རྩོམ། ཚའོ་ཁྲང་ཆིང་། སྒྱུར། ནགས་ཤོད་སད་མི།
ཉེ་བའི་ཆར་དབྱིན་ཇིའི << དཔལ་འབྱོར་རིག་གནས >> འབོད་པའི་དུས་དེབ་ནས་གསལ་བསྒྲགས་ཤིག་སྤེལ་དོན། མིག་སྔར་རྒྱ་ནག་ཏུ་ཕྱུག་བདག་ཁྲི་ཚོ ༡༠༠ ཡོད་ཟེར་ལ། མི་རེར་ཆ་སྙོམས་ཨ་སྒོར་ཁྲི ༡༦༠ ལས་བརྒལ་བར་བཤད། ཡིན་ནའང་འདི་དག་ལས་གང་མང་མང་ཞིག་ཕྱི་རྒྱལ་དུ་གནས་སྤོ་བྱེད་ཀྱིན་ཡོད། འདིའི་སྐོར་ཆེས་གསར་ཤོས་ཀྱི་བསྡོམས་ཐོ་འདིར་གཞིགས་ན། བརྒྱ་ཆ ༦༠ བརྒལ་བའི་རྒྱ་ནག་གི་ཕྱུག་བདག་ཕྱི་རྒྱལ་དུ་གནས་སྤོས་ཟིན་པའམ་གནས་སྤོ་བྱ་རྒྱུའི་འགྲོ་ལུགས་གཉེར་བཞིན་ཡོད། བརྒྱ་ཆ ༤༤ ཙམ་རྒྱ་ནག་ནས་ཁ་འབྲལ་རྒྱུའི་སྟ་གོན་བྱེད་ཀྱིན་མཆིས། བརྒྱ་ཆ ༨༥ བརྒལ་བའི་ཕྱུག་བདག་ཚོས་རང་སོ་སོའི་བུ་ཕྲུག་ཕྱི་རྒྱལ་དུ་སློབ་སྦྱོང་ལ་རྫོང་གིན་འདུག བརྒྱ་ཆ ༣༣ ཙམ་གྱིས་ཕྱི་རྒྱལ་དུ་དཔལ་འབྱོར་རྟེན་གཞི་བཙུགས་ཚར།
ཅིའི་ཕྱིར་དུ་རྒྱ་ནག་གི་ཕྱུག་བདག་ཚོ་ཕྱི་རྒྱལ་དུ་གནས་སྤོ་བྱེད་པའམ་ཁོ་པ་ཚོའི་མ་དངུལ་ཕྱིར་གཏོང་བྱེད་བཞིན་ཡོད་པ་རེད་དམ། དེ་ནི་མི་སོ་སོའི་དམིགས་འབེན་འདྲ་གི་མེད་པས་རེད། ཕྱི་རྒྱལ་གྱི་འཚོ་བའི་ཆུ་ཚད་བཟང་བས་མ་ཚད། ཁོར་ཡུག་ལ་ཚབས་ཆེའི་སྦག་བཙོག་ཀྱང་མེད་ལ། བཟའ་བཅའི་བདེ་འཇགས་དང་། བུ་ཕྲུག་གི་སློབ་གསོའི་མདུན་ལྗོངས་བཅས་ལ་བསམས་པ་རེད། དེ་མིན་ཡང་རྒྱུ་རྐྱེན་གཞན་གསུམ་ཙམ་ཡོད་པ་སྟེ། གཅིག་ནི་ཕྱུག་བདག་ཚོས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདིར་ཡིད་ཆེས་མེད་པ་དང་། ཁོང་ཚོས་ནམ་ཞིག་རྒྱ་ནག་ཏུ་ཆབ་སྲིད་གཡོ་འགུལ་དྲག་པོ་ཞིག་ལངས་ནས་ཁོ་པ་ཚོའི་དངུལ་དམར་ལ་ཕོག་ཐུག་ཡོང་བར་དོགས་པས་རེད། དེའི་རྐྱེན་གྱིས་གང་མགྱོགས་ཅི་མགྱོགས་ངང་སྒོར་མོ་ཕྱི་རྒྱལ་ལ་གཏོང་གི་ཡོད་པ་རེད། ཐ་ན་ཨ་རིའི་མི་སེར་ལག་དེབ་ཀྱང་བཟོ་བཞིན་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་འགྱུར་བ་ཐེབས་པ་དང་འབྲོས་ཆོག་ཆོག་བཟོ་བཞིན་ཡོད། ཁོང་ཚོར་ཨ་རི་བའི་མི་སེར་ལག་དེབ་རག་མ་ཐག་རྒྱ་ནག་ཏུ་འགྲོ་གི་ཡོད། དེ་ནི ( བདེ་འཇགས་ལག་ཁྱེར ) ཞིག་བསྣམས་ཡོད་པ་དང་གཅིག་པ་གཅིག་རྐྱང་རེད། ཅི་སྟེ་གནས་ཚུལ་ལྷག་རྒྱུའི་བཟོ་འདྲ་འདུག་ན། མྱུར་སྟབས་ཀྱིས་ཕྱིར་ཨ་རིར ( བདེ་འཇགས་ས་ཆ ) ལོག་ན་འགྲིག་པས་རེད།
གཉིས་སུ། ཕྱུག་བདག་ཚོས་རྒྱ་ནག་གི་དཔལ་འབྱོར་སྒྲིག་གཞིའི་ལམ་ལུགས་ལ་ཡིད་ཆེས་མེད་པ་རེད། མ་གཞི་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ཡར་རྒྱས་འགྲོ་གི་ཡོད་ནའང་། དཔོན་ངན་དང་ཚོང་རུལ་ལག་སྦྲེལ་བྱེད་པའམ་ཚད་བརྒལ་གྱི་རུལ་སུངས་དཔལ་འབྱོར་ལམ་ལུགས་འོག རྒྱ་ནག་གི་དཔལ་འབྱོར་ནམ་ཞིག་གོད་ཆག་དཔེ་མེད་འགྲོ་རྒྱུའམ་རྐུབ་རྡིབ་རྒྱུར་ཏན་ཏན་ཡོང་ངེས་ལྟ་བུ་ཞིག་རེད། ཕྱུག་བདག་འདི་ཚོ་མང་ཆེ་བ་དཔོན་ངན་དང་ཚོང་རྫུན་ལག་སྦྲེལ་བྱས་ནས་ཕྱུག་པོ་ཆགས་པའི་ཁྱིམ་ཚང་རྐྱང་རེད། ཁོང་ཚོས་རྒྱ་ནག་གི་ཉེན་ཚབས་ཆེ་བའི་དཔལ་འབྱོར་སྒྲིག་གཞི་ལམ་ལུགས་ཅི་བས་གསལ་པོ་རྟོགས་ཀྱི་ཡོད། དེའི་ཕྱིར་ཁོང་ཚོའི་སེམས་པ་དེ་བས་བདེ་གི་མེད་པས་དངུལ་དམར་རྣམས་ཕྱི་རྒྱལ་དུ་གཏོང་རྒྱུའམ ( སྦས་འགེབས་བྱ་རྒྱུའི ) དགོས་ངེས་རང་བཞིན་རྟོགས་ཡོད།
གསུམ་པ། ཕྱུག་བདག་ཚོས་རང་གི་རྒྱུ་ནོར་ཅི་ཙམ་ཁྲིམས་མཐུན་ཡིན་མིན་བློ་སེམས་བདེ་མ་ཐུབ། སྤྱིར་བཏང་རྒྱ་ནག་ལྟ་བུའི་རྨ་བརྒྱ་བུག་སྟོང་གི་དཔལ་འབྱོར་སྒྲིག་གཞིའི་ལམ་ལུགས་འདིའི་འོག་ཏུ་སུས་སྒོར་མོ་ཅི་ཙམ་བཟོ་ཐུབ་ན་རྦད་དེ་དཀར་པོ་རེད་ཅེས་ལབ་ཆོག རེད་དེ་གལ་ཏེ་མཐིལ་བརྟོལ་སོང་ན་ཧ་ཅང་རྙོག་དྲ་ཆེན་པོ་རེད། རྒྱུ་ནོར་གཞུང་བཞེས་བཟོ་སྲིད་ལ་དོ་བདག་རང་ཉིད་ཀྱང་ཁྲིམས་ཐག་གཅོད་སྲིད་པ་རེད། དེ་སྔོན་དབང་འབྱོར་ལྡན་པའི་ཁྲུང་ཆིང་ཁྲིམས་འཛིན་ལྷན་ཁང་མགོ་པ་ཝན་ཆང་གིས་དངུལ་དམར་འབོར་ཆེན་བཟས་པ་དང་ལྐོག་ངན་བླངས་པའི་རྐྱེན་བྱས་ཏེ། དབང་ཆའི་འཐབ་འཁྲུགས་ཁྲོད་དམར་གསོད་བཏང་བ་རེད།
ཆབ་སྲིད་སྒྲིག་གཞི་དང་། དཔལ་འབྱོར་སྒྲིག་གཞི། དེ་བཞིན་རང་སོ་སོའི་རྒྱུ་ནོར་ཡོང་ཁུངས་ཀྱི་ཁྲིམས་མཐུན་རང་བཞིན་བཅས་ལ་ཡིད་རྟོན་གཏན་ནས་མེད་རྐྱེན། ཁོང་ཚོས་སྒོར་མོ་ཕྱི་ཕྱོགས་སུ་གཏོང་གིན་ཡོད་པ་རེད་ལ། ཐ་ན་དོ་བདག་རང་ཉིད་ཀྱང་ཕྱི་རྒྱལ་དུ་གནས༌སྤོ་བྱེད་ཀྱིན་ཡོད། ཕྱོགས་གཞན་ཞིག་ནི་རྒྱ་ནག་གི་ཕྱུག་བདག་ཕལ་མོ་ཆེ་རྒྱ་ནག་རང་གི་མཐོ་རིམ་དཔོན་རིགས་ཚོ་དང་སྦྲེལ་ནས་ཡོད་པའམ་ཡང་མིན་ན་སོ་སོ་རང་ཉིད་མཐོ་རིམ་དཔོན་རིགས་དེ་དང་དེའི་གཉེན་ཉེ་སོགས་རེད། ཕྱི་ལོ ༢༠༠༦ ལོར་རྒྱ་ནག་སྤྱི་ཚོགས་ཞིབ་འཇུག་ཁང་གི་སྙན་ཐོའི་ནང་བཀོད་དོན། རྒྱ་ནག་ལ་ཨ་སྒོར་དུང་ཕྱུར ༡ བརྒལ་བའམ་མི་དམངས་ཤོག་སྒོར་དུང་ཕྱུར ༦ བརྒལ་བའི་ཕྱུག་བདག ༡༣༣༠༠ ཡོད་ཟེར་ལ། འདི་ལྟར་སྒོར་དུང་ཕྱུར་ཡན་ཟིན་པའི་ཕྱུག་བདག ༡༠༠༠༠ བརྒལ་བའི་ནང ( མི་ལོ་དྲུག་གི་རྗེས་ནས་ལྡབ་གཅིག་འཕར་ཡོད་པ་རེད ) མི་གྲངས ༩༧༠༠ མཐོ་རིམ་དཔོན་རིགས་ཁྱིམ་མི་ཡིན་པ་འདིས་ཕྱུག་བདག་གི་བརྒྱ་ཆ ༨༦ ཟིན། ཞིབ་ཙམ་བཤད་ན། རྒྱ་ནག་ནང་སྒོར་མོ་ཡོད་པའི་མི་མང་ཆེ་བ་གུང་ཁྲན་ཏང་མཐོ་རིམ་དཔོན་རིགས་ཀྱི་བུ་ཕྲུག་རྐྱང་རྐྱང་རེད། དང་ཐོག་རྒྱ་ནག་གི་དཔོན་རིགས་མིན་པའི་མི་དག་ཀྱང་ཕྱུག་པོ་ཆགས་རྗེས་དཔོན་ཞྭ་གྱོན་ནས་སྲུང་སྐྱོབ་ཀྱི་ལག་ཆ་བྱེད་པ་རེད།
ཉེ་ཆར། << རྒྱ་རིགས་ལམ་ཉིན་རེའི་ཚགས་པར >> ཐོག་ཧྲང་ཧེ་རུ་རྒྱ་ནག་དང་ཡོ་རོབ་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་གི་སློབ་དཔོན་ཆེན་མོ་ནེ་མུང་གི་ཞིབ་འཇུག་སྙན་ཐོའི་ནང་། རྒྱ༌ནག་ཏུ་ཆེས་ཕྱུག་ཤོས་ཀྱི་མདུན་གྲལ་ཕྱུག་བདག ༡༠ ནས། མི ༥ གཞུང་ཕྱོགས་ཀྱི་ཆབ་སྲིད་མི་སྣ་ཡིན་པ་དང་། མདུན་གྲལ་ཕྱུག་བདག་མི ༥༠ ཁྲོད་སུམ་ཆ་གཅིག་ཙམ་གཞུང་ཕྱོགས་ཀྱི་ཆབ་སྲིད་པ་ཡིན་དུས། དོན་དངོས་ཐོག་འདི་ནི་ཁ་གསལ་གཏིང་གསལ་གྱི་དཔོན་ངན་དང་ཚོང་རྫུན་ལག་སྦྲེལ་བྱས་པ་ཞིག་རེད། དེས་ན་ངན་སྐྱུག་གི་བྱ་ངན་ཅི་རིགས་བསྡེབས་པ་ལས་ཐོབ་པའི་རྒྱ་ནག་ཕྱུག་བདག་ཚོའི་སྒོར་མོ་འདིར་མི་རྣམས་དེ་བས་དོགས་པ་བཟའ་དགོས་པ་ཞིག་རེད།
གུང་ཁྲན་ཏང་གི་མཐོ་རིམ་དཔོན་རིགས་འདི་ཚོས་བཟོ་གྲྭ་འཛུགས་མི་དགོས་ལ་ཚོང་ཁང་ཡང་གཉེར་དགོས་ཀྱི་མེད། ཁོང་ཚོར་དབང་ཆའི་རྐུབ་སྟེགས་རེ་བརྗེ་མོ་བྱས་པ་ཙམ་གྱིས་ཚད་ལས་འགོངས་པའི་དཔལ་འབྱོར་རག་གི་ཡོད་པ་ནི་ཉེ་ཆར་རང་ཐག་གཅོད་བྱས་པའི་ཀོས་ཁེ་ལེའི་མི་གསོད་གྱོད་གཞི་ལྟ་བུ་རེད། གྱོད་གཞི་འདི་ནི་དང་ཐོག་ཕྱི་རྒྱལ་དུ་དངུལ་དམར་དབོར་སྐྱེལ་བྱས་པ་ལས་བྱུང་བ་ཞིག་རེད། པའོ་ཤིས་ལེ་ཁྲུང་ཆིང་གྲོང་ཁྱེར་དྲུང་ཆེ་ཙམ་རེད་ལ། ཁོའི་ནག་མོ་ཁྲིམས་རྩོད་པ་ཞིག་རེད། བརྒྱུད་ལམ་ཁག་ནས་བཀོད་པ་ལྟར་ན། པའོ་ཤིས་ལེའི་ཁྱིམ་རྒྱུད་ལ་ཨ་སྒོར་དུང་ཕྱུར ༡.༤ ཟིན་ཡོད་ཟེར། དེ་ནི་རྒྱ་སྒོར་དུ་དུང་ཕྱུར་བརྒྱད་བརྒལ་བ་རེད། ཁོང་ཚོ་ལ་སྒོར་མོ་འབོར་ཆེན་འདི་འདྲ་ག་ནས་བྱུང་བ་རེད་དམ། གལ་ཏེ་དབང་ཆ་ལས་བྱུང་བ་མིན་ན། རྒྱ་སྒོར་དུང་ཕྱུར ༨ ལོངས་པའི་སྒོར་མོ་ཕོན་ཆེན་འདི་འདྲ་ཅི་ལྟར་ཡོང་གི་རེད།
ད་ཐེངས་པའོ་ཤིས་ལེ་ཁྱོ་ཤུག་ལ་གནས་ཚུལ་ལྷག་པ་རེད། ཁོང་ཚོའི་ཁ་གསལ་མིན་པའི་སྒོར་མོ་འབོར་ཆེན་འདིར་རྩད་གཅོད་བྱ་སྲིད་དམ། དོན་རྐྱེན་འདིས་རྒྱ་ནག་གི་ཕྱུག་བདག་ཚོར་ན་ཟུག་སློང་གིན་ཡོད། ལྷག་པར་དུ་ལྐོག་བཟས་བྱས་པའི་དཔོན་ངན་ཚོས་ཅི་མགྱོགས་ཀྱིས་སྒོར་མོ་ཕྱི་རྒྱལ་དུ་གཏོང་གི་ཡོད། དམར་གསོད་བཏང་བའི་ཁྲུང་ཆིང་གི་ཁྲིམས་འཛིན་ལྷན་ཁང་མགོ་པ་ཝན་ཆང་ལ་མཚོན་ན། ཁོ་པས་བཙོག་དངུལ་ཁྲི ༢༠༠༠ སྣུམ་ཤོག་གིས་བཏུམས་ནས་ཆུ་འདམ་ནང་བསྐུངས་ཡོད་ཀྱང་ཐ་མ་རྩད་ཆོད་པ་འདིས། ཕྱུག་བདག་དཔོན་ངན་ཚོར་སློབ་གསོ་དྲ་མ་ཞིག་བརྒྱབས་པ་རེད།
ཕྱི་ལོ ༢༠༠༦ ལོར་རྒྱ་ནག་སྤྱི་ཚོགས་ཞིབ་འཇུག་ཁང་གིས་རྒྱ་ནག་གཙོ་བོའི་ཞིང་གྲོང་བརྒྱད་ནང་གི་དཔོན་པོ་ཚོའི་རྒྱུ་ནོར་ལ་བརྟག་ཞིབ་བྱས་པའི་དཔྱད་ཐོའི་ནང་། རྒྱ་ནག་ཁྲུའུ་རིམ་པའི་མགོ་ཁྲིད་ཀྱི་ལོ་རེའི་ཡོང་འབབ་ནི་ས་གནས་གྲོང་ཁྱེར་མི་དམངས་ཚོའི་ཆ་སྙོམས་ཐོབ་ཆའི་ལྡབ་གྲངས ༨ ནས ༢༥ ཟིན་པ་དང་། ས་གནས་ཞིང་ཁུལ་མི་དམངས་ཚོའི་ལོ་རེའི་ཡོང་འབབ་ཀྱི་ལྡབ ༢༥ ནས ༨༥ ཙམ་སླེབས། སྙན་ཐོ་འདིས་བཤད་དོན། རྒྱ་ནག་ཕྱུག་བདག་གི་བརྒྱ་ཆ ༡༠ ཡིས་རྒྱལ་ཡོངས་རྒྱུ་ནོར་གྱི་བརྒྱ་ཆ ༤༥ ཟིན་ཟེར་ལ། ཆེས་དབུལ་ཤོས་ཀྱི་བརྒྱ་ཆ ༡༠ ཡིས་རྒྱལ་ཡོངས་དཔལ་འབྱོར་གྱི་བརྒྱ༌ཆ ༡.༤ ལས་སླེབས་མི་ཐུབ། ༤༥ དང ༡.༤ བསྡུར་ན། རྒྱ་ནག་ཕྱུག་བདག་ཚོས་བསྙབས་པའི་དཔལ་འབྱོར་བསྡུར་གྲངས་འདི་དབུལ་ཕོངས་ཚོའི་ལྡབ ༣༢ རེད། འདི་ཡང་མི་ལོ ༦ གོང་གི་བསྡོམས་གྲངས་ཙམ་རེད། ད་ལོའི་ཟླ་བ ༦ པའི་ནང་ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་རིག་པའི་སློབ་དཔོན་སུན་ལིས་ཕིང་གིས་སྤྱི་ཚོགས་ཚན་རིག་རིག་སློབ་ཀྱི་གྲངས་ཚད་ལུང་དྲངས་པར་གཞིགས་ན། རྒྱ་ནག་གི་ཕྱུག་བདག་བརྒྱ་ཆ ༡༠ ཡི་ཟླ་རེའི་ཆ་སྙོམས་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི ༩.༧ ཟིན་པ་དང་། དབུལ་ཕོངས་བརྒྱ་ཆ ༡༠ ཡི་ཆ་སྙོམས་ཡོང་འབབ་རྒྱ་སྒོར ༡༥༠༠ ལས་མེད་པ་རེད། དེས་ན་འདི་གཉིས་ལྡབ ༦༥ ཡི་ཧེ་བག་སོང་ཚར་ཡོད། ལོ ༦ གོང་ལྡབ ༣༢ རེད། ད་ཆ་ཡང་ལྡབ་འཕར་བྱས་ཚར་བ་རེད།
སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཆེས་གསར་ཤོས་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་བཏང་བའི་སྨན་བཅོས་འགྲོ་གྲོན་ལས་བརྒྱ་ཆ ༨༠ ཏང་སྲིད་ལས་བྱེད་པའི་ཞབས་ཞུའི་ཆེད་ནར་གཏོང་བྱེད་ཀྱིན་ཡོད་པ་རེད། དེ་ནི་རྒྱ་ནག་སྤྱིའི་མི་འབོར་ཕྱེད་ཀ་སྟེ་ཞིང་པའི་ཁ་གྲངས་ལས་བརྒལ་ཡོད་པ་རེད། ( རྒྱ་ནག་གཞུང་བཙུགས་པ་ནས་ད་ལྟའི་བར་མི་ལོ ༦༠ ནང ) གཞུང་གིས་རིན་མེད་སྨན་བཅོས་མཐུན་རྐྱེན་སྦྱར་མྱོང་ཡོད་པ་མ་རེད།
གུང་ཁྲན་ཏང་གི་དཔོན་པོ་ཚོ་ལྐོག་ཟས་ཀྱིས་འགྲངས་པའམ་རྒྱགས་ཚར་དུས་བྲོལ་བྱོལ་ལ་འགྲོ་གི་ཡོད། འདི་ཐད། རྒྱ་ནག་སྤྱི་ཚོགས་སློབ་གླིང་<< རྒྱ་ནག་གི་ཉེས་གཅོད་ལམ་ལུགས་དང་རུལ་སུངས་སྔོན་འགོག་ཞིབ་འཇུག >> གྲོས་བསྡུར་ཚོགས་ཆུང་དཔྱད་ཐོ་གསར་པའི་ནང་། རྒྱ་ནག་གི་དཔོན་ངན་ཟ་རྔམ་ཅན ༤༠༠༠ ལྷག་ཕྱི་ལོགས་སུ་བྲོས་སོང་ཟེར། རྒྱ་ནག << འཛམ་གླིང་བདག་གཉེར་བའི >> སྙན་ཐོའི་ནང་གྲངས་ཀ་དེ་ལས་མང་བ་སྟེ། ཀོང་ཏུང་དང་། ཧྥོས་ཅན། ཧེ་ནན། ལེའོ་ཉིང་། ཅང་སུན་བཅས་ཞིང་ཆེན་འདི་ལྔ་ཙམ་ནས་དཔོན་ངན་རྒྱགས་པ ༦༠༠༠ བྲོས་སོང་ཟེར།
རྒྱ་ནག་ཚོང་ལས་པུའུ་ནས ༢༠༡༠ ལོར་བཏོན་པའི་ཞིབ་འཇུག་སྙན་ཐོ་ནས་ཀྱང་འདི་དོན་ཁས་ལེན་བྱས་པ་དཔེར་ན། ཉེ་བའི་ལོ ༣༠ ནང་། རྒྱ་ནག་གི་དཔོན་ངན་ཟ་འགམ ༤༠༠༠ བྲོས་པ་དང་། མ་དངུལ་ཨ་སྒོར་དུང་ཕྱུར ༥༠༠ ལྷག་ཁུར་སོང་ཟེར། གྲངས་ཀ་འདིའང་ཉུང་འཕྲི་ཅན་ཡིན་དགོས་ཏེ། རྒྱ་ནག་གི << རྒྱང་ལྟ >> ཞེས་པའི ༢༠༠༦ ལོའི་དུས་དེབ་ཞིག་ཏུ་རྒྱ་ནག་གི་ཁྲུའུ་རིམ་པའི་དཔོན་ངན ༤༠༠༠ ལས་བརྒལ་བ་ཕྱི་རྒྱལ་དུ་བྲོས་ཡོད་ཅེས་དང་། ཁོང་རྣམ་པས་བསྣམས་ཕེབས་པ་ཨ་སྒོར་དུང་ཕྱུར ༡༩༡༣ ཟིན་པ་རེད་ཟེར།
གོང་སྨོས་སྤྱི་ཚོགས་སློབ་གླིང <<རྒྱ་ནག་གི་ཉེས་གཅོད་ལམ་ལུགས་དང་རུལ་སུངས་སྔོན་འགོག་ཞིབ་འཇུག>> གྲོས་བསྡུར་ཚོགས་ཆུང་དཔྱད་ཐོ་ལྟར་ན། ཕྱི་ལོ ༡༩༩༠ ནས་བཟུང་། རྒྱ་ནག་གི་དངུལ་དམར་ཕྱིར་ཤོར་ཚད་ལོ་རེར་ཆ་སྙོམས་ཨ་སྒོར་དུང་ཕྱུར ༡༠༠ ཟིན་ཡོད་ཟེར། ༡༩༩༠ ནས་ད་ལྟའི་བར་གྱི་མི་ལོ ༢༢ ནང་ཨ་སྒོར་དུང་ཕྱུར ༢༢༠༠ ཟིན་པ་རེད། གྲངས་ཀ་འདི་ནི་ཅི་འདྲིའི་འབོར་ཆེན་ཞིག ཐའེ་ཝན་གྱི་ཕྱི་དངུལ་གསོག་ཚད་འཛམ་གླིང་ནང་ཨང ༤ པ་སླེབས་ཡོད་ཟེར་ཡང་། དོན་དངོས་ཐོག་ཨ་སྒོར་དུང་ཕྱུར ༤ སྟོང་ཙམ་ལས་མེད། རྒྱ་ནག་དཔོན་ངན་ཚོས་ཕྱིར་འགྲུལ་བཏང་བའི་སྒོར་མོ་ཐའེ་ཝན་རྒྱལ་ཁབ་ཀྱིས་དངུལ་འགྲུལ་བྱས་པ་ལས་ལྡབ་གྲངས་ཀྱིས་མང་། ཨ་སྒོར་དུང་ཕྱུར ༢༢༠༠ འདི (མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི ༡ དང་སྟོང ༣ ཟིན་པ་རེད) ད་ལྟའི་འཛམ་གླིང་རྒྱལ་ཁབ ༢༠༠ ཁྲོད་རྒྱལ་དམངས་དཔལ་འབྱོར GDP ཨང ༤༦ ཡིན་པའི་ཨེ་འར་ལན་ཌིའི་ལོ་རེའི་རྒྱལ་ཡོངས་འབབ་སོན་ཁྱོན་བསྡོམས་ཨ་སྒོར ༢༡༧༧ ལས་མེད་པ་རེད།
རྒྱ༌ནག་གཞུང་གིས་ཝན་ཆང་དམར་གསོད་བཏང་བ་ཡིན་ནའང་འདྲ། པའོ་ཤིས་ལེའི་ནག་མོ་ཀོས་ཁེ་ལེ་ཁྲིམས་ཆད་བྱས་ཀྱང་རུང་། ཡང་ན་མཛེས་ཚོན་བྱུགས་ནས་རུལ་སུངས་ལྐོག་རྔན་ལ་ངོ་རྒོལ་ཡོད་པའི་རྣམ་པ་སྟོན་མོད། དོན་དམ་པས་རྩ་བའི་སྒང་ནས་ཐག་གཅོད་བྱེད་ཐབས་ཡོད་པ་མ་རེད། གང་ཞེ་ན། དཔོན་པོ་དེ་ཚོར་གསར་འགྱུར་བརྒྱུད་ལམ་གྱི་ལྟ་སྐུལ་མེད་ལ་འོས་འཕེན་ལམ་ལུགས་སོགས་འགྲོ་ལུགས་ཅི་གང་བརྒྱུད་མེད་དུས། མ་གཞི་ནས་ཁོང་ཚོ་ཚང་མ་པའོ་ཤིས་ལེ་དང་ཝན་ཆང་རྐྱང་རྐྱང་རེད་ལ། ཁོང་ཚོའི་ཁྱིམ་མི་ཡོངས་སུ་རྫོགས་པ་ཆེ་ཆུང་ལ་མ་ལྟོས་པར་དབང་ཤེད་ཅན་གྱི་མི་སྣ་ཀོས་ཁེ་ལེ་ལྟ་བུ་དང། ཧུའུ་ཅིང་ཐོའི་བུ་ཧུའུ་ཧེ་ཧྥུང་ལྟ་བུ ( དེ་སྔོན་ཆིང་ཧྭ་སློབ་གྲྭ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་ཡིན་མོད། ཀུང་སི་འདིས་ཨ་ཧྥུ་རི་ཁའི་ཎ་མིས་སྦིས་ཡའི་རྒྱལ་ཁབ་ཏུ་མགོ་སྐོར་བསླུ་བྲིད་ཀྱི་ལྐོག་རྔན་སྤྲད་པའི་གཏམ་ངན་ཁྱབ་རྗེས། ཆིང་ཧྭ་ཐིང་དུ་ཅུས་རིམ་པའི་དྲུང་ཆེར་ལས་སྒྱུར་བྱས ) ཀྲོས་རུང་ཅིས་ཀྱི་བུ་ཀྲོས་ཡུན་ལེ ( རྒྱ་ནག་རྒྱལ་སྤྱིའི་ཀུང་སིའི་སྤྱི་གཉེར ) ཡིན་ལ། ཝུན་ཅཱ་པོའི་བཟའ་ཟླ་ཀྲང་ཕེས་ལིས ( རྒྱ་ནག་གི་ཆེས་གྲགས་ཆེ་བའི་མུ་ཏིག་ཚོང་པ་རེད ) ཁོང་ཚོའི་བུ་ཝུན་ཡུན་སུང ( རྒྱ་ནག་ཝིས་ཐུང་ཀུང་སིའི་སྤྱི་ཁྱབ་པ་རྒན་པ་བཅས་རེད ) དེ་ལས་ཀྱང་ཤོད་མི་དགོས་པ་ཞིག་ལ་དབང་དྲེགས་ངོམས་ནས ( རྒྱལ་རྒྱུད་འཛིན་པའི ) ཤིས་ཅིང་ཕིང་སྐུ་འཁོར་མང་དག་ཅིག་འབྱོར་བས་རབ་ཏུ་ཕྱུག་ཡོད།
ཉེ་བའི་ཆར། ལྷོ་ཁུ་རེ་ཡའི་སྲིད་འཛིན་ལིས་མིང་པོའི་གཅེན་པོ ( སྐབས་དྲུག་པའི་རྒྱལ་ཁབ་སྤྱི་འཐུས ) གསར་འགྱུར་ཚན་པས་ལྐོག་རྔན་བཟས་པའི་མཐིལ་བརྟོལ་རྗེས། ཁོ་པ་རང་ཉིད་འཛིན་བཟུང་ཐེབས་པ་མ་ཟད། ལིས་མིང་པོ་ཁོ་རང་སྐུ་ངོ་མས་བརྙན་འཕྲིན་བརྒྱུད་རྒྱལ་དམངས་ཡོངས་ལ་དགོངས་སེལ་གུས་འདུད་ཞུས་པ་རེད། མ་གཞི་དོན་རྐྱེན་དེ་ཁོང་དང་ཐད་ཀར་འབྲེལ་བ་ཅི་གང་མེད་རུང་། ཁོང་གི་ཁྱིམ་ཚང་རྒྱུ་ནོར་ཨ་སྒོར་ཁྲི ༣༨༠༠ སྔ་ས་ནས་སྤྱི་ཚོགས་ལ་ཞབས་འདེབས་སུ་ཕུལ་བ་རེད། ཡིན་ནའང་ཧུའུ་ཅིང་ཐོའི་ལག་འོག་གི་པའོ་ཤིས་ལེ་དང་ཁོང་གི་ཁྱིམ་རྒྱུད་ཚོས་ཚེ་སྲོག་གི་དོན་རྐྱེན་དང་འབྲེལ་བའི་ལས་ངན་སྤེལ་མོད། ཧུའུ་ཅིང་ཐོས་རྩ་བ་ནས་མི་དམངས་ལ་དགོངས་སེལ་ཞུ་གི་མ་རེད། ཅི་རེད་ཟེར་ན། རྒྱ་ནག་ལ་འོས་འདེམས་ཡོད་པ་མ་རེད་ལ། སྨྱན་སྦྱོར་ཚན་པའི་ལྟ་སྐུལ་ཡོད་པ་མ་རེད། སྐད་ཆའི་རང་དབང་ཡོད་པ་མ་རེད། ཧུའུ་ཅིང་ཐའོ་ཚང་སྣང་བ་གང་དྲན་བྱེད་ཆོག་ལ། པའོ་ཤིས་ལེ་ལྟ་བུའི་ཏང་དཔོན་བརྒྱ་འགྲོ་སྟོང་འཚུབ་རེད། དེས་མ་ཚད། ཕྱིས་འབྱུང་ཀོས་ཁེ་ལེ་ལྟ་བུ་རྒྱུན་ཆད་མེད་པར་འབེལ་འབེལ་ལྷུག་ལྷུག་ཡོང་གི་རེད།
དེས་ན། རྒྱ་ནག་གི་སྒེར་གཅོད་ལམ་ལུགས་འདི་འགྱུར་བ་མ་བཏང་བར། རྒྱ་ནག་གི་སྒོར་མོ་མུ་མཐུད་ཕྱི་རྒྱལ་དུ་འགྲིམ་ངེས་ལ། དཔོན་ངན་ཟ་རྔམ་ཅན་ཚོའང་ཆད་མེད་ངང་ཕྱི་རྒྱལ་དུ་འབྲོས་རྒྱུ་དང་། ཕྱུག་བདག་རྣམས་དེ་ལས་ཀྱང་ཕྱི་རྒྱལ་དུ་གནས་སྤོ་བྱ་ངེས། སྡུག་མྱོང་མཁན་གཅིག་རང་ཡོད་པ་ནི་ཕྱི་རྒྱལ་དུ་བསྐྱོད་སའི་སྒོ་མོ་མེད། ངུ་བསམ་ཡང་མིག་ཆུ་མེད་མཁན་གྱི་དཀའ་སྡུག་རི་བརྩེགས་པའི་མི་སེར་ཚོ་རེད།
ཡག་པོ་བསྒྱུར་བར་ཐུགས་རྗེ་ཆེ། གྲངས་འདྲེན་བསྐོར་ལ་རྒྱ་སྐད་ལ་གྲངས་ཀ་འབུམ་ཞེས་པ་མེད་པ་འདྲ། ཨ་སྒོ་ཁྲི་༡༦༠ཟེར་དུས་མགོ་འཐོམ་གྱི་འདུག བོད་སྐད་ལ་གྲངས་ཀ་ཡོད་པ་དེ་ཁ་ཐུག་ཞུས་ན་གོ་བདེ་བ་ཡོང་གི་རེད། དབྱིན་སྐད་ལའང་འབུམ་ཞེས་པ་ཚིགས་དེ་མི་འདུག ཁོང་ཚོའི་སྟོང་ཁྲག་བརྒྱ་ཞེས་ལབ་དགོས་འདུག རྒྱ་གར་ནང་འབུམ་ལ་ཁོ་རང་ཚོའི་སྐད་ཀྱི་Lakh ཞེས་དབྱིན་སྐད་དུ་བྲི་རུང་དེ་ནི་རྒྱ་གར་མ་གཏོགས་ཨ་རི་དང་དབྱིན་ཇིའི་ལུང་པར་བེད་སྤྱོད་མི་འདུག ཡང་བལ་ཡུལ་དང་རྒྱ་གར་གྱི་སྐད་ལ་ཁྲི་ཞེས་པའི་ཐ་སྙད་དེ་མི་འདུག ཁོང་ཚོའི་སྐད་ལ་སྟོང་ཕྲག་བཅུ་ཞེས་འབོད་དགོས་འདུག བལ་ཡུལ་ཁུལ་གྱི་བོད་མིའི་ཁྲི་ཞེས་པའི་ཚིགས་དེ་བེད་སྤྱོད་བཏང་གི་མ་རེད། སྟོང་ཁྲག་བཅུ་དང་སྟོང་ཁྲག་ཉི་ཤུ་ཞེས་བེད་སྤྱོད་བཏང་གི་རེད། ཞོར་འཕྲོས་ཡིན།
ཁ་བརྡ་ཚང་དུ་རྒྱ་ནག་སྐོར་ལ་མང་ཙམ་གླེང་ཐུབ་ན། ཁ་བརྡའི་ཞོར་ལ་དགྲ་བོའི་གནས་ཚུལ་མང་ཙམ་ཧ་གོ་ཡོང་བ་རེད། རྒྱ་མི་ཚོས། རང་གཞན་གཉིས་ཀ་རྒྱུས་ལོན་ན། དམག་བརྒྱ་འཐབ་ཀྱང་ཕམ་མི་འགྱུར་ཟེར་བ་རེད། སད་མི་ལགས་ཀྱིས་དཀའ་ལས་བརྒྱབ་ནས་བསྒྱུར་བ་ལ་ཐུགས་རྗེ་ཆེ། རྒྱ་ནག་ད་ལྟ་སྐྱོན་གྱིས་གང་བའི་ལྒང་བུ་ཆེན་པོ་ཞིག་རེད། སང་གད་གནངས་གད་རེད། ད་ལྟ་དཔལ་འབྱོར་གོང་འཕེལ་གྱི་སངས་རས་དེས་སྐྱོན་ཚང་མ་བཏུམ་ནས་བསྡད་ཡོད། དཔལ་འབྱོར་ཐོག་ནས་རྙོག་དྲ་བྱུང་བ་དང་ལྷན་དུ་ལྒང་བུ་གད་ངེས་རེད་འདུག ཡིད་མ་ཆེས་ན་ལྟོས་ཨ།
འདི་འདྲ་རེད། བོད་དོན་རིག་གཞུང་དང་དང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནད་དོན་དང་འཛམ་གླིང་ཞི་བདེ་སོགས་རྒྱལ་སྤྱིའི་དཀའ་རྙོག་ཆེ་བ་རྣམས་སྦྲེལ་བའི་ཐོག་ནས་རྩོད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱི་དཔལ་འབྱོར་དང་ཚོང་ལས་དང་འབྲེལ་བ་མེད་ཙང་ནུས་པ་ཐོན་གི་ཡོད་པ་མ་རེད། འོན་ཀྱང་ང་ཚོས་ཞིབ་འཇུག་ཡག་པོ་བྱས་ན། ང་ཚོར་ལག་ཆ་མང་ཤོས་དཔལ་འབྱོར་དང་ཚོང་ལས་ཐོག་ནས་རྙེད་ཀི་རེད་བསམ། གོང་གི་རྩོམ་ཡིག་དེ་རྒྱ་ནག་སྲོག་རྩ་ཐུག་པ་ཞིག་མ་རེད་དམ། འོ་ན་བོད་གཞུང་དང་གཞོན་བུ་སོགས་འདི་འདྲའི་རྒྱ་གཞུང་ཉེས་སྐྱོན་རྣམས་ཞིབ་འཇུག་བྱས་རྒྱ་ནག་མི་མང་ལ་ངོ་སྤྲོད་བྱེད་རྒྱུའི་ཐབས་ཤེས་མི་བྱེད་དོན་ཅི་ཡིན་ནམ། གོང་གི་རྩོམ་ཡིག་དེ་རྒྱ་ནག་ནང་གི་མི་མང་དང་མཉམ་འབྲེལ་བྱེད་པའི་ལག་ཆ་ཡག་ཤོས་ཤིག་ཆགས་ཡོད་པ་རེད།
༢། ནུབ་ཕྱོགས་རྒྱལ་ཁབ་ཏུ་དཔའ་འབྱོར་དཀའ་ངལ་ཚབས་ཆེན་ཆགས་ཡོད་པ་རེད། མི་མང་ལས་མེད་ཀྱི་གྲངས་འབོར་འཕར་བཞིན་ཡོད། ལས་ཡོད་ཚོས་ཀྱང་ལས་ཀ་ཤོར་དོགས་ཀྱིས་དངངས་སྐྲགས་ཆེན་པོ་བྱེད་འདུག དེ་འདྲ་ཡིན་ན་ང་ཚོས་ཁོ་ཚོར་ཕན་པའི་གནས་ཚུལ་ག་རེ་མཁོ་སྤྲོད་བྱེད་ཐུབ་མིན་ཞིབ་འཇུག་བྱེད་རིན་མི་འདུག་གམ། ངའི་བསམ་ཁོ་ཚོའི་དཀའ་ངལ་ཡོང་ཁུངས་གཙོ་བོ་བཟོ་གྲྭ་མང་པོའི་སོ་སོའི་རྒྱལ་ཁབ་ཀྱི་མི་དང་རྒྱལ་ཁབ་བློས་བཏང་ནས། དཔའ་འབྱོར་གྱི་ཁེ་ཕན་ཁོ་ནའི་ཆེད་རྒྱ་ནག་ལ་སྤོར་འགྲོ་ཡོད་པ་འདྲ། རྒྱ་ནག་ནང་ངན་སྤྱོད་སྣ་ཚོགས་སྤྱད་ནས་རིན་གོང་ཁེ་བོའི་ཐོག་བཟོས་པའི་ཐོན་དངོས་རྣམས། ཕྱིར་ཨ་རི་དང་ཡོ་རབ་སོགས་ཀྱི་ཁྲོམས་རར་ཁྱེར་ཡོང་ནས་ཁེ་ཕན་ཆེན་པོ་བླངས་ནས་བཙོང་གི་ཡོད་པ་རེད། ནུབ་ཕྱོགས་ཀྱི་ལས་ཀ་བྱེད་མཁན་ལ་གླ་ཆ་དང་ཐོབ་ཐང་ཚད་ལྡན་དགོས་ཀྱི་ཡོད་ཙང་། བཟོ་གྲྭའི་སྦྱིན་བདག་ཚོས་དེ་སྤྲོད་འདོད་ཡོད་པ་མ་རེད། བྱས་ཙང་རྒྱ་ནག་ལ་སྤོར་འགྲོ་གི་ཡོད་པ་འདྲ། ཡིན་ཡང་ཡོ་རོབ་དང་ཨ་རིའི་མི་མང་གིས་རང་ཉིད་ལ་ལས་ཀའི་ཐོབ་ཐང་སྤྲོད་འདོད་མེད་པར་གཡོལ་ནས། རྒྱ་ནག་ལ་སྤོར་འགྲོ་མཁན་གྱི་བཟོ་གྲྭ་ཚོས་བཟོ་བའི་ཅ་དངོས་རང་གི་ལུང་པའི་སྣང་མེད་ངང་ཉོ་གི་ཡོད་པ་རེད། བྱས་ཙང་ཡོ་རོབ་དང་ཨ་རིའི་མང་གིས་རང་གི་ས་ཐོག་ཏུ་རྒྱ་ནག་ནས་བཟོས་པའི་ཅ་དངོས་མི་ཉོ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ནི་ཁོ་ཚོའི་ཁེ་ཕན་དང་འབྲེལ་བ་ཡོད་པ་རེད་བསམ་གི་འདུག ང་ཚོའི་ངོས་ནས་ཕྱོགས་སོ་སོའི་མི་མང་ལ་མཉམ་འབྲེལ་བྱེད་རྒྱུ་ལས། སྲིད་གཞུང་དང་་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་རེ་བ་ཡོད་མ་རེད།
གཞན་ཉི་ཧོང་སོགས་རྒྱ་ནག་གི་མཚེས་རྒྱལ་ཁབ་མང་པོ་རྒྱ་ནག་དང་མཚོ་གླིང་སོགས་ཀྱི་རྩོད་རྙོག་ཡོད་པ་རེད། ང་ཚོས་ངོས་ནམ་ཞིག་རྒྱལ་ཁབ་དེ་དག་རྒྱ་ནག་མཉམ་རྙོག་དྲ་ཞིག་བྱུང་ན། ང་ཚོ་བོད་མི་ཚང་མ་རྒྱལ་ཁབ་དེ་དག་གི་དམག་དཔུང་ནང་ཞུགས་ནས་ཤི་གསོན་མཉམ་གནས་བྱེད་སེམས་ཐག་ཆོད་པོ་ཡིན་པའི་ལན་སྤྲོད་དགོས་པ་རེད།
ང་ཚོ་ལ་ཐོབ་ཚོད་གཏོང་སྟངས་དེ་འཛམ་གླིང་ལོ་རྒྱུས་ནང་ཧ་ལམ་བྱུང་མ་མྱོང་བ་ཞིག་རེད། དེ་ཕྱིའི་ང་ཚོས་འཐབ་རྩོད་བྱེད་སྟངས་ཐབས་ལམ་དེའང་འཛམ་གླིང་བྱུང་མ་མྱོང་བའི་མཁྲེགས་པོ་ཞིག་མ་བྱུང་བར། སྤྱིར་བཏང་གི་འཐབ་རྩོད་ཅིག་གིས་མི་ཕན་ཤེས་ཤེས་པ་རེད།
རྒྱ་ནག་གི་འགོ་དཔོན་ཚོས་ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་མི་ཡོང་བ་ཧ་གོ་ནས་བུ་ཕྲུག་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱེལ་བཞིན་པ་དང་། དེ་དང་ལྷན་དུ་ལྐོག་ཟ་བྱས་པའི་དངུལ་དེ་དག་ཡང་ནུབ་ཕྱོགས་ཀྱི་དངུལ་ཁང་དག་གི་ནང་དུ་སྤོ་བཞིན་པ་འདི་རེད། ཁོང་ཚོ་སྐྲག་དགོས་དོན་མང་པོ་ཞིག་ཡོད་པའི་ནང་ནས་འགའ་ཞིག་ཟུར་དུ་བཏོན་ན། ༡ སྒེར་གཅོད་ཀྱི་སྲིད་དབང་འདིའི་འཚོ་གནས་བྱེད་སའི་ཁྱབ་ཁོངས་དུས་རབས་ཉེར་ཅིག་ནང་བྲི་བཞིན་པ་མཐོང་། གཙོ་བོ་དྲ་བའི་རིག་གནས་འདི་ཁྱབ་པས་མང་ཚོགས་ལ་མགོ་སྐོར་གཏོང་སླ་པོ་མེད་པ་ཆགས། ༢ རྒྱ་ནག་གི་ཕྱུག་བདག་མང་ཆེ་བའི་དངུལ་ལུགས་མཐུན་ངང་བསགས་པ་་མ་ཡིན་པས་འབྱོར་མེད་མང་ཚོགས་ཀྱི་འཁང་རའི་དུ་དྲི་ད་ལྟ་ཉིན་རེ་བཞིན་སྣ་ནས་འཕྱུར་ཇེ་ཆེ་ཡིན་པ་ཚོར་ནས་ཡོང་། ༣ ད་ལྟ་མེ་མདའ་གཅིག་པུས་དྲག་སྣོན་བྱ་རྒྱུ་ཡིན་པས་དེ་ཡི་འགྲོ་སོང་རྒྱུན་མཐུད་དགོས་ན་དཔལ་འབྱོར་མུ་མཐུད་འཕེལ་དགོས་མོད་ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཡང་མར་སྒྲིབ་ཀྱི་དུས་ལ་སླེབས་པ་འགོ་དཔོན་ཚོས་མི་ཚོར་བ་ག་ལ་སྲིད། ༤བོད། ཡུ་གུར་སོགས་མི་རིགས་གནས་དོན་དང་། ཆོས་འཁོར་སྒོམ་སྒྲུབ་ཏེ་རྒྱ་མི་བ་ནང་ཁུལ་གྱི་ཆོས་དད་རང་དབང་གི་འཐབ་རྩོད། དེ་བཞིན་རྒྱ་ནག་གི་ཕྱི་ནང་གཉིས་ལ་ཡོད་པའི་མང་གཙོ་དོན་གཉེར་བ་དེ་ཚོས་ཉི་མ་རེ་རེ་བཞིན་དུ་རྒྱ་མི་མང་ཚོགས་ཀྱི་བློ་སྒོ་འབྱེད་བཞིན་ཡོད་པས་རྐུབ་ཚང་ཉིན་རེ་བཞིན་རྡོལ་བཞིན་པའི་དངངས་སྐྲག ༥དམར་ཤོག་ནང་ཁུལ་ནས་རྦོའོ་ཤིས་ལེ་ལྟ་བུའི་ཆབ་སྲིད་ཧམ་སེམས་ཅན་ཐོན་ནས་སྲིད་དབང་མགོ་རྟིང་སློག་ངེས་པའི་སེམས་ཁྲལ། ༦ ཨ་རིས་དམག་དོན་མིག་ཐག་ཞི་བདེ་རྒྱ་མཚོར་འཕེན་པ་དེ་ཡང་དམར་ཤོག་སྲིད་དབང་ལ་ཚོད་འཛིན་བྱེད་འདོད་པའི་རྫི་ཚོར་ནས་ཡོང་བ། ༧རྒྱ་ནག་ནང་མི་གསོན་པོའི་དོན་ལྔ་སྣོད་གསུམ་བཀག་ནས་ཚོང་གཉེར་བྱེད་བཞིན་པའི་གནས་ཚུལ་སོགས་བློ་ལ་གཤོང་དཀའ་བའི་ལས་ངན་དེ་དག་འཛམ་བུ་གླིང་གི་མིག་ནང་དུ་གསལ་ནས་གསལ་དུ་འགྲོ་བཞིན་པས་གུང་ཁྲན་ཏང་གི་སྲིད་འཛིན་ཀུན་སྤྱོད་ཀྱི་མ་རྩ་སྣུམ་ཟད་ཀྱི་མར་མེར་གྱུར་པ། ༨རྒྱ་ནག་ནང་དུ་མའོ་དང་ཏིང་ལྟ་བུ་དབང་ཆ་ཐམས་ཅད་བསྡུ་ནུས་པའི་མི་མེད་པར་གྱུར་ཚར་བ་དང་། ད་ལྟ་མི་བདུན་ནམ་དགུ་ཡིས་དབང་ཆ་བགོ་ཤ་བརྒྱབ་ནས་མང་ཚོགས་ཀྱི་འདོད་བློ་དང་མི་མཐུན་པའི་རུལ་སྲུང་གི་ལམ་ལ་འཇུག་བཞིན་པ་ཡིན་པས་ནང་ཁུལ་རང་དུ་འབར་གད་སྦས་ཡོད་པའི་དངངས་སྐྲག ༩བཟོ་གྲྥ་མང་པོ་ཞིག་སྒོ་རྒྱག་བཞིན་པ་དང་། སློབ་ཆེན་ཐོན་པའི་སློབ་མ་མང་པོ་ལོ་རེ་བཞིན་དུ་ལས་མེད་མི་གྲངས་འཕར་བཞིན་པ། ཁང་པ་མང་པོ་ཞིག་རྒྱལ་དམངས་དཔལ་འབྱོར་འཕེལ་བ་དང་དངུལ་ལྐོག་ཟ་བྱེད་བདེ་བའི་ཆེད་དུ་བརྒྱབ་ཀྱང་ད་ལྟ་དེ་དག་ཉོ་ཐུབ་མཁན་མེད་པས་གཤིན་པོའི་ཁང་བརྩེགས་ཟེར་བའི་མིང་ཐོག་ནས་ལུས་ཡོད་པ། ༡༠ མི་སེར་སྤྱིའི་ཀུན་སྤྱོད་ཟླ་བ་མར་གྱི་ངོ་རུ་སྒྲིབ་པ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་འགོད་ཆོག་པ། རྒྱ་ནག་ཏུ་ཡོ་ཡོ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་རླངས་འཁོར་ཞིག་གིས་བརྫིས། ཁ་ལོ་བས་དེ་མར་ཁ་བཀག་མོད་ཁོའི་བློ་ལ་མིས་ཧ་གོ་ན་དཔེ་བསག་སོང་སྙམ་ནས་སླར་ཡང་རྒྱབ་ཀྱི་འཁོར་ལོས་བུ་མོ་དེ་བརྫི་བཞིན་དུ་བྲོས་ཕྱིན། དེའི་རྗེས་ནས་ཁྲག་དམར་ཟག་བཞིན་པའི་བུ་མོ་དེའི་འཁྲིས་ནས་རྒྱ་མི་༡༢ཕྱིན་ཀྱང་ཡ་བྱེད་མཁན་མེད། འགའ་ཤས་གཡོལ་ནས་ཕྱིན། འགའ་ཤས་མིག་ཟུར་བལྟ་བཞིན་ཕྱིན། འགའ་ཤས ཨོ། མཆན་རིང་དྲག་མི་ཉན།
ད་ཡིན་ན་ཚང་མ་ཕྱི་རྒྱལ་ཡར་ཐོན་ཅན་ལ་སྨོན་མཁན་ཤ་སྟག་རེད་འདུག
ནགས་ཤོད་སད་མི་ལགས་ངོ་མ་ཡག་པོ་སྒྱུར་འདུག་སྙིང་ནས་བཀའ་དྲིན་ཞུ།