གྲིབ་གཟུགས།
མུན་པ་ཟབ་པའི་འཇིག་རྟེན་ནས།།
ཟླ་བའི་འོད་སྣང་རྒྱང་ལ་བྱེར།།
ཚོར་བ་རྣོ་བའི་སེམས་པ་ཡིས།།
ན་ཟུག་མོད་པོ་རིན་གྱིས་ཉོས།།
སེམས་ལ་བསམ་པ་བདེ་བ་རེད།།
སེམས་ལ་དྲན་པ་དགའ་མ་རེད།།
ཐོབ་ཤོར་རྒོད་པའི་འཇིག་རྟེན་ནས།།
འཁྱམ་པོའི་རླུང་རྟ་ཐུར་ལ་རྒྱུག །
ཤོར་ཧྲུལ་རླུང་གིས་དེད་སྟངས་འདི།།
སྤྲང་པོའི་མི་ཚེའི་འདུར་རྒྱུགས་མཚོན།།
འཁྱར་འཁྱོར་གོམ་པའི་སྣེ་མོ་ན།།
བདག་གི་མི་ཚེའི་མདུན་ལྗོངས་གསལ།།
ལུས་ཀྱི་བ་སྤུ་ཟིང་བ་འདི།།
ཚོར་བས་སྦྲིད་པ་ཡིན་ནམ་ཅི།།
སྙིང་ཆུང་དྲག་ཏུ་ལྡིང་བ་འདི།།
དགའ་མའི་ཕྲིན་གྱིས་བྱས་སམ་ཅི།།
སེམས་པ་རི་ལ་ཤོར་བ་ན།།
ལྷིང་འཇགས་རླུང་ཁའི་བྱ་སྤུ་ཉིད།།
འདོད་པའི་ཁོལ་པོར་རྒྱུག་ཙ་ན།།
རང་ཉིད་སུ་ཡིན་དོགས་པ་ཟ།།
ལེགས་གྲུབ་བྱུང་བའི་མི་དེ་ཡང་།།
ད་དུང་རེ་བའི་མཆིལ་མ་ལྡག།
རྨི་ལམ་ཞིམ་པའི་འཁྱམ་པོ་ཚོས།།
རེ་བའི་ན་ཆུང་ཐད་ལ་བོར།།
མཆུ་སྒྲོས་དམར་པོའི་མངར་ཁ་དེ།།
རལ་གྲིའི་སྟེང་གི་སྦྲང་རྩིར་མཚུངས།།
སྒྱུ་འཕྲུལ་བརྟས་པའི་གྲུ་ག་ནས།།
སེམས་པ་གཉོམ་པོར་ཕོག་ཐུག་ཆེ།།
བཟི་སྨན་འཐུང་བར་ཁག་ཅི་ཡོད།།
གཉིད་སྨན་ཟ་བར་ཁག་ཅི་ཡོད།།
མི་སེམས་ཟེར་བའི་དངོས་པོ་དེ།།
ན་ཟུག་མདུན་ན་ནུས་མེད་ཅིག།
སྐད་ཅིག་གཉིས་པའི་བསམ་བློ་དེ།།
སྐད་ཅིག་གཉིས་པའི་ཉམས་མྱོང་དེ།།
གནོང་འགྱོད་ཁུར་བའི་རྒན་པོ་དང་།།
འཐེང་པོའི་གོམ་འགྲོས་མིན་པར་ཤོག།