རེབ་ཐོག་མདའ།
ཨ་མི་རི་ཀར་ཤིང་ནགས་འབར་ཡང་གསར་འགོད་པ་ཚོ་འཚང་ཁ་རྒྱག།
ཡུ་རོབ་གླིང་ནས་ས་ཁང་འབར་ཡང་ཉིན་མཚན་གཉི་ཀར་མཐུད་ནས་གླེང་།།
གངས་ཅན་བོད་ནས་མི་ལུས་འབར་ཡང་བརྙན་འཕྲིན་རླུང་འཕྲིན་དལ་ཅག་གེར།།
ཉིན་མཚན་གཉི་ཀར་མཐོང་རྒྱུ་མེད་པ་སྦི་སྦི་སེ་(BBC)དང(CNN)་སེ་ཨེན་ཨེན།།
ལེ་སྦི་ཡ་ནས་ཟིང་འཁྲུག་ལངས་པ་ཁོང་ཚོའི་བརྗོད་བྱ་གཙོ་བོ་ཡིན།།
ཨ་རིའི་སྲིད་འཛིན་འོས་ཤོག་དེ་ཡང་ངོ་སོ་ཞིག་གི་ཆེད་དུ་ཡིན།།
འཛམ་གླིང་རྒྱལ་སྤྱིའི་རིན་ཐང་མི་འཇོག་ང་དང་གངས་རིའི་ཕུ་ནུ་ཚོ།།
སྐད་ཆེན་བརྒྱབ་ཀྱང་ཟས་བཅད་བྱས་ཀྱང་ཁོང་ཚོ་ཁོམ་པའི་དུས་ཤིག་མེད།།
སྟོབས་འབྱོར་མངའ་ཐང་ཁྱོད་ལ་ཡོད་ན་གསར་འགོད་ཁ་དེ་ཉོས་ན་ཆོག།།
རྒྱབ་རྩ་མཐུག་པོའི་དབང་ཆ་ཡོད་ན་དོན་དངོས་དེ་ཡང་བཅོས་ན་ཆོག།།
དྲང་བདེན་ཡོད་མེད་དབྱེ་ཞིབ་མ་བྱས་མི་ཤེས་ཁ་སང་དེ་རིང་གི།།
ས་སྒང་འདི་དང་རྒྱང་དུ་གྱེས་པའི་ང་ཡི་ཕ་ས་སྙིང་རེ་རྗེ།།
ཁ་སང་འབར་བའི་མེ་ལྕེའི་ཀློང་གི་མི་བུའི་པར་དེ་སྤྲད་ཚར་ཡོད།།
དམར་བོའི་དམག་གིས་སྡེ་མཐའ་བསྐོར་བའི་བརྙན་ཐུང་ཁོང་ཚོར་ཕུལ་ན་ཡང།།
ཧ་ལས་ཧང་སངས་ཚུགས་ཀ་སྟོན་བཞིན་དྲང་བདེན་ངག་དེ་ལྐུག་བཞིན་དུ།།
རྒྱ་ཡི་ཕྱོགས་ལ་ཁ་ལྕེ་བརྡར་བཞིན་སྒང་བ་བོད་པ་བརྗེད་ནས་ཡོད།།
སྦི་སྦི་སེ་(BBC)དེ་སྐད་གྲགས་ཆོད་པའི་རྒྱུ་མཚན་གང་ཡིན་མ་ཤེས་ཀྱང་།།
སི་ཨེན་ཨེན་(CNN)ཡང་ས་སྒང་འདི་ན་ས་ཁྱབ་རྡོ་ཁྱབ་བྱེད་པ་འདི།།
བདེན་པའི་གཏམ་ཞིག་སེམས་ན་ཡོད་ན་བོད་ལ་འཆད་རན་ཡིན་མོད་ཀྱང་།།
ཁ་སང་དེ་རིང་བོད་དོན་དེ་ལ་རིན་ཐང་མི་འཇོག་སེམས་འདི་སྐྱོ།།
མྱི་ཡི་ཚོགས་ཞིག་རྩེད་མོར་རོལ་བ་ཁྱོད་ཀྱིས་དུས་ཚོད་ཕྱེད་ཀར་གླེང་།།
རི་དྭགས་ཁ་ཤས་རི་ན་འཚོ་བ་ཁྱོད་ཀྱིས་སྐད་མ་བཅོ་ལྔར་སྟོན།།
གངས་རིའི་གྲོང་ནས་ཚེ་སྲོག་འབར་བ་ཁྱོད་ཀྱི་མིག་གིས་མཐོང་ན་ཡང་།།
གླེང་མོལ་ཞིག་དང་ཐད་གཏོང་ཞིག་གི་ལེའུ་དེ་འདྲ་མེད་དོན་ཅི།།
ཤར་ནུབ་ཚོང་རིའི་སྒོར་མོའི་འཛའ་དེ་ཉིན་མཚན་གཉི་ཀར་བརྗེས་ནས་གཏོང་།།
ཨ་རི་ཡུ་རོབ་གླིང་གི་དོན་རྐྱེན་འཛམ་གླིང་མི་ལ་གལ་ཆེ་ཡང་།།
མི་བུ་བདུན་ཅུ་མེ་ལ་འཐིམ་པའི་ཨ་མའི་མིག་གི་མཆི་མ་དེ།།
ད་དུང་གདོང་ན་ཤུར་ཤུར་བཞུར་བའི་དོན་དངོས་དེ་ཚོ་ཅིས་མི་གླེང་།།
གསར་འགོད་སྡེ་བར་སེམས་ཤིག་ཡོད་ན་ང་ཡི་ཕ་ཡུལ་བོར་མ་འཇོག།།
བརྙན་ཕབ་སྡེ་བར་མིག་ཅིག་ཡོད་ན་དམར་པོ་མེ་འདི་གཟུགས་སུ་ཐོབས།།
མཐོང་སྒང་རི་ན་མཚོན་ཆའི་རི་བོར་གདོན་གྱི་རིགས་ཤིག་འཚང་འདུག་པ།།
གོ་ལའི་ཁྱོན་ན་མྱི་མིང་ཐོགས་པའི་མིག་ལ་ཐེངས་གཅིག་སྟོན་རོགས་ཞུ།།
ཕྱི་ལོ ༢༠༡༢ ཟླ ༡༡ ཚེས ༡༨ ལ་སྦི་སྦི་སེ་ལ་བལྟས་རྗེས་ཀྱི་ཚོར་སྣང་འགའ།
དངོ་ནས་གཏམ་དེ་འདྲ་དབྱིན་ཐོག་སྤེལ་ནས་ཁྱབས་སྒྲགས་བྱེད་ཐུབ་ན་དགེ་མཚན་ཆེ་ད་ནས་བཟུང་BBC CNN ཟེར་བས་གསར་འགྱུར་འདི་ཕྱོགས་ལྷུང་གི་གསར་འགྱུར་ཞིག་མཐོང་གི་འདུག་། ཁོ་མཚོ་ལ་དགོས་པའི་གསར་འགྱུར་དེ་མི་གསད་ཕྲག་འབྱོར་དང་རྐུན་འཇག་ཕྲོག་བཅོམ་། དེ་འདྲ་རེད་།
ཁ་ཆེའི་དཔའ་རྒོད་ལ་ཌུན་ཆེན་པོས་ཨ་རིའི་མི་མང་ལྟོགས་ཤིར་བཅུགས། །
ཡོ་རོབ་གླིང་གི་རྒྱལ་ཕྲན་གང་ཞིག་དཔལ་འབྱོར་འཚོ་བ་རྟག་བརྟན་བྲལ། །
འཛམ་བུའི་གླིང་འདིའི་འཕེལ་རྒྱས་རྩ་ལག་རྒྱ་ནག་རྒྱལ་པོའི་ལག་ཏུ་ཤོར། །
གསར་འགོད་པ་ཡི་ལྟོ་ཁུགས་ཚོགས་ཀྱང་རྒྱ་རྒན་གཞུང་ལ་རེ་དགོས་སྐད། །
གངས་ཅན་བོད་མིའི་མངོན་འདོད་སྒྲུབ་པའི་ལས་ཀ་དང་དུ་ལེན་འདོད་ན། །
དབུ་མའི་ལམ་ཞེས་འཇམ་ཤ་ཅན་དེར་རྐང་ཐང་རྐྱང་བས་མི་བགྲོད་པར། །
གཞོན་ནུ་ཚོགས་པའི་སྦྱོར་སྒྲོལ་ལྟ་གྲུབ་དང་དུ་ལེན་རོགས་གངས་ཅན་པ། །
འདི་ནི་གངས་རིའི་མིག་ཆུ་འབྱིད་བྱེད་ཐབས་དང་ཤེས་རབ་ཉག་གཅིག་གོ། །
བདག་གཞན་གཉིས་ཕན་དབུ་མའི་ལམ་འདིར་རྒྱ་གཞུང་ཞུགས་པར་མི་འདོད་ན།།
རང་དབང་ཡུལ་གྱི་བཙན་བྱོལ་གཞུང་ལ་དེ་ལས་ལམ་གཞན་མ་ཡོད་ན།།
མེ་མདའི་འོག་གི་གཞིས་ལུས་དཔའ་བོའི་རང་སྡུག་གཞན་སྨོད་མཚམས་བཞག་སྟེ།།
ཆོལ་གསུམ་སྤུན་ཟླའི་སྐྱིད་སྡུག་མཉམ་དུ་རང་རྒྱལ་གཞན་ཕུང་བྱེད་རན་རེད།།
འཚེ་མེད་ཞི་བའི་མེ་ལྕེ་འདི་ཡིས་རྒྱ་གཞུང་བསྲེགས་པར་མ་ནུས་ན།།
ནུབ་ཕྱོགས་ཡུལ་གྱི་རང་དབང་གསར་འགྱུར་ང་ཚོའི་རིགས་ལ་མི་འགོད་ན།།
རང་བསྲེགས་ལས་འགུལ་འཚེ་མེད་འཐབ་རྕོད་མི་འདོད་བཞིན་དུ་རྒྱང་དོར་ཏེ།།
བཙན་པོའི་ལོ་རྒྱས་སྟོབས་དང་དྲག་པོའི་མི་བུའི་ལམ་དེར་ཞུགས་རན་རེད།།
གངས་ཅན་བོད་པའི་ལས་དབང་ནག་པོ་འཛམ་གླིང་རྒྱལ་ཚོགས་མི་མཐོང་ན།།
གཞན་ལ་འཚེ་མེད་རང་སྡུག་རང་ཁུར་རྒྱ་རིགས་མི་ཡི་མི་ཤེས་ན།།
ང་ཚོའི་ལག་ཟུང་ཐལ་མོ་སྦྱོར་བ་དུས་དང་ལས་ཀྱི་ཁ་ཕྱེས་ཏེ།།
ཉེར་གཅིག་དུས་ཀྱི་ཚན་རྩལ་འཕྲུལ་རིགས་མི་འདོད་གྲོགས་སུ་འགོད་རན་རེད།།