྱལ་ནང་གི་གནས་སྟངས་དང་བསྟུན་པ་བྱས་ནས་བོད་མི་ཚོས་བོད་དོན་འཐབ་རྩོད་གྱི་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡིག་ཆ་གང་སར་དཀྲམ་པ་དང་མཉམ་ལས་འགུལ་སྤེལ་ནས་དཀའ་ངལ་རིགས་འཕྲད་ཚེས་འབྲེལ་བ་མེད་ཚུལ་ཀྱང་འཁོད་ཡོད། གསལ་བསྒྲགས་དེའི་ཐད་བོད་མི་དང་ལྷག་དོན་སྔོན་མ་ནས་བོད་དོན་ལས་འགུལ་སྤེལ་མཁན་དྭངས་བླངས་བ་ཚོའི་ཁྲོད་འདོད་པ་མ་ཁེངས་བའི་བསམ་ཚུལ་སྟོན་མཁན་དང་བློ་ཕམ་བྱེད་མཁན་མང་པོ་ཡོང་བཞིན་པ་རེད།