འཕྲིན་ལས་འོད་ཟེར།
ཚེ་སྲོག་མེ་ཞགས་ཀྱི་གུང་བུར་ཐིམ་ཐིམ་རེད།།
ཚར་གཅོད་དྲག་དཔུང་གི་གླུ་སྒྲ་ལེན་ལེན་རེད།།
མཇུག་འབྲས་ཏིལ་འབྲུ་བཞིན་ད་ནས་ཆུང་ཆུང་རེད།།
འཆི་གསོན་གྲངས་འབོར་གྱི་གཤིབ་བསྡུར་བྱེད་རན་རེད།།
འཁྱོག་བཤད་རྫུན་གཏམ་གྱི་མཛུབ་མོ་ཀེར་ཀེར་རེད།།
རེ་སྒུག་རྨི་ལམ་གྱི་འཇའ་ཚོན་ཕར་ཕར་རེད།།
གཉིས་ཕན་བྱམས་སེམས་ཀྱི་ལམ་ཁ་དོག་དོག་རེད།།
གསོན་ཤུགས་གསར་བ་ཞིག་གང་ནས་འཚོལ་རན་རེད།།
མེར་སྲེག་ལས་འགུལ་གྱི་གསུར་དྲི་འཐུལ་འཐུལ་རེད།།
མ་བུ་མཉམ་འཛོམས་ཀྱི་འདི་སྣང་འབྲལ་འབྲལ་རེད།།
ཚུར་ཕྱོགས་སྒྲིག་འཛུགས་ཀྱི་ལས་ཀ་ཉུང་ཉུང་རེད།།
ཟས་བཅད་ངོ་རྒོལ་དེ་ནང་ལ་བྱེད་རན་རེད།།
འདས་སོང་ཞལ་ཆེམས་རྣམས་ཁ་བ་འབབ་འབབ་རེད།།
དད་འདུན་རེ་འབོད་ཀྱི་ཨག་སྐད་གཅིག་གཅིག་རེད།།
མཁྲེགས་འཛིན་ལོག་སྤྱོད་ཀྱི་རྒོལ་གཏམ་གཏན་གཏན་རེད།།
འཚོ་ཐབས་གསར་བ་ཡི་ལམ་ལ་ཆས་རན་རེད།།
རེ་འདུན་མིག་ཆུ་རྣམས་གངས་ནས་བཞུར་བཞུར་རེད།།
ལ་རྒྱའི་མགོ་བོ་རྣམས་སྔར་ལས་མཐོ་མཐོ་རེད།།
མིག་དཀྱུས་མདུན་ཅོག་ལས་རྒྱང་དུ་བརྐྱངས་བརྐྱངས་རེད།།
གཞིས་ལུས་སྤུན་མཆེད་ཀྱི་དཔུང་རོགས་བྱེད་རན་རེད།།
བསྔོ་སྨོན་མཆོད་འབུལ་གྱི་ཆབ་སྲིད་འཁྲབ་འཁྲབ་རེད།།
འཕོ་འགྱུར་གསར་བ་ཞིག་རྟག་ཏུ་སྒུག་སྒུག་རེད།།
ཡིད་ཆེས་རྫུན་མ་དེ་རྒྱུན་དུ་སྒོམ་སྒོམ་ལས།།
དོན་ལྡན་བསྔོ་སྨོན་གྱི་ལམ་རྒྱགས་གནང་རན་རེད།།
སྲིད་འཛིན་གསར་བ་ལ་སྔར་ནས་སྒུག་སྒུག་རེད།།
གནོན་ཤུགས་རྫུན་མ་ལ་རྟག་ཏུ་བཅོལ་བཅོལ་རེད།།
དུས་དང་སྐབས་བབས་ཀྱི་ལམ་ཁ་འཆོལ་འཆོལ་རེད།།
ཕྱི་སྡོད་བོད་རིགས་ལ་ཡིད་ཆེས་བརླག་རན་རེད།།
ནུས་མེད་དྲིལ་བསྒྲགས་ཤིག་གང་སར་བཤད་བཤད་རེད།།
འཇོན་མེད་འགྲོ་སོང་ཞིག་གང་དུ་བཏང་བཏང་རེད།།
ཡ་ལན་ཚོར་མེད་ཅིག་རྒྱ་ལ་བསྟན་བསྟན་ལས།།
བཙན་པོའི་དཔུང་ཚོགས་ཤིག་གྲ་སྒྲིག་བྱེད་རན་རེད།།
ཕྱི་སྐྱོད་རླངས་འཁོར་གྱི་འཛིན་བྱང་བཏོག་བཏོག་རེད།།
བརྡ་ལན་ནན་མོ་དེ་སྔར་ནས་བརྒྱབ་བརྒྱབ་རེད།།
ཅི་ཡང་ལྷག་མེད་ཀྱི་དེ་རང་སྤྱི་ཚོགས་ནས།།
ལག་སྟོང་སྙིང་ཁ་ལ་སྦྱར་ཏེ་འཆི་རན་རེད།།
སྒྲིག་འཛུགས་སྲ་བརྟན་གྱི་ཁ་ཕོ་བསྒྲགས་བསྒྲགས་རེད།།
ཆིག་སྒྲིལ་དམ་ཟབ་ཀྱི་འཕྲེང་ཐག་ཆད་ཆད་རེད།།
ཚེ་སྲོག་མེ་འོབས་ཀྱི་ཀློང་དུ་རྫོགས་པ་ལས།།
འཆི་ཐབས་གསར་བ་ཡི་ལམ་ལ་ཞུགས་རན་རེད།
སྤྱི་ལོ་༢༠༡༢ཟླ་བ་༡༡་ཚེས་༡༣ཉིན་བྲིས།
བོད་དོན་ལས་འགུལ་ང་དགུའི་སྔོན་ནས་བརྩམས། །
བརྩམས་ཚད་དོན་ལྡན་ཕན་ཐོགས་བྱུང་བ་དེ། །
དེ་དག་མི་རབས་གསར་པས་མ་བརྗེད་ཐོག །
ཐོག་མཐའ་བར་གྱི་ལས་འགུལ་རེ་བསྐུལ་སོམས། །
མེས་པོའི་དུས་ཀྱི་ཕ་ས་གཙང་མ་དེ།
ད་ལྟའི་དུས་ཁྲག་གི་བཤས་རར་འགྱུར་དུས།
ད་ནི་མི་ཉལ་མདུན་དུ་བསྐྱོད་ན་བཟང།
ནམ་ཞིག་ལོ་ལེགས་འབྲས་བུ་བྱུང་ཡང་སྲིད།
དུས་རབ་གསར་བའི་ཁ་བ་རིག་པ་ཚོ།
དཀར་ལ་གཙང་བའི་གངས་རིའི་ཕ་ས་དེ།
ནམ་ཡང་ང་ཚོའི་ཤེས་པ་བྱས་ནས་ནི།
མདུན་བསྐྱོད་གོམ་སྟབས་གངས་རིའི་ཕྱོགས་སུ་སྐྱོད།
རྡོ་ཚེ།