སོག་མདའ།
ལུས་ཤ་ཁྲག་གཅིག་པའི་ཨ་མྱེ་དང་ཨ་ཁུས།།
དཔའ་ཐེ་ཚོམ་འཇིགས་ཞུམ་སྤུ་ཙམ་ཡང་མེད་པར།།
རྒྱ་དམར་བོའི་མེ་མདའི་སོ་ཁ་ལ་མཆོངས་ནས།།
བོད་གངས་རིའི་རིགས་རྒྱུད་ང་ཚོ་ཡི་ཆེད་དུ་།།
ལུས་རང་སྲོག་ཕྲ་མོ་འབེན་ཁ་ལ་འཕངས་ཡོད།།
ཝ་རྔ་མ་བྲུད་ནས་འབྲོ་བ་ཡི་སྲོལ་ལས།།
སྟག་འཛུམ་དྲུག་ཅིག་སེ་ཤི་ན་དགའ་གསུངས་ནས།།
ལུས་དཔའ་རྩལ་ཅན་པོ་ལྡེམ་མྱུར་གྱིས་གཡོས་སྟེ།།
དགྲ་ནག་པོའི་གདོང་ལ་མཆོངས་ནས་ནི་གྲོངས་ཡོད།།
ཕོ་བརྒྱ་ཡི་ཡ་ཐོད་ས་གཞི་ལ་གཏུགས་ཤིང་།།
མོ་བརྒྱ་ཡི་དོ་ར་སྣོད་ནང་ལ་བཅུག་ཡོད།།
དྲིན་མ་ལོ་བུ་ལོ་རོ་བཤུས་ནི་བྱས་ཡོད།།
བུ་གཅེས་ལོའི་ཕ་རྒན་རོ་ཐག་ནི་འཐེན་ཡོད།།
བོད་བསད་པའི་མི་རོ་རི་བོ་དང་འདྲ་ལ།།
ཁྲག་བཞུར་བའི་ཡུར་ཆུ་ཆུ་བོ་འདྲ་བྱུང་།།
སྡུག་མྱ་ངན་མུན་ནག་གླིང་འདི་རུ་འཐིབས་རུང་།།
སོ་ཨམ་གཙིག་བསྡམས་ནས་མཐུན་སྒྲིལ་གྱི་དཔུང་རྡང་།།
བུ་གཅེས་ལོའི་རྒྱབ་ལ་ཕ་ལོ་དེ་ལངས་ཡོད།།
ཕ་རྒོད་པོའི་རྒྱབ་ལ་ཆུང་མ་དེ་ལངས་ཡོད།།
ཁྱིམ་ཆུང་མའི་རྒྱབ་ལ་རི་སྡེ་དེ་ལངས་ནས།།
དཔའ་རྒོད་པའི་སྙིང་སྟོབས་གཅིག་སྒྲིལ་གྱིས་བསྡམས་ཡོད།།
དུས་དེ་རིང་གཞིས་བྱེས་བོད་ཡུལ་གྱི་གནས་ན།།
རུས་ཁྲག་རྒྱུན་གཅིག་པའི་གདུང་དམར་གྱི་བོད་པ།།
བོད་གཞིས་བྱེས་འཛོམས་པའི་ལས་དོན་གྱི་ཆེད་དུ།།
དོན་དྲང་བདེན་མེད་པའི་སྒེར་གཅོད་ཀྱི་གཞུང་ལ།།
གཞི་འཚེ་མེད་ལམ་བཟང་གསེར་སྐུད་ཀྱི་རྒྱུན་ཐག །
སྲོག་མེ་ལ་ཕུལ་བའི་དཔའ་བོ་དང་དཔའ་མོ།།
གྲྭ་དགོན་ན་བཞུགས་པའི་གྲྭ་བཙུན་གྱི་འདུས་པ།།
ཁྱིམ་ཕུག་ན་གནས་པའི་ཕ་ལོ་དང་མ་ལོ།།
ཞེ་འདང་བརྩེ་ཆེ་བའི་གཅེས་ལོ་དང་གཅེས་ཕྲུག །
གཅིག་འབར་བ་མ་གཟིམས་ཡང་བསྐྱར་དུ་འབར་ཡོད།།
དགྲ་ནག་པོ་བསྲེགས་པའི་མེ་དཔུང་དེ་་འབར་ཡོད།།
གངས་དཀར་བོའི་རང་མདངས་མེ་རི་ལ་འབར་ཡོད།།
དྲིན་ཕ་མའི་གམ་ནས་བུ་ལོ་དེ་་འབར་ཡོད།།
དྲིན་མ་ལོའི་མདུན་ནས་གཅེས་ཕྲུག་དེ་འབར་ཡོད།།
ཁྱིམ་ཆུང་མའི་གམ་ནས་ཁྱོ་ག་དེ་འབར་ཡོད།།
སྤུན་ན་ཟླའི་ཁྲོད་ནས་འདང་ཆེན་དེ་འབར་ཡོད།།
ལུས་ཤ་ཁྲག་གཅིག་པའི་བུ་སྤུན་དེ་འབར་ཡོད།།
དཔའ་ལ་རྒྱ་ཅན་གྱི་དཔའ་བོ་དེ་འབར་ཡོད།།
བོད་ཁ་བ་རི་བའི་བདེ་སྡུག་ཆེད་འབར་ཡོད།།
མགོན་ནོར་བུ་ཕེབས་པའི་རེ་སྒུག་ཆེད་འབར་ཡོད།།
བོད་གཞིས་བྱེས་འཛོམས་པའི་ཉིན་མོའི་ཆེད་འབར་ཡོད།།
བོད་ཆོལ་གསུམ་ཕུ་ནུའི་མཐུན་སྒྲིལ་གྱི་ལག་ཟུང་།།
དམ་མ་ལྷོད་འགྱུར་མེད་རྡོ་རྗེ་ཡི་བྲག་བཞིན།།
གཞི་འཚེ་མེད་ཞི་བའི་ལམ་བཟང་གི་སྲོལ་བཟང་།།
སེམས་ཡ་ཆུང་སྙིང་གི་ཁུག་སོ་ལ་བཅིངས་ནས།།
དུག་མེ་མདའི་ཁ་ནས་སྲིད་དབང་དེ་འཛིན་པས།།
རྒྱ་དམར་བོའི་ལུགས་ཀྱི་ལྕགས་སྒྲོག་དེ་གཏོར་ཆེད།།
བོད་རང་ས་ཟིན་པའི་ཐབས་ཇུས་ལ་འབད་དགོས།།
བོད་རང་གི་སྐད་ཡིག་གཅེས་འཛིན་ལ་འཐམ་དགོས།།
ནང་གཅིག་སེམས་མཐུན་པའི་གོང་བུ་ལ་འཇུ་དགོས།།
ཡུལ་ས་མཐར་གནས་པའི་བྱེས་གྱར་གྱི་ཕུ་ནུ།།
དོན་བསམ་གཞིགས་ཟབ་མོ་རང་སྟེང་ལ་བཀོད་ནས།
ལུས་སེམས་ཀྱི་རང་དབང་ང་ཚོ་ལ་ཡོད་པས།།
བོད་ཁ་བའི་ཞིང་གི་སྤུན་ཟླ་ཚོས་ཆེད་དུ།།
རྗེ་ཐམས་ཅད་མཁྱེན་པའི་བཀའ་་གསུང་དེ་སྒྲུབ་ནས།།
དོན་འཆུག་མེད་ལམ་བཟང་ཤར་སྐྱོད་ལ་འབད་དགོས།།
སྟོད་དབུས་ཕྱོགས་གསེར་གྱི་ལྷ་ལྡན་གྱི་ཞིང་དང་།།
བར་མདོ་ཁམས་ཡངས་པའི་དར་རྩེ་ཡི་མདོ་ནས།
སྨད་མདོ་སྨད་སྨན་ལྗོངས་ཕྱུག་མོའི་བར་གནས་པའི།།
བོད་མགོ་ནག་ཡོངས་ཀྱིས་མཐུན་སྒྲིལ་གྱི་ལག་ཟུང་།།
མཁར་མི་འགྱུར་ཡུམ་བུ་བླ་མཁར་ལྟར་བརྟན་དགོས།།
འགྲིག་འདུག་ཟེར་རྒྱུ་ཡིན།