ཐུབ་བསྟན་ཤེས་རབ་རྒྱ་མཚོ།
ལུས་རྫོགས་རྒྱན་མཛེས་དོན་གྱི་སྙིང་བཅུད་ཅན།།
གཅེས་པའི་སྙིང་ནོར་སྙན་ངག་བུ་མོ་ཁྱོད།།
མ་སྡོད་འཛམ་གླིང་ཐ་གྲུ་ཀུན་ཏུ་སོང༌།།
བགོས་པའི་བྱ་བ་གྱིས་ཤིག་བཞིན་བཟང་མ།།
འཕགས་པའི་ཡུལ་འདི་ཁྱོད་ཀྱི་ཕ་ཡུལ་ཏེ།།
ཕ་མའི་སྒོར་སོང་ལུས་དང་རྒྱན་རྣམས་སྟོན།།
མི་ཡུལ་ཡུན་རིང་འཁྱར་བའི་སྡུག་ཡུས་ཤོད།།
བརྡ་དག་འཕྲོད་ན་དྭང་དུ་ལེན་ཡང་སྲིད།།
རྣམ་དཔྱོད་མཆོག་ཏུ་ཡངས་པའི་སྒོ་རུ་སོང༌།།
སྙན་པའི་གླུ་དབྱངས་ཟར་ཟིར་ལེན་ཅིང་སྡོད།།
ཚིག་དོན་མ་ནོར་གནད་རྣམས་མཐོང་གྱུར་ནས།།
ཁྱོད་ལ་འཛུམ་བཞིན་དགའ་བསུ་ཞུ་ཡང་སྲིད།།
ཕྱོགས་ལྷུང་ཕྲག་དོག་ཅན་གྱི་སྒོར་མ་འགྲོ།།
ང་རྒྱལ་ཁེངས་དྲེགས་ཅན་དང་ཁ་མ་མཐུན།།
བླུན་པོ་རང་མཐོང་ཅན་ལ་གྲོས་མ་འདྲི།།
ཁྱོད་ཉིད་སྒམ་གོག་ནང་དུ་རུལ་ཡང་སྲིད།།
མཁས་པས་བསྟན་བཅོས་བརྩམས་པའི་ཆོས་སྐད་དང༌།།
འཆལ་པོ་འདོད་པས་མྱོས་པའི་གྲོང་ཚིག་བཅས།།
གཉིས་ག་སྤངས་པའི་ཁྱོད་ཀྱི་རྒྱན་འདི་འདི་ཉིད།།
ཕྱོགས་ཀྱི་བློ་གསལ་རྣ་བར་འཇེབས་ཀྱང་སྲིད།།
གཟུར་གནས་ཤེས་རབ་ཅན་ལ་གོ་དོན་ཤོད།།
བློ་གསར་རྣམས་ལ་ལམ་འདིར་འཇུག་པར་སྐུལ།།
ཀུན་དང་མཐུན་ཅིང་ཀུན་ལ་མཛའ་བའི་བཞིན།།
འཛུམ་པའི་མདངས་ཀྱིས་ཀུན་ཡིད་འཕྲོགས་པར་གྱིས།།
ཅི་སྟེ་སུ་ཡང་མི་མགུ་མི་མཁོ་ན།།
སླར་ཡང་ཕ་རྒན་གམ་དུ་ཚུར་ཤོག་དང༌།།
ཁོ་བོ་རྒས་ཀྱང་ཁྱོད་ཉིད་མགུ་ཙམ་གྱི།།
བྱ་བར་བརྩོན་པ་སྐྱེད་དོ་ཡིད་ལ་ཞོག།
ཅེས་སྙན་ངག་གི་བུ་མོ་བག་མར་བྱིན་པའི་སྐབས་གོ་བར་བྱ་བའི་གཏམ་གྱི་བསླབ་བྱ་ཚིག་གསུམ་འདིའང་ཐུབ་བསྟན་ཤེས་རབ་རྒྱ་མཚོས་སོ།།
ཡག་པོ་འདུག ཐུགས་རྗེ་ཆེ། སྲོལ་རྒྱུན་སྙན་ངག་འབྲི་སྟངས་འདི་དེང་སང་ཅུང་ཉམས་རྒུད་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་འདུག་པས། ཚང་མས་འདི་ཕྱོགས་སུ་དོན་བརྗོད་སྙན་ངག་རིང་མོ་རེ་འབྲི་ཐུབ་ན་ལེགས། ལྷག་པར་དུ་གྲྭ་སའི་ཕྱོགས་ནས་ཐུགས་གཟབ་ཅིག་གནང་རོགས།
ཡག་པོ་འདུག མུ་མཐུད་དུ་་་་་་་་་་་་་་་་་་