ནམ་མཁའ།
བདེ་སྡུག་ཅི་བྱུང་སེམས་ཀྱིས་མྱོང་བ་བཞིན།།
ལུས་ཀྱིས་དེ་བཞིན་མྱོང་བར་མི་འདོད་པས།།
ལུས་སེམས་དབྱེ་བར་འབྱེད་པའི་དཔྱོད་ལྡན་དག།
ཡིན་མིན་དཔྱོད་ལ་དྲྭ་རྒྱའི་ཀློང་དུ་ཕེབས།།
ང་ཚོ་འགྲོ་བ་མིའི་རིགས་ཆ་ཚང་ཨ་མའི་མངལ་ནས་འཇིག་རྟེན་འདིར་སླེབས་པ་ནས་བཟུང་། དགའ་སྡང་ཆགས་གསུམ་གྱི་ཚོར་བ་མི་འདོད་བཞིན་དུ་མྱོང་ཞོར། འཇིག་རྟེན་འདིའི་ཐོག་འཚོ་བཞིན་ཡོད། ཡིན་ན་ཡང་ང་ཚོ་སྐབས་རེ་སེམས་ཁོང་དུ་སྡུག་བསྔལ་གྱིས་མནར་སྐབས། འུ་ཐུག་ཐབས་ཟད་ཀྱིས་རང་ཉིད་འཇིག་རྟེན་འདི་དང་གཏན་བྲལ་བྱེད་འདོད་སྐྱེས་མྱོང་མཁན་དང་། སྐྱེས་ནས་རང་སྲོག་བཅད་པ་འཇིག་རྟེན་འདིར་གྲངས་ཀྱིས་ག་ལ་ཟིན། ཡིད་དབང་འཕྲོག་པའི་སའི་གོ་ལའི་འདིའི་ཐོག་ནས་བདེ་བ་ཞིག་བཙལ་ཀྱང་མི་འདོད་བཞིན་དུ་སྡུག་བསྔལ་ཞིག་ཆུ་གཉེར་བཞིན་ཡོང་དོན་ཅི་ཡིན་ནམ་སོགས་ཀྱི་དྲི་བ་མང་པོ་ཞིག་མི་མང་པོར་སླེབས་ཡོད་སྲིད། ཡིན་ཡང་དྲི་བ་དེ་དག་ལ་ལན་འདོད་པ་ཁེངས་པ་དང་། སེམས་སུ་གསལ་བོར་འཆར་ཐུབ་པའི་ལན་ཞིག་རྙེད་མཁན་ག་ཚོད་ཞིག་ཡོད་དམ། མ་ཟད་འཇིག་རྟེན་འདིའི་ཐོག་འགྲོ་བ་མིའི་རིགས་ལ་ཁ་ཏོག་མི་འདྲ་བ་རིགས་འགའ་འབྱུང་དགོས་བའི་རྒྱུ་མཚན་དང་མིའི་རིགས་ཚང་མ་གང་ཞིག་བརྒྱུད་ནས་ཡོང་བའི་དྲི་བ་གང་མང་ཞིག་འབྱུང་དང་བྱུང་བཞིན་རེད།ཚན་རིག་པ་ཚོས་དུས་རབས་བཅོ་བརྒྱད་ཀྱི་སྟོད་ཙམ་ཞིག་ནས་མིའི་རིགས་འདི་དག་སྤྲེའུ་རིགས་ནས་མཆེད་ཚུལ་གསར་རྙེད་བཤད་ཀྱི་འདུག་མོད། ཡིན་ཡང་བོད་མི་རིགས་ཀྱིས་ལོ་ངོ་ཆིག་སྟོང་ཡས་མས་ནས་སྤྲེའུ་རིགས་ནས་མཆེད་ཚུལ་ཞིག་གསུངས་ཡོད་པས་ཚན་རིག་པ་ཚོ་ལས་སྔོན་ནས་རྟོགས་ཡོད་ཀྱང་། ཁོང་ཚོས་གསར་རྟོགས་དང་གསར་རྙེད་བྱུང་ཚུལ་དེ་ལ་འདི་འདྲའི་སྙིང་ན་བ་ཞིག་ག་ལ་ཡོད། བློ་ཕམ་པ་ཞིག་ལ། བོད་ཀྱི་རིག་གཞུང་ཐོག་ན་མི་ཚེ་འཚོ་བ་བསྐྱལ་བཞིན་པའི་རྒྱལ་སྤྱིའི་བོད་རིག་པ་བ་མགོ་སེར་ཚོས། འདི་ཙམ་ཡང་ཕར་ངོ་སྤྲོད་བྱས་མེད་པ་འདྲ་བས་བློ་ཤིན་ཏུ་འཕངས་ཀྱང་བྱ་ཐབས་ཅི་ཞིག་ཡོད།
གང་ལྟར་ངས་འདིར་བརྗོད་འདོད་པ་ནི། ཚེ་སྲོག་འདི་བེམ་གཟུགས་ལས་ཐོལ་བྱུང་ཞིག་ཡིན་མིན་དང་ཚེ་སྲོག་ལ་ཐོག་མ་ཡོད་མེད་སྐོར་ལ་དོགས་སློང་ཅུང་ཟད་བཤད་འདོད་སྐྱེས། དེ་ཡང་སེམས་དང་ཚེ་སྲོག་ཟེར་བའི་དེབ་དེའི་ནང་གི་ཚན་རིག་པ་དང་ནང་པ་གཉིས་ཀྱིས་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ཚེ་སྲོག་འབྱུང་ལུགས་ཀྱི་བགྲོ་གླེང་སྐོར་གྱི་ལྟ་གྲུབ་གཞིར་བཞག་སྟེ་དོགས་སློངས་བྱེད་ཀྱི་ཡིན། ཚན་རིག་པ་ཚོ་ཡང་ལྟ་གྲུབ་མ་འདྲ་བ་དུ་མ་ཞིག་བྱུང་ཡོད། རྒྱུ་མཚན་ཡང་ཁོང་ཚོས་ཀྱང་འཕྲུལ་ཆས་ཁོ་ན་ལ་ཡིད་ཆེས་མ་བྱས་བར་མིས་རྣམ་དཔྱོད་ཀྱིས་དོགས་དཔྱོད་བྱས་བའི་རྒྱུ་མཚན་གྱིས་ལྟ་གྲུབ་མི་འདྲ་བ་བྱུང་ཡོད།
དེ་ཡང་ཚན་རིག་པའི་འདོད་ཚུལ་དང་། ནང་པའི་འདོད་ཚུལ། ནང་པའི་ལྟ་གྲུབ་གཞི་བཞག་སྟེ་ཕྲན་གྱིས་བསམ་ཚུལ་སོགས་ཀྱི་དོགས་པ་ཕྲན་བུ་ཞིག་འདིར་འགོད་འདོད་བྱུང་། ཡིན་ཡང་ཕྲན་གྱི་རིག་པ་དང་བསྡུར་ན་སྤོབས་པ་ཞིག་མེད་མོད། གདོང་ལ་རས་གཞི་མཐུག་པོ་ཞིག་གཡོགས་སྟེ་འབྲི་ཆོག་པར་ཞུ།
འབར་གས་ཆེན་མོ་འཇིག་རྟེན་གྱི་ཐོག་མ་འདོད་མཁན་གྱི་ཚན་རིག་པ་ཚོས། འབར་གས་ཆེན་མོ་འཐོར་ནས་དུས་ཡུན་རིང་པོ་ཞིག་གི་རྗེས་སུ། སྲོག་མེད་དངོས་གཟུགས་ལས་ཚེ་སྲོག་ཐོལ་བྱུང་དུ་བྱུང་བར་འདོད་པ་མ་ཟད། སྲོག་མེད་བེམ་གཟུགས་ལས་ཚོར་ཤུགས་ལྡན་པའི་གསལ་ཞིང་རིག་པའི་ཤེས་པ་སྐྱེས་བར་བརྗོད་ཀྱི་ཡོད་ལ། དེ་ནི་འཇིག་རྟེན་འདིའི་ཐོག་གི་ཚེ་སྲོག་དང་པོ་དེ་ཡང་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ཡང་ནང་པ་སངས་རྒྱས་བའི་འཇིག་རྟེན་ལ་ཐོག་མ་མེད་པ་བཞིན། སྐྱེས་བ་ལ་ཡང་ཐོག་མ་མེད་པར་འདོད་ཀྱི་ཡོད་པ་མ་ཟད། བེམ་གཟུགས་ཞིག་ལས་ཚོར་ཤུགས་ལྡན་པའི་ཚེ་སྲོག་ཞིག་བྱུང་བར་ནམ་ཡང་ཁས་ལེན་མི་བྱེད།
ཚན་རིག་པ་ཚོས་འབར་གས་ཆེན་མོ་འཐོར་ནས་ཚ་ཤུགས་ཉམས་ཏེ། ལོ་ངོ་ཐེར་འབུམ་གཅིག་གི་རྗེས་སུ་ཚེ་སྲོག་ཐོག་མར་སྲོག་མེད་དངོས་གཟུགས་ལས་ཐོལ་བྱུང་བ་ཞིག་ཏུ་ངོས་འཛིན་གྱི་ཡོད། མེ་ཕུང་ཆེན་པོ་དེ་འཇིག་རྟེན་འདིའི་ཐོག་མ་ཡིན་པར་འདོད་པའི་ཚན་རིག་པ་ཚོས། འབར་གས་ཆེན་མོ་ཚ་ཤུགས་ཆེ་བའི་སྐབས། ཚེ་སྲོག་ཞིག་ཡོད་པའི་ཚོད་དཔག་མ་བྱས་བ་ཅི་ཡིན་ནམ། འདི་ནི་ང་རང་ལ་མཚོན་ན་གཏན་ཚིགས་རིག་པའི་སྒོ་ནས་བཤད་ན་དྲི་བ་ཆེན་པོ་ཞིག་རེད། རྒྱུ་མཚན་ཡང་། དེང་སང་ཕྲ་མཐོང་མེ་ཤེལ་ལས་མེ་ཕུང་གི་ནང་དུ་ཡང་སྲིན་འབུ་ཕྲ་མོ་ཡོད་པ་ཁོང་ཚོས་མངོན་སུམ་གྱིས་མཐོང་ཡོད་པ་མ་ཟད་ཁོང་ཚོས་ཁས་ལེན་ཡང་བྱེད་ཀྱི་ཡོད། འབར་གས་ཆེན་མོའི་ཚ་ཤུགས་ཆེ་བའི་སྐབས། སྲིན་འབུ་ཕྲ་མོ་ཡོད་མེད་ཀྱི་བརྟག་དཔྱད་ཕྲ་མཐོང་མེ་ཤེལ་བེད་སྤྱོད་གཏོང་མ་ཐུབ་ཀྱང་། གཏན་ཚིགས་རིག་པའི་སྒོ་ནས་དཔྱད་པ་ཙམ་ཡང་མ་བྱས་བའི་རྒྱུ་མཚན་ཅི་ཡིན་ནམ།
ཕྲན་གྱི་དོགས་པ་ཞིག་ལ་གཏན་ཚིགས་རིག་པའི་སྒོ་ནས་དཔྱད་ན་འབར་གས་ཆེན་མོའི་ཚ་ཤུགས་ཆེ་བའི་སྐབས་ཀྱང་སྲིན་འབུ་ཕྲ་མོ་ཡོད་ཆོག་པ་ཞིག་རེད། གལ་སྲིད་འབར་གས་ཆེན་མོའི་ནང་དུ་སྲིན་འབུ་ཕྲ་མོ་མེད་ཚེ།དེ་རིང་གི་མེ་ཕུང་ནང་དུ་ཡང་སྲིན་འབུ་ཕྲ་མོ་ཡོད་མི་སྲིད་པ་ཞིག་རེད། མ་ཟད་ཧ་ཅང་གྲང་ཚད་ཆེ་བའི་འཁྱགས་རོམ་ནང་དུ་ཡང་སྲིན་འབུ་ཕྲ་མོ་ཡོད་པ་ཡང་ཁོང་ཚོས་ཁས་ལེན་བྱེད་ཀྱི་ཡོད། ཡིན་ཡང་ཚན་རིག་པ་ཚོས་འབར་གས་ཆེན་མོ་ལ་ཚ་ཤུགས་ཆེ་བའི་སྐབས་ཚེ་སྲོག་ཅན་གྱི་སྐྱེ་ལྡན་མི་འདོད་པའི་རྒྱུ་མཚན་ནི།ཚ་ཤུགས་ཆེ་བའི་རྐྱེན་གྱིས་ཚེ་སྲོག་འཚོ་མི་ཐུབ་པར་བསམ་པ་ཡིན་ནམ། གལ་སྲིད་དེ་ལྟར་ཡིན་ཚེ་དེ་རིང་གི་མེ་ཕུང་ཆེན་མོའི་ནང་དུ་ཡང་སྲིན་འབུ་ཕྲ་མོ་འཚོ་ཐུབ་པའི་རྒྱུ་མཚན་ཞིག་རྙེད་དཀའ་བ་རེད། དེས་རྐྱེན་ཕྲན་གྱི་བསམ་ཚུལ་ལ་འབར་གས་ཆེན་མོའི་ནང་དུ་ཚེ་སྲོག་ལྡན་པའི་སྲིན་འབུ་ཕྲ་མོ་ཡོད་དགོས་བ་ཞིག་རེད། རྒྱུ་མཚན་ནི་དེང་སང་གི་མེ་ཕུང་ཆེན་མོའི་སྲིན་འབུ་ཕྲ་མོ་རྙེད་ཀྱི་ཡོད་པ་མ་ཟད། དེ་དག་གི་འགུལ་བསྐྱོད་ནི་སྲོག་ལྡན་གཞན་ལས་ཤིན་ཏུ་དལ་བར་འདུག་ཅེས་ཚན་རིག་པ་ཚོས་བརྗོད་ཀྱི་ཡོད། དེ་ལྟར་ཡིན་དུས་ཚེ་སྲོག་གི་ཐོག་མ་ནི།འབར་གས་ཆེན་མོ་འཐོར་ནས་ལོ་ངོ་ཐེར་འབུམ་གཅིག་གི་རྗེས་སུ་སྲོག་མེད་དངོས་གཟུགས་ལས་ཐོལ་བྱུང་བ་མ་ཡིན་པར། དེའི་སྔ་རོལ་ནས་ཡོད་པ་རང་བཞིན་གྱིས་གྲུབ་ཡོད། གཏན་ཚིགས་རིག་པ་ལྟར་འབར་གས་ཆེན་མོའི་ནང་སྲིན་འབུ་ཕྲ་མོ་ཡོད་པ་རིག་པས་གྲུབ་ནས་ཡོད་དུས། སྲིན་འབུ་ཕྲ་མོ་དེ་དག་སྲོག་ལྡན་ཞིག་ཡིན་པ་རང་བཞིན་གྱིས་ཤེས་ཐུབ། དེ་ལྟར་འབར་གས་ཆེན་མོའི་ནང་གི་སྲོག་ལྡན་སྲིན་འབུ་དེ་དག་ནི་གང་ཞིག་ནས་བྱུང་བ་ཡིན་ནམ། དེ་དག་ཡང་ཚེ་སྲོག་ཅན་གྱི་རང་གི་རིགས་མཐུན་ཞིག་ལས་སྐྱེ་དགོས་ཞིང་། དེ་བཞིན་སྲིན་འབུ་ཕྲ་མོ་དེའི་དངོས་རྒྱུ་དང་བརྒྱུད་རྒྱུ་ཞིག་ཡོད་དགོས། དེ་ལྟར་རྒྱུ་དང་འབྲས་བུ་སོགས་ཡར་དེད་ནས་སོང་ཚེ། ཚེ་སྲོག་གི་ཐོག་མ་ཞིག་དང་སྐྱེ་བའི་ཐོག་མ་ཞིག་རྙེད་པར་དཀའ།
གལ་སྲིད་ཚེ་སྲོག་གི་ཐོག་མ་ཞིག་འཇོག་དགོས་ཚེ། ཚོར་ཤེས་ལྡན་པའི་ཚེ་སྲོག་གི་ཐོག་མ་ཞིག་ཀྱང་དགོས་ལ། ཚོར་ཤུགས་ཅན་གྱི་ཚེ་སྲོག་གི་ཐོག་མ་ཞིག་ཡོད་ཚེ། ཤེས་པའི་རྒྱུན་གྱི་ཐོག་མ་ཡང་གྲུབ་དགོས་བ་མ་ཟད། ཤེས་པའི་རྒྱུན་གྱི་ཐོག་མ་དེ་ཤེས་པ་ཞིག་མ་ཡིན་པར་། ཤེས་པ་མ་ཡིན་པའི་དངོས་གཟུགས་ལས་ཤེས་པའི་ངོ་བོ་གསལ་ཞིག་རིག་པའི་ངོ་བོ་ཅན་ཞིག་འབྱུང་བར་འདོད་དགོས་བས། ནང་པའི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན་གཏན་ཚིགས་རིག་པ་དང་འགལ་ཡོད། རྒྱུ་མཚན་ལྡན་པའི་གཏན་ཚིགས་རིག་པ་འདིས་རྐྱེན་གྱིས་།ནང་པའི་འཇིག་རྟེན་གྱི་ཐོག་མ་ཞིག་མི་འདོད་པའི་རྒྱུ་མཚན་ཡང་འདི་ཡིན་པར་སྙམ།
ཡང་ཚན་རིག་པ་ཨ་རིའི་རྒྱལ་ས་ཝ་ཤེན་ཊོན་གྱི་མཐོ་སློབ་ཀྱི་སྐྱེ་དངོས་རིག་པའི་སློབ་དཔོན་ཆེན་མོ་འོ་སྭོ་ལ་ཡིས་གསུངས་བ་ཞིག་ལ།ཚེ་སྲོག་ནི་མེས་པོ་གཅིག་ལས་བྱུང་ནས་ཁ་ཕྱོགས་གསུམ་དུ་ཆས་ཡོད།
གཅིག་ནི་སྲིན་འབུ་ཡིན་ཞིང་། གཉིས་པ། ཨ་ཀེ་འར༼achaea༽ཡིན། གསུམ་པ། ཡོ་ཁད་རེ་འོ༼eukaryote༽ ང་ཚོ་མིའི་རིགས་ནི་འདིའི་ཁོངས་སུ་གཏོགས་ཟེར།
འོན་ཀྱང་ཕྲན་ལ་ཐད་གར་དུ་དོགས་པ་ཕྲན་བུ་ཞིག་གིས་དྲི་བ་ཞིག་ལྷག་ཡོད་པ་ནི། དེ་གསུམ་གྱི་མེས་པོ་དེ་སུ་རེད།མེས་པོ་དེ་གང་ནས་བྱུང་བ་ཞིག་རེད་དམ། མེས་པོ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་མེས་པོ་དེ་ཚེ་སྲོག་ཅན་ཞིག་ཡིན་ནམ།
གལ་སྲིད་དེ་སྲོག་ལྡན་ཞིག་ཡིན་ཚེ། རིགས་གསུམ་དུ་དགྱེས་བའི་ཚེ་སྲོག་དེ་དག་གི་སྔོན་དུ་འགྲོ་དགོས་བའི་ཚེ་སྲོག་གི་ཐོག་མ་མེས་པོ་དེ་ཡིན་པ་ལས། འབར་གས་ཆེན་མོ་འཐོར་ནས་ལོ་ངོ་ཐེར་འབུམ་གཅིག་གི་རྗེས་སུ་ཚེ་སྲོག་གི་ཐོག་མ་དེ། སྲོག་མེད་བེམ་གཟུགས་ལས་ཐོལ་བྱུང་ཞིག་ཏུ་འཇོག་པ་དང་། རིགས་གསུམ་དུ་ཆས་བའི་ཚེ་སྲོག་དག་གི་མེས་པོ་ཞིག་ཡོད་པར་འདོད་པ་གཉིས་ནང་འགལ་རང་དུ་གྱུར་ཡོད། དེ་མིན་མེས་པོ་དེ་ནུབ་ཕྱོགས་ཆོས་ལུགས་ཀྱིས་གསུངས་པ་ལྟར་དཀོན་མཆོག་གིས་སྐྲུན་པའི་ལྟ་བ་ཞིག་སེམས་ཀྱི་ཤུགས་སུ་གྲུབ་ཡོད། གང་ལྟར་ཀྱང་ཚེ་སྲོག་གི་ཐོག་མ་ཞིག་རྙེད་ནས་འཇོག་པ་དེ་ལ་ཡང་རྒྱུ་མཚན་ཡང་དག་པ་ཞིག་མཐོང་མ་སོང་།
གཉིས་པ།
གསལ་ཞིང་རིག་པའི་ངོ་བོ་ཅན་གྱི་ཤེས་པའི་རྒྱུན་ཞིག་བེམ་གཟུགས་ལས་ཅི་ལྟར་བྱུང་བ་ཡིན་ནམ། འདིའི་རིགས་ནི་ཕྲན་ལྟ་བུ་ལ་མཚོན་ན། ཆེས་ཤིན་ཏུ་རྙོག་འཛིངས་ལྡན་ལ་བརྗོད་མི་ཤེས་བའི་དཔྱད་གཞི་ཞིག་རེད། ཡིན་ཡང་གོང་དུ་བརྗོད་པ་བཞིན་དོགས་སློང་གི་སྒོ་ནས་ཅུང་ཟད་ཞུས་ཆོག་པར་ངའི་དྲ་གྲོགས་ཡོངས་ལ་ཞུ་རྒྱུ་ཡིན། ལྷག་པར་དུ་ཡང་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་རྒྱུ་མཚན་གཙོ་བོ་ཡང་རྣམ་ཤེས་ཀྱི་རྒྱུན་ཡོད་མེད་ལ་བཤད་ཀྱི་ཡོད། གལ་སྲིད་རྣམ་ཤེས་ཀྱི་རྒྱུན་མེད་པ་ཞིག་ཡིན་ཚེ།ནང་པ་སངས་རྒྱས་བའི་རྨང་གཞི་ཚར་བ་ལྟ་བུ་ཞིག་རེད། སྤྱིར་ནང་པའི་ལྟ་གྲུབ་ལ། ཤེས་པ་ནི་མྱོང་བའི་སྒོ་ནས་ཤེས་པ་དེའི་ངོ་བོ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ཤེས་པ་ལ་ཕྲ་རགས་གཉིས་ཡོད་པས་ནང་ནས་ཤེས་པ་རགས་པའི་ངོ་བོ་ཙམ་ཡང་། མྱོང་བའི་སྒོ་ནས་ཕྲན་ལྟ་བུ་ཞིག་གིས་འགྲེལ་བཤད་བྱེད་རྒྱུ་ཧ་ཅང་དཀའ་བའི་གནས་རེད།
དཔེར་ན། ཕྲན་གྱིས་སྦྲང་རྩི་ཞིག་ཟ་བའི་སྐབས། མངར་མོ་ཁྱོན་ནས་ཟས་མ་མྱོང་མཁན་མི་གཞན་ཞིག་གིས་སྦྲང་རྩིའི་བྲོ་བ་ཅི་འདྲ་ཞིག་རེད་ཅེས་དྲིས་ཚེ། ངས་མངར་མོ་ཞིག་རེད་ཅེས་ལན་འདེབས་ངེས་རེད། ཡིན་ཡང་དྲི་བ་འདྲི་མཁན་དེས་མངར་མོའི་བྲོ་བ་མྱོང་མེད་པས། ཡང་བསྐྱར་དྲི་བ་གཉིས་པ་ཞིག་འདྲི་གི་རེད། མངར་མོ་ག་འདྲ་ཞིག་རེད་ཅེས་དྲི་བ་ཡོང་ངེས། ཡིན་ཡང་ཁོ་རང་གིས་མངར་ཆའི་བྲོ་བ་མྱོང་རག་བར་དུ་ངས་མངར་མོ་མངར་མོ་ཞིག་རེད་ཅེས་ལན་འདེབས་རྒྱུ་ཡིན་ནམ། ཡང་ན་སྐྱུར་མོ་ཞིག་མྱོང་དུ་བཅུགས་ཏེ་འདིའི་ལྡོག་ཕྱོགས་རེད་ཅེས་ལན་འདེབས་རྒྱུ་ཡིན། ཁོས་མངར་མོའི་ཆ་མྱོང་མེད་པས་སྐྱུར་མོ་ཞིག་མྱོང་ཀྱང་། ད་རུང་ཁོས་མངར་ཆའི་བྲོ་བའི་ཚོར་ཤེས་དེ། ཁོའི་ཡིད་ལ་འཆར་མི་ཐུབ་པ་ལྟ་བུ་ཞིག་རེད། འདི་བཞིན་དུ་ཤེས་པའི་རིགས་ནི་ཆེས་རྙོག་འཛིངས་ལྡན་པའི་དཔྱད་གཞི་ཞིག་རེད། ཤེས་པ་ཕྲ་མོ་ནི་དེ་བས་ཀྱང་བརྗོད་ཁག་པོ་རེད། ཡིན་ཡང་ཚན་རིག་པ་ཚོས་ཤེས་པ་ནི་དངོས་གཟུགས་ལས་བྱུང་བར་འདོད་པས་།དེ་ལ་གཏན་ཚིགས་རིག་པས་དཔྱད་འདོད་བྱུང་། སྤྱིར་འདུས་བྱས་ཀྱི་དངོས་བོ་གང་ཞིག་རང་རང་གི་རྫས་རྒྱུན་རིགས་འདྲ་སྔ་མ་ནས་བྱུང་དགོས་བ་ཞིག་ཡིན། དཔེར་ན་གྲོ་ནས་འབྲས་གསུམ་ལྟ་བུ་ཞིག་ལ་མཚོན་ན་ཡང་། གྲོ་བཏབ་ན་གྲོ་སྐྱེས་བ་བཞིན། འབྲས་བཏབ་ཚེ་འབྲས་སྐྱེས་དགོས་བ་རྒྱུ་དང་འབྲས་བུ་འབྱུང་ལུགས་ཀྱི་ཆོས་ཉིད་ཞིག་རེད། དེ་བཞིན་ཤེས་བའི་རྒྱུན་ཡང་རང་གི་སྔ་མ་རིགས་འདྲ་ཞིག་ནས་སྐྱེས་དགོས་བ་ལས། རིགས་མཐུན་མ་ཡིན་པའི་བེམ་གཟུགས་ཞིག་ལས་འབྱུང་བ་ཡིན་ཚེ། ཤིང་ཏོག་ཀུ་ཤུ་ལྟ་བུའི་ས་བོན་ལ་འབྲས་བུ་གྲོ་ནས་འབྲས་གསུམ་ལྟ་བུ་འབྱུང་མི་ཆོག་པའི་རྒྱུ་མཚན་དང་ཤིང་ཏོག་ཀུ་ཤུའི་ས་བོན་བཏབ་ན་འབྲས་བུ་རྐུན་འབྲུམ་འབྱུང་མི་ཐུབ་པའི་རྒྱུ་མཚན་ཡང་རྙེད་དཀའ་བ་ཞིག་རེད་སྙམ།
ཡང་ཚན་རིག་པ་ཁ་ཤས་ཀྱིས་ཚེ་སྲོག་དང་ཤེས་པ་དེ་དབང་རྩ་དང་རླུང་གི་གཡོ་བ་ཞིག་ངོས་འཛིན་བྱེད་མཁན་ཀྱང་ཡོད། ཕྲན་གྱི་བསམ་ཚུལ་ལ། དཔེར་མཚོན་སྟབས་བདེ་ཞིག་གིས་སྒོ་ནས་བཤད་ན། དེང་སང་ང་ཚོས་བེད་སྤྱོད་གཏོང་བཞིན་པའི་གློག་ཞིག་ལ་དཔེ་མཚོན་སྦྱར་ནས་བཤད་ཚེ། གློག་རྒྱུ་སའི་སྐུད་པ་དེ་དབང་རྩ་ལྟ་བུ་ཞིག་ཡིན་ལ། དེའི་གློག་སྐུད་ཀྱི་ནང་དུ་གློག་ཡོད་མེད་ང་ཚོས་མིག་གིས་མཐོང་མི་ཐུབ་པ་བཞིན། ཤེས་པ་དེ་ཡང་དབང་རྩའི་རྒྱུད་ལམ་ན་ཡོད་པ་ང་ཚོས་མཐོང་ཐུབ་མེད་པ་ལྟ་བུ་ཞིག་རེད་འདོད། གལ་སྲིད་གློག་འགྲོ་སའི་སྐུད་པ་ལ་སྐྱོན་ཤོར་དུས། གློག་ལ་སྐྱོན་ཤོར་བ་མ་ཡིན་པར་སྐུད་པ་དེ་སྐྱོན་ཤོར་བ་ང་ཚོ་ཆ་ཚང་གིས་ཐུན་མོང་དུ་ཁས་ལེན་བྱེད་ཐུབ་སྙམ། དེ་བཞིན་ང་ཚོའི་དབང་པོ་གང་རུང་ལ་སྐྱོན་ཤོར་བའི་སྐབས། ཤེས་པ་ཁོ་རང་ལ་སྐྱོན་བྱུང་བ་མ་ཡིན་པར་ཤེས་པ་ཁོ་རང་རྟེན་བྱེད་སའི་དབང་རྩ་ལ་སྐྱོན་བྱུང་བ་རེད་སྙམ། དེ་ཡང་དཔེར་ན་མི་ཞིག་དྲན་པ་འཐོར་བའི་སྐབས། མི་དེའི་ཤེས་པ་རགས་པ་འགག་ཡོད། དེ་དུས་མི་དེའི་ཤེས་པ་ཕྲ་མོ་རིགས་ཁོའི་ལུས་སུ་ཡོད་པས། དྲན་པ་འཐོར་བའི་སྐབས་མི་དེ་ཤི་བར་མི་འདོད། སྐབས་དེར་ཚོར་བ་རགས་པ་རིགས་ལུས་ཀྱིས་མྱོང་ཐུབ་ཀྱི་མེད་ན་ཡང་། ཚོར་བ་ཕྲ་མོ་ཞིག་གི་མྱོང་པ་ཡོད་པར་སྙམ། ད་ལྟའི་ལུས་ཕུང་འདི་རང་གི་ཤེས་བའི་རྟེན་བྱེད་ཀྱི་ཡོད། དེས་རྐྱེན་དབང་པོ་ལ་སྐྱོན་ཤོར་བའི་སྐབས་ཤེས་པ་མི་གསལ་བའི་རྒྱུ་མཚན་ཡང་འདི་ཡིན། ཤེས་པ་དེ་ལུས་ཀྱི་དབང་རྩའི་གྲུབ་ཆ་ཞིག་ཏུ་འདོད་པ་དབུགས་འབྱུང་རྔུབ་འདོད་མཁན་དག་ལ། ནང་པའི་གཞུང་ལུགས་སུ་དགག་སྒྲུབ་བྱས་ཡོད། དེ་ཡང་ཚད་མ་རྣམ་འགྲེལ་ལས།
དེ་ཡོད་ཡོད་དང་དབང་འགྱུར་ཕྱིར།།
དེ་ལས་འབྱུང་རྔུབ་དེ་མ་ཡིན།།
རླུང་འབྱིན་པ་དང་འདྲེན་པ་ནི།།
འབད་རྩོལ་མེད་པར་གང་ལས་ཡིན།། ཅེས་གསུངས་སོ།
ལུས་ཀྱི་རེག་བྱ་ལས་བྱུང་བའི་ལུས་ཚོར་དག་དབང་པོའི་བདག་རྐྱེན་ལས་སྐྱེས་དགོས། དེ་ཡང་ཤེས་པ་དེ་མྱོང་བྱའི་རེག་བྱ་ལ་ཐད་ཀར་འཇུག་པ་ཡིན། དེས་རྐྱེན་རེག་བྱ་བདེ་སྡུག་གང་ཞིག་ཡིན་པ་ཤེས་པའི་ནང་ཚན་གྱི་འདུ་ཤེས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་འདི་ལ་རྟེན་ལུས་དང་ཤེས་པ་གྲུབ་པའི་རྫས་ཐ་དད་ཡིན། གལ་སྲིད་ལུས་དང་ཤེས་པ་གྲུབ་པའི་རྫས་ཐ་མི་དད་པ་ཡིན་ཚེ། མི་ཤི་བའི་སྐབས་ཡང་ལུས་ཀྱི་གྲུབ་ཆ་ཡོངས་སུ་ཚང་ཡོད་པས་སེམས་སམ་ཤེས་པ་ད་རུང་ཡོད་དགོས་བའི་རིག་པའི་གནོད་པ་འབྱུང་གི་ཡོད་པས། དེ་ལ་ཚད་མ་རྣམ་འགྲེལ་ལས། ལུས་ནི་གནས་ཉིད་ན་སེམས།། ལྡོག་པ་མེད་པ་ཐལ་བར་འགྱུར།།ཞེས་གསུངས་ནས་རིག་པའི་བརྒལ་རྟགས་འཕངས་ཡོད།
གང་ལྟར་ནང་གི་ཤེས་པ་དང་ཕྱིའི་དངོས་གཟུགས་སོགས་ཕན་ཚུན་གྱི་རྐྱེན་ཏུ་འགྲོ་དགོས། དེ་ཡང་དཔེ་མཚོན་ཞིག་གི་སྒོ་ནས་བཤད་ན། མིག་ཤེས་ལྟ་བུ་ལ་མཚོན་ན། དམིགས་རྐྱེན། དེ་མ་ཐག་རྐྱེན། བདག་རྐྱེན་གསུམ་བཤད་ཡོད། སྔོན་པོ་འཛིན་པའི་མིག་ཤེས་ལ། རྐྱེན་གསུམ་པོ་དེ་ལ་ཐུན་མོང་མ་ཡིན་པའི་སོ་སོའི་བྱེད་ལས་རེ་ཡོད། མིག་ཤེས་ཀྱིས་གཟུགས་ཀྱི་ཁ་ཏོག་འཛིན་ལ། སྒྲ་མི་འཛིན་པའི་རྒྱུ་མཚན་ནི། བདག་རྐྱེན་དབང་པོས་བྱས་བ་དང་། སྔོན་འཛིན་མིག་ཤེས་ཀྱིས་སྔོན་པའི་ཁ་ཏོག་འཛིན་ལ་སེར་བོ་དང་དམར་བོའི་ཁ་ཏོག་མི་འཛིན་པའི་རྒྱུ་མཚན་ནི། དམིགས་རྐྱེན་སྔོན་པོས་བྱས་བ་ཡིན། དེ་ལྟ་བུའི་མིག་ཤེས་གསལ་ཞིང་རིག་པའི་ངོ་བོར་སྐྱེ་བ་ནི། ཤེས་པ་སྔ་མའི་དེ་མ་ཐག་རྐྱེན་གྱིས་བྱས་བ་ཡིན། དེ་བཞིན་ཤེས་པ་ཕྱི་མ་གསལ་རིག་ཞིག་སྐྱེ་བ་ལ་རང་གི་རིགས་འདྲའི་སྔ་མ་གསལ་ཞིང་རིག་པའི་རྒྱུན་ཅན་གྱི་ངོ་བོར་སྐྱེ་ནུས་བའི་ཤེས་པ་ཞིག་དགོས་པ་བསྟན་ཡོད།
དེ་ལྟར་ཡིན་ན་འཆི་བའི་སྐབས་ལུས་ཀྱི་དབང་ཤེས་ཐམས་ཅད་འགག་ཡོད་པས། སྐྱེ་བ་ཕྱི་མའི་དབང་ཤེས་དག་ཅི་ལྟར་བྱུང་བ་ཡིན་ཅེས་དོགས་པའི་དྲི་བ་ཞིག་སླེབས་སྲིད། ཡིན་ཡང་དེ་ནི་ཤེས་པ་ཕྲ་རག་གཉིས་ཡོད་པའི་ནང་གི་ཤེས་པ་ཆེས་ཕྲ་མོ་དེ་འཆི་བའི་སྐབས་སྐྱེ་གི་ཡོད་པ་མ་ཟད། ཤེས་པ་ཕྲ་མོ་དེ་སྐྱེ་བ་ཕྱི་མའི་ལུས་རྟེན་ཏུ་འགྲོ་བའི་རྣམ་ཤེས་དེ་ཡིན། དེས་རྐྱེན་ཤེས་པ་ཕྲ་མོ་དེའི་ནང་དུ་དབང་ཤེས་སོགས་ཀྱི་གསལ་རིག་གི་ངོ་བོར་སྐྱེ་ནུས་བའི་ས་བོན་ཡོངས་འདུས་ཡོད། དཔེར་ན། ནས་འབྲུ་རྐང་གཅིག་གིས་ནས་འབྲུ་དུ་མ་འབྱུང་ནུས་པའི་ས་བོན་ནས་འབྲུ་རྐང་གཅིག་པོ་དེའི་ནང་འདུས་པ་བཞིན། ཤེས་པ་ཕྲ་མོ་དེར་གསལ་རིག་གི་ངོ་བོ་ཅན་གྱི་ཤེས་པ་དུ་མ་སྐྱེ་ནུས་པའི་ས་བོན་ཐམས་ཅད་འདུས་ཡོད། དེས་ན་ཤེས་པ་ཕྲ་མོའམ་རྣམ་ཤེས་དེ་སྙིང་གའི་རྩ་ལམ་ཞིག་ཏུ་གནས་པར་སྙམ། རྒྱུ་མཚན་ནི། མི་བཟང་ངན་སུ་ཡིན་ཡང་འཆི་བ་ཕྲ་མོའི་རྣམ་ཤེས་འཕོ་སྟངས་དེ་སྙིང་ག་ནས་འཕོ་ལ། ཡང་བསྐྱར་སྐྱེ་བ་ལེན་དུས་ཀྱང་ཐོག་མར་གང་ནས་རྣམ་ཤེས་ཕྲ་མོ་འཕོ་བ་དེར་ཐོག་མར་འཇུག་པར་བཤད་ཡོད་མོད། འོན་ཀྱང་རྩ་དེའི་མིང་ཕྲན་གྱིས་མི་ཤེས་བའི་སྔགས་ལ་སྦྱངས་མྱོང་བའི་དགེ་བཤེས་གསེར་རི་འདྲ་བ་ཚོ་དང་བོད་ཀྱི་གསོ་བ་རིག་པ་བ་ཚོས་གསལ་བཤད་རེ་གནང་ཐུབ་ཚེ། ཕྲན་ལྟ་བུ་དག་ལ་དེ་ལས་ལྷག་པའི་སྐུ་དྲིན་ཆེ་བ་ཞིག་གང་ན་ཡོད།
གང་ལྟར་བོད་ཀྱི་ནང་པ་སངས་རྒྱས་པ་ཚོར་གནའ་སྔ་མོ་ཞིག་ནས་མི་ཡི་ལུས་ཕུང་གྲུབ་ཚུལ་གྱི་ཚན་རིག་དར་ཡོད་པ་འདི་ནི་ཆེས་ཤིན་ཏུ་ཡིད་དབང་འཕྲོག་པ་ཞིག་རེད། རྒྱུ་མཚན་ཡང་མ་ཡི་མངལ་དུ་ཆགས་པའི་གོ་རིམ་དང་བཅས་བའི་རི་མོ་ཡང་བྲིས་འདུག་ལ། མིང་ཡང་རེ་རེ་བཞིན་མེར་མེར་བོ། ནར་ནར་རོ། ལྟར་ལྟར་རོ་སོགས་རིམ་པ་བཞིན་གྲུབ་ལུགས་འདི་འཕྲུལ་ཆས་ཀྱིས་མཐོང་བ་ཞིག་མ་ཡིན་པར་རིག་པས་དཔྱད་ཏེ་རྟོགས་པ་ཞིག་ཡིན་པས། དེང་སང་ཚན་རིག་གི་མའི་མངལ་དུ་གྲུབ་ལུགས་དང་ཤིན་ཏུ་ནས་མཚུངས་སོ།
རང་བློས་གང་ཚོད་དཔྱད་པའི་རལ་གྲི་འདི།།
རིག་པའི་དཔའ་བོའི་བུ་ལ་དཔའ་དར་བྱིན།།
ཕྲག་དོག་སྡར་མས་སྤྲོ་བར་མི་བྱེད་ཀྱང་།།
གཟུར་གནས་དཔྱོད་ལྡན་བུ་ལ་ཚིམ་པས་ཆོག །
ཚེ་སྲོག་ཅེས་བའི་དོན་ལ་དཔྱད་སྟངས་མི་འདྲ་བ།
གོ་ལ་རིལ་བོ་འདིར་ཆོས་ལུགས་པ་དང་ཚན་རིག་པ་ཚོས་སྲོག་ཅེས་པའི་དོན་ལ་ངོས་འཛིན་སྟངས་མི་འདྲ་བ་ཁག་གཉིས་བྱུང་ཡོད། མདོར་བསྡུས་ན་སེམས་ཡོད་སྲོག་ལྡན་དང་སེམས་མེད་སྲོག་ལྡན་གཉིས་སུ་འདུས་པ་ཡིན། ནང་པའི་གཞུང་དུ་སྲོག་ཅེས་པ་གང་འདྲ་ཞིག་ལ་ངོས་འཛིན་པའི་སྐབས་སུ་གང་ཟག་དེའི་ཚེ་ནི་སྲོག་ཡིན་ལ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་ལ་སྲོག་ཏུ་འདོད། རྩི་ཤིང་སོགས་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་དེ་འཇོག་དཀའ་མོད། འོན་ཀྱང་སྲོག་མེད་ལས་སྲོག་ལྡན་སྐྱེས་པ་ང་ཚོའི་གཞུང་དུའང་བཞག་གི་ཡོད་ལ་ཚན་རིག་པས་ཀྱང་འཇོག །སྲོག་ལྡན་གཅིག་ལ་སྲོག་གི་དབང་པོ་མི་འདྲ་བ་གཉིས་ང་ཚོས་ཀྱང་བཞག་མེད་ལ་ཚན་རིག་པས་ཀྱང་འཇོག་གི་མེད། ཆོས་མངོན་པ་མཛོད་ལས་མི་ལ་སྐྱེས་གནས་བཞི་ག་ཡོད་པར་གསུངས་པ་ལྟར་དཔེར་ན། བསྐལ་བ་དང་པོའི་མི་རྫུས་སྐྱེས་དང་། བྱ་ཁྲུང་ཁྲུང་ལས་སྐྱེས་པ་གནས་བརྟན་གྲགས་པ་དང་རི་དྭགས་འཛིན་གྱི་བུ་སུམ་ཅུ་རྩ་གཉིས་ནི་སྒོང་སྐྱེས། ཆུ་ཤིང་སྡོང་པོ་ནས་བུ་མོ་ཞིག་སྐྱེས་པ་ཕྱིས་སུ་རབ་ཏུ་བྱུང་ནས་དགེ་སློང་མ་སྐྱོང་མར་གྱུར་བ་ལྟ་བུ་དྲོད་གཤེར་སྐྱེས། མངལ་དུ་མེར་མེར་ནུར་ནུར་གྱི་སྐྱེ་མཆེད་དོད་ནས་ཕྱིར་རོལ་དུ་བཙའ་བ་མི་དང་རྟ་གླང་ལྟ་བུ་མངལ་སྐྱེས་སུ་འཇོག་གོ །སྤྱིར་ན་སྲོག་ཅེས་པའི་དོན་མི་འཆི་བར་འཚོ་བའི་ནུས་པའི་དོན་དུ་འཇོག་ན་གཉིས་ཀ་ལ་འགལ་བ་མེད་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ། གདགས་པ་ལས་ཚེ་ཟད་དེ་འཆི་བ་དང་བསོད་ནམས་ཟད་ནས་འཆི་བ་གཉིས་ལ་མུ་བཞི་ཡོད་པར་བཤད་པ་ལྟར། ལས་ཀྱིས་འཕངས་འབྲས་ཀྱི་སྲོག་དབང་དང་ཏིང་ངེ་འཛིན་སྒོམ་སྟོབས་ཀྱིས་གྲུབ་པའི་སྲོག་དབང་མི་འདྲ་གཉིས་བཞག་ཡོད་ལ། སྲོག་ལ་རླུང་དུ་འཇོག་པ་ཡོད་མེད་ཀྱང་དཔྱད་དགོས་ཏེ། འདུལ་ཊཱིག་ཉི་མའི་འོད་ཟེར་ལས། སྲོག་ལ་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། ཞེས་དང་། མཛོད་འགྲེལ་ལས་ཀྱང་། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། ཞེས་དབུགས་གཏོང་ལེན་བྱེད་པ་ལ་སྲོག་ཏུ་བཤད་པའི་ཕྱིར་རོ།། སྔགས་ཀྱི་སྐབས་སུ་བསམ་གཏན་ཕྱི་མ་ལས། སྲོག་དང་རྩོལ་བ་རབ་ཏུ་བསྡམ།།ཞེས་སྲོག་རྩོལ་གྱི་དོན་བཤད་པའི་སྐབས་སུ་དབང་པོའི་སྒོ་སོགས་དང་སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་འཇུག་བྱེད་པའི་རླུང་ནི་སྲོག་ཡིན་ལ། རྩོལ་བ་ནི་དམིགས་པ་གཞན་དྲན་ནས་དེ་ལ་གཡེང་བའི་དྲན་པ་ཡིན་པས། དེ་གཉིས་ཕྱིར་འཕྲོ་མི་འཇུག་པར་ནང་དུ་འཛིན་པ་ནི་སྲོག་རྩོལ་སྡོམ་པའི་དོན་ཡིན་པའི་ཕྱིར། ཞེས་རླུང་འབྱུང་འཇུག་བྱེད་པ་ལ་སྲོག་ཏུ་བཤད་པ་དང་། སྔགས་བླ་མེད་ཀྱི་སྐབས་སུ་རོ་རྐྱང་གི་རླུང་རྒྱུ་བ་སྲོག་ཏུ་བཤད་ཅིང་རླུང་འཕོ་བའི་སྐབས་སྣ་བུག་གཡས་གཡོན་ནས་འཕོ་བ་དང་། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སྟེ་རླུང་བཅུ་བོ་དེ་མངལ་གྱི་གནས་སྐབས་སུ་ཆགས་ཀྱང་མ་བཙས་བར་དུ་སྣ་བུག་ནས་འབྱུང་འཇུག་མི་བྱེད་པར་བཤད། སྒྲོན་གསལ་ལས། སྲ་བའི་ཁམས་དང་ཆུ་ཉིད་དང།།དེ་བཞིན་མེ་དང་རླུང་དག་ནི།། རྣམ་པར་ཤེས་པས་བླངས་ནས་ནི།།སྲིད་གསུམ་གནས་སུ་སྐྱེས་པར་འགྱུར།།ཞེས་པ་ལྟར་ཨ་མའི་མངལ་དུ་ཉིང་མཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ནི་རྣམ་ཤེས་ཀྱི་རྟེན་དུ་བླངས་ནས་མངལ་སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་གྱི་སྲིད་པར་སྐྱེས། དེ་ཡང་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་འཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ག་དུས་གཅིག་ཏུ་གྲུབ་ཀྱང། རྣམ་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆེས་རགས་པའི་རླུང་གི་རླུང་དང། དེ་ལས་ཆེས་རགས་པའི་མེའི་རླུང་དང། དེ་ལས་ཆེས་རགས་པའི་ཆུའི་རླུང་དང། དེ་ལས་ཆེས་རགས་པའི་སའི་རླུང་རྣམས་སྐྱེ་བ་ཡིན། །དེ་ནི་རེ་རེའི་དོན་སྣང་བ།།རླུངགིས་བླངས་ནས་འཛིན་བྱེད་ལ།།རླུང་དང་ལྡན་པའི་རྣམ་ཤེས་ནི།།རྟག་ཏུ་འགྲོ་ལ་གནས་བར་འགྱུར།། ཞེས་དབང་པོའི་ཤེས་པ་སོ་སོ་ལ་སྣང་པའི་གཟུགས་སོགས་ཡུལ་ལྔ་པོ་དེ་ནི་དབང་ཤེས་ཀྱི་རང་རང་གི་བཞོན་པའི་རླུང་གིས་བླངས་པ་སྟེ། རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད་ལ། དེ་འདྲ་བའི་རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི་དུས་རྟག་ཏུ་འགྲོ་བ་ལ་གནས་བར་འགྱུར་བ་དང། རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་རླུང་ངེས་པར་གྲོགས་སུ་དགོས་བར་བསྟན། འདི་ནི་རླུང་ཁམས་ཆེན་པོ་སྟེ།།རྣམ་ཤེས་གསུམ་གྱི་བཞོན་པ་ཡིན།།ཞེས་པའི་དོན་ནི་ལས་ཀྱི་རླུང་ནི་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ། སྣང་མཆེད་ཐོབ་གསུམ་གྱི་བཞོན་པ་ཡིན་ལ། བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས། རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་བདེ་སྡུག་གི་འཁོར་བ་འབྱུང་། རླུང་འབྱུང་འཇུག་ལ་བརྟེན་ནས་སྲིད་པ་ཆགས་འཇིག་གི་འཁོར་བ་འབྱུང་བ་བཤད་པ་ལྟར་དེ་དག་ཀུན་གྱི་རྩ་བ་མཐར་ཐུག་ན་གཉུག་མའི་རླུང་ཟེར་བ་ཞིག་འཇོག །དེ་ལྟར་ན་འཁོར་བའི་རྩ་བ་གཉུག་མའི་རླུང་ཡིན་པ་དང། རྫོགས་རིམ་གྱི་ཉམས་ལེན་གཙོ་བོ་ཡང་རླུང་འདུལ་ཐབས་ཡིན་པས་སོ།། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ཐུག་གི་བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ།། འཆི་དུས་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བ་བཞི་ཐིམ་རིམ་བཤད་པའི་སྐབས་སུའང་འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་ཐིམ་རིམ་དུ་བཤད་པས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་ཞིག་ཡིན་པ་འདྲ། འགག་དུས་རགས་རིམ་ནས་འགག་པ་དང་། སྐྱེ་དུས་ཕྲ་རིམ་ནས་འཕེལ་བ་སོགས་རྫས་ཀྱི་འཕོ་འགྱུར་སྣ་ཚོགས་པ་གཉུག་མའི་རླུང་གིས་གཡོ་བ་འབའ་ཞིག་ཏུ་བཤད། འབྱུང་བ་རླུང་གི་གཡོ་བ་ལས་འཇིག་རྟེན་གྲུབ་ཚུལ་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་ རང་ལུས་འོད་སྐུར་ལྡང་བ་སོགས་འཁོར་འདས་ཀུན་གྱི་རྩ་བ་རླུང་ཡིན་པར་ཐུག་གོ །དེ་ལྟ་བུའི་རླུང་ནི་རྩི་ཤིང་སོགས་ལ་འཇོག་དཀའ་བ་ཡིན། འོན་ཏེ་བཤད་ཚུལ་འདི་ཚན་རིག་གི་ཕྲ་མཐོང་ཆེ་ཤེལ་ལྟ་བུས་ཐག་ཆོད་པ་མ་ཡིན་ཡང་རླུང་གི་བྱེད་ལས་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་གོར་མ་ཆག །དཔེར་ན་མངལ་གྱི་གནས་སྐབས་ཀྱི་ཕྲུ་གུ་དེ་སྲོག་ལྡན་ཡིན་པས་སྣ་བུག་ནས་དབུགས་གཏོང་ལེན་མི་བྱེད་ཀྱང་། ཟས་བཅུད་ལེན་པ་དང་དབུགས་གཏོང་ལེན་ངེས་བར་བྱེད་དགོས་པས་ཇི་ལྟར་བྱེད་སྙམ་ན་ཨ་མའི་ཁྲག་རྩ་དང་ཤ་མ། བུའི་ལྟེ་ཐག་སོགས་བརྒྱུད་ནས་གཟུགས་པོའི་ནང་ཟས་བཅུད་དང་འཚོ་རླུང་ལེན་པ་དང་དེ་བཞིན་རླུང་བཙོག་དང་སྙིགས་རོ་སོགས་ལྟེ་ཐག་བརྒྱུད་ནས་ཕྱིར་འདོན་གྱི་ཡོད་པ་རེད། གནའ་བོའི་རྒྱ་གར་གྱི་གཅེས་བུ་བ་དག་གིས། རྩི་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ལོ་མ་ཁུམ་པའི་ཕྱིར་ཞེས་སེམས་ལྡན་དང་སྲོག་ལྡན་ཁྱད་པར་མི་འབྱེད་པ་དང་། རྩི་ཤིང་སེམས་ལྡན་དུ་འདོད་པ་ལ། དབུ་མ་སྙིང་པོ་ལས། ལྗོན་ཤིང་སེམས་དང་བཅས་པ་མིན།།སྐྱེ་གནས་བཞིར་ནི་མ་བསྡུས་ཕྱིར། དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར།།ཕག་དུམ་བཞིན་དུ་བེམ་པོ་ཡིན།།ཞེས་གསུངས་པ་ལྟར་རྩི་ཤིང་ནི་སྐྱེ་གནས་བཞིས་མ་བསྡུས་པ་དང་བཅད་ཀྱང་ཚོར་བ་སྡུག་བསྔལ་མྱོང་རྒྱུ་མེད་པའི་ཕྱིར་རྩི་ཤིང་སེམས་ལྡན་དུ་མི་འདོད་དོ།།གཏམ་རྒྱུད་གསེར་ཐང་ལས། སན་དེའུ་(Sundew) བྱ་བ་དང་། བིན་ས་(Pitcher)བྱ་བའི་མེ་ཏོག་སོགས་སྦྲང་བུ་སྟེང་དུ་བབས་མ་ཐག་བཟུང་ནས་ཁྲག་བཞིབས་ཏེ་རོ་སྟོང་ཤོབ་ཏུ་བྱས་ཏེ་ས་ལ་འདོར་ཞིང་། ༼འབུ་རོ་ཕྱིར་འདོན་པའི་དོན༽།སན་དེའུ་རེ་རེས་ཀྱང་ཉིན་རེ་ལ་འབུ་སྦྲང་ཉིས་བརྒྱ་ལྷག་རེ་གསོད་ཅིང་། རོ་མཐའ་ལ་སྤུངས་ནས་འོངས། ཞེས་གསུངས་པ་ལྟར་ཤ་གཟན་རྩི་ཤིང་དེ་གཉིས་ནི་དེང་སང་ཨ་རིའི་ཡུལ་ན་ཡོད་པའི་རྩི་ཤིང་ཞིག་ཡིན་པ་རེད། ཉི་ཚེ་བའི་དམྱལ་བ་དང་སྟོན་པས་སྐྱེས་པ་གཅོད་པའི་ལྟུང་བྱེད་གསུངས་པ་དེ་ལ་ཅུང་ཟད་བསམ་ན་རྩི་ཤིང་ལ་མཐའ་གཅིག་ཏུ་སྲོག་མེད་ཅེས་སྨྲ་མི་སྤོབས། ཚན་རིག་པས་རྩི་ཤིང་ཆོས་ཅན། སྲོག་ལྡན་ཡིན་ཏེ། དབུགས་གཏོང་ལེན་བྱེད་པའི་ཕྱིར་ཟེར་ན་དེ་ལ་ལན་ཅི་ཞིག་འདེབས། རྟགས་མ་གྲུབ་ཟེར་ན་ཚན་རིག་པ་ཚོས་བརྟག་དཔྱད་བརྒྱ་ཕྲག་གི་ལམ་ནས་རྩི་ཤིང་གིས་དབུགས་གཏོང་ལེན་བྱེད་པ་གསར་བརྙེད་བྱུང་ཚར་བ་རེད། ཚེ་སྲོག་ཚན་རིག་སྡེ་ཚན་དག་གིས་བཏོན་པ་ལྟར་ན་སྐྱེ་ལྡན་ཀུན་ལ་རང་གི་རིགས་འདེད་དངོས་རྫས་ཀྱི་གྲུབ་ཆར་ཌི་ཨེན་ཨེན་(DNA)ལྡན་ཡོད་ལ། དེ་ནི་སྐྱེས་དངོས་འཕེལ་འགྱུར་གོ་རིམ་ཁྲོད་ཀྱི་འགྱུར་བའི་གཞི་རྟེན་ཡིན་ཞེས་བཤད་ཡོད། རིགས་རྫས་གང་ལས་གྲུབ་པའི་(DNA)་དེ་དག་སྐྱེ་རྡུལ་ཕྲ་གཟུགས་ཀྱི་ནང་དུ་ཡོད་པ་དང་། སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་(cell)དུ་མ་འདུས་པ་ལས་ཕུང་གྲུབ་(tissue)གྲུབ་པ་དང་། ཕུང་གྲུབ་དུ་མ་འདུས་པ་ལས་(organ)དབང་པོ་གྲུབ། དེ་གཅིག་གམ་དུ་མ་འདུས་པ་ལས་(organism)སྲོག་ལྡན་གྲུབ་པ་ཡིན། འཕེལ་འགྱུར་གྱི་རྒྱུད་རིམ་དེ་སྐྱེ་ལྡན་ཀུན་ལ་གཅིག་གྱུར་དུ་གྲུབ་ཡོད་ཀྱང་རྩ་བའི་རིགས་རྫས་སྒྲུབ་གཞི་ཌི་ཨེན་ཨེན་(DNA)ནང་གསེས་ཀྱི་བཀོད་རིམ་ཁྱད་པར་ཕྲ་མོ་ཞིག་གི་རྐྱེན་གྱིས། སྐྱེ་ལྡན་ཉེ་རིགས་གཅིག་གི་ཚོགས་འདུས་ནང་ཁེར་གཟུགས་སོ་སོར་ཁྱད་པར་ཕྲན་བུ་འབྱུང་སྲིད་པར་བཤད་པ་ལྟར། བགྲང་གིས་མི་ལང་བ་དང་རྫོགས་མཐའ་མེད་པའི་སྲོག་ལྡན་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་འདི་དག་(DNA)ཡི་འཁོད་རིམ་མི་འདྲ་བ་ལ་བརྟེན་ནས་བྱུང་བར་ཚན་རིག་པ་ཚང་མས་ཁ་གཅིག་གྲགས་སུ་ཁས་ལེན། ཌར་ཝིན་གྱི་འཕེལ་འགྱུར་རིག་པ་དང་མན་ཊེལ་གྱི་སྲན་མའི་ཞིབ་འཇུག་རྙེད་སོན་གྱི་རིག་པ་ཟུང་འབྲེལ་ལ་བརྟེན་ནས་སྐྱེ་དངོས་རིག་པའི་བྱ་བཞག་ལ་ཕན་ནུས་ཆེན་པོ་ཞིག་བྱུང་ཡོད་པ་རེད། ཌར་ཝིན་གྱིས་སྐྱེ་ལྡན་ཀུན་ལ་ཐུན་མོང་གི་མེས་པོ་ཞིག་ཡོད་པར་བཞག་ལ། ཁྱིམ་རྒྱུད་སྡོང་པོ་ཞེས་འབོད་པའི་དཔེ་མཚོན་དེས་སྐྱེ་ལྡན་ཀུན་ལ་ཕན་ཚུན་གཉེན་ཚན་གྱི་འབྲེལ་བ་ཡོད་པར་བལྟས་བ་རེད། ཅེས་བཤད། རིགས་པ་འདིས་སའི་གོ་ལའི་སྟེང་གི་སའི་གོ་ལའི་སྟེང་གི་ཚེ་སྲོག་ཁྱིམ་རྒྱུད་ཀྱི་ཐུན་མོང་གི་གདོད་མའི་མེས་པོ་(DNA)བཀོལ་ཏེ་ལོ་ངོ་ཐེར་འབུམ་དུ་མའི་གོང་ནས་འཕེལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་པའི་སྐྱེ་ལྡན་ཀུན་གྱི་ནང་དུ་ཌི་ཨེན་ཨེན་གསོག་ཉར་བྱས་ནས་ཡོང་ཡོད་པར་བཤད་ཡོད། ང་ཚོའི་གོ་ལ་འདི་ཐོག་མར་ཚ་ཤུགས་ཆེ་བ་ནས་འཁྱགས་པའི་དུས་རབས་བར་རིམ་པས་འགྱུར་ནས་བསམ་ཡུལ་ལས་འདས་པའི་ཚེ་སྲོག་མང་པོ་ཞིག་བྱུང་ཡོད་པ་དང་། ཚེ་སྲོག་དེ་ཚོ་ཐོག་མར་ཇི་ལྟར་བྱུང་བ་དང་སྲོག་མེད་ཅིག་ལས་སྐྱེ་འཕེལ་བྱུང་བ་ཡིན་ནམ། ཡང་ན་སྐར་རྡོ་ཟེགས་ཏེ་གོ་ལ་གཞན་གྱི་ཚེ་སྲོག་གླིང་འདིར་འཕོ་འགྱུར་བྱུང་བ་ཞིག་ཡིན། འདི་ནི་གནད་དོན་ཞིག་རེད། ཕྲ་ཕུང་གི་རིགས་པའི་གཞུང་ལུགས་ལྟར་ན་རྩ་བའི་ཁས་ལེན་གཉིས་ཡོད། གཅིག །སྲོག་ལྡན་ཀུན་ཕྲ་ཕུང་ལས་གྲུབ་པ་དང་། གཉིས། ཕྲ་ཕུང་ཀུན་ཕྲ་ཕུང་གཞན་ལས་གྲུབ་པ་བཅས་ཡིན། སྙན་གྲགས་ཅན་གྱི་ཚན་རིག་པ་(Pasteur)ཡིས་ དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ཐོལ་བྱུང་སྐྱེ་སྤེལ་གྱི་འདོད་ཚུལ་དེ་མི་འཐད་པར་བསྟན་ནས་བརྟག་དཔྱད་རིམ་པ་གསུམ་གནང་ཡོད། དང་པོ། སྣོད་ཤེལ་དམ་ཞིག་གི་ནང་ཟས་ཀྱི་ལྡག་གུ་བླུགས་ཏེ་ཚ་བོ་བཏང་རྗེས་འཕྲལ་དུ་ཁ་གཅོད་བརྒྱབ་ནས། སྣོད་ཤེལ་དམ་ནང་སྔར་ཡོད་ཀྱི་ཚེ་སྲོག་ཀུན་ཤི་རུ་བཅུག་པ་དང་ཆབས་ཅིག་ཟས་ཀྱི་ ལྡག་གུ་དེ་ཡང་དུག་སེལ་བཏང་། གཉིས་པ། ཁ་གཅོད་བརྒྱབ་ནས་ཡོད་པའི་ཤེལ་དམ་དུག་སེལ་བཏང་ནས་བཞག་རྒྱུན་རིང་ཟས་ཀྱི་ལྡག་གུ་དེར་སྐྱེ་ལྡན་ཕྲ་གཟུགས་ཀྱི་རིགས་གང་ཡང་སྐྱེ་འཕེལ་བྱུང་མེད། འདིས་ལྡག་གུ་ནང་གི་འདུས་རྡུལ་ཐེ་བའི་སྲོག་མེད་ཀྱི་དངོས་རྫས་ལས་སྐྱེ་ལྡན་གྱི་རྣམ་ པ་གང་ཡང་མི་སྐྱེ་བའི་བདེན་དབང་བྱས། གསུམ་པ། སྣོད་ཤེལ་དམ་དེའི་ཁ་གཅོད་ཕྱེས་ཏེ་ཕྱིའི་རླུང་གཟུགས་སྣོད་ཤེལ་དམ་དེའི་ནང་དུ་ཞུགས་པའི་རྗེས། མི་རིང་བར་ཟས་ཀྱི་ལྡག་གུ་དེའི་ཁ་དོག་སྨུག་པོར་གྱུར་ཏེ། ཕྱིའི་རླུང་ཁམས་ནས་བྱུང་བའི་སྲིན་འབུ་ཕྱིར་མངོན་པར་བྱུང་། བརྟག་དཔྱད་རིམ་པ་དེ་གསུམ་གྱི་ལམ་ནས་ཕྲ་ཕུང་རྣམས་རང་ལས་གཞན་པའི་ཕྲ་ཕུང་གསོན་པོ་འབའ་ཞིག་སྐྱེ་བར་བདེན་དབང་བྱས་པ་རེད། སྲོག་ལྡན་དང་སྲོག་མེད་ཀྱི་སྡེ་ཚན་གང་དུའང་མི་གཏོགས་པ་ནི་རྩི་ཤིང་གི་ས་བོན་དང་སེམས་ཅན་གྱི་ནད་དུག་ལྟ་བུར་ངོས་འཛིན་པ་དང་། ནད་འབུ་ཕྲ་རབ་ལྟ་བུ་ནི་གཞན་འཚོས་སྐྱེ་ལྡན་གྱི་རིགས་ཤིག་ཡིན། དེ་ཕྲ་ཕུང་གི་ནང་དུ་ཞུགས་ནས་དུག་སྲིན་གསར་བ་གཞན་སྐྱེད་སྤེལ་ནུས་ལ། རང་གི་གནས་ཡུལ་ཕྲ་ཕུང་གི་ཕྱི་རོལ་དུ་གྱར་ཚེ་ནད་འབུ་འདི་དག་འཚོ་གནས་བྱེད་ཐུབ་ཀྱང་རྒྱུད་སྤེལ་བྱེད་མི་ཐུབ་པར་བཤད་ཡོད། ཚན་རིག་པ་ལ་ལས་ཡུལ་དུས་གནས་བབས་ཇི་འདྲ་ཞིག་གི་འོག་ཏུ་ཚ་དྲོད། ཆུ། ནག་རྫས་དང་ནེ་ཏྲོན་ཇེན་བཅས་ཀྱི་འདུས་ཚོགས་འོས་འཚམས་ཤིག་བྱུང་ཚེ་དེར་སྐྱེས་དངོས་སྐྱེ་རུང་ཡིན་པར་བརྗོད་ཅིང་། ལྷག་པར་ཉེ་བར་མཁོ་བའི་སྐུལ་རྫས་སོགས་རྒྱུ་ཚོགས་གྲངས་ཚང་བ་ལས་དུས་ཡུན་རིང་པོ་མི་ཐོགས་པར་ལོ་གཅིག་གི་ནང་ཚུད་དུ་སྐྱེ་དངོས་སྲོག་ལྡན་གསར་བ་འགྲུབ་ངེས་ ཡིན་པར་བཤད་དོ།།ཐོལ་བྱུང་སྐྱེ་འཕེལ་འདོད་པའི་རིག་པའི་གཞུང་ལུགས་ལྟར་ན་ཚེ་སྲོག་ནི་སྲོག་མེད་ཀྱི་དངོས་རྫས་དག་ལས་བྱུང་བ་ཡིན་སྟབས་དུས་ཡུན་ཐུང་ངུའི་ནང་གློ་བུར་འཐོན་གྱི་ཡོད་པར་བཤད་དོ།།མཁས་དབང་སྐྱེ་དངོས་རིག་པ་བ་[Dr.Herbert-Wendt]ཡིས་ རྒྱ་མཚོ་ནི་མ་དང་འདྲ་བའི་སྐྱེ་དངོས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཡིན་པར་བརྗོད། འཇིག་རྟེན་གྱི་མིའི་འགྲོ་བ་ཐོག་མ་དེ་བསྐལ་བ་ཡ་ཐོག་གི་རྒྱ་མཚོའི་འདམ་རྫབ་ནང་ནས་གྲུབ་ཅིང་། ད་ལྟའི་རྩི་ཤིང་གི་བརྒྱ་ཆ་༩༠་ཐམ་པ་ད་དུང་ཡང་རྒྱ་མཚོའི་ནང་ན་འཚོ་བཞིན་ཡོད་པ་དང་དེང་སྐབས་ཡ་མཚན་ཆེ་བའི་སྐྱེ་དངོས་དེ་དག་ཐམས་ཅད་ཐོག་མར་རྒྱ་མཚོ་ནང་ནས་འཕེལ་སྐྱེད་བྱུང་བ་ཞིག་རེད་གཏམ་བཤད་སྤེལ་ཡོད་པ་རེད། སྤྱི་ལོ་༡༦༦༥་ལོར་དབྱིན་ཇིའི་ཚན་རིག་པ་(Robert hooke)ཁོང་གིས་ཕྲ་མཐོང་ཆེ་ཤེལ་བརྒྱུད་བེ་དོའི་སྐྱི་དཀར་གྱི་དུམ་བུ་ཕྲ་མོ་ལ་ལྡབ་སུམ་ཅུའི་ཆེ་རིམ་ནས་ལྟ་ཞིབ་བྱས་སྐབས་ཕྱི་ཤུན་གྱི་སྟེང་དུ་ཁོང་གིས་ཨི་ཁུང་ཆུང་ཆུང་མང་པོ་མཐོང་བ་དང་ཁོང་གིས་མཐོང་བ་དེ་ནི་དོན་དངོས་ལ་ཕྲ་ཕུང་གི་ཕྱི་ཤུན་ཡིན་ཡང་དེ་ལ་cell་ཞེས་མིང་གསར་དུ་བཏགས། དེ་ནས་བཟུང་སྟེ་ཚེ་སྲོག་གི་རིག་པའི་གཞུང་ལུགས་མཐར་ཐུག་གི་གྲུབ་དོན་ཏེ་སྐྱེས་དངོས་ཡོད་ཚད་སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་པ་དེ་རེད། སྐྱེ་དངོས་དེ་དག་ཡུན་རིང་གནས་པ་ལ་རླུང་ནི་མེད་དུ་མི་རུང་བ་དང་། སེམས་ཅན་དང་རྩི་ཤིང་ཚང་མས་དབུགས་གཏོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་རླུང་མེད་པར་སྲོག་ལྡན་གཅིག་ཀྱང་འཇིག་རྟེན་འདིར་འཚོ་གནས་མི་ཐུབ་ལ། དེར་བརྟེན་ཚེ་སྲོག་གི་རྒྱུན་སྤེལ་བ་ལ་ཟས་བཅུད་དང་འཚོ་རླུང་གཉིས་ལྷན་དུ་རྫས་སྦྱོར་གྱི་ནུས་ཤུགས་དགོས་ཀྱི་ཡོད་པ་རེད། སེམས་ཅན་དང་རྩི་ཤིང་འཚོ་གནས་ཐུབ་པ་ལ་ངེས་བར་ཟས་བཅུད་དགོས་པ་དང་ཟས་བཅུད་དེ་ནུས་ཤུགས་ཀྱི་ངོ་བོར་གྱུར་ནས་མུ་མཐུད་དུ་ཚེ་སྲོག་སྤེལ་གྱི་ཡོད་པ་རེད།།
ལུས་ཀྱི་རྫས་རྒྱུན་ལ་ཐོག་མ་མེད་པ་མ་ཟད། རྣམ་ཤེས་ཀྱི་རྫས་རྒྱུན་དང་རིགས་རྒྱུན་གཉིས་ཀ་ལ་ཐོག་མ་ཡོད་མ་རེད་དོ། ཀུན་གྱིས་མཁྱེན་པར་མཛོད་ཅིག །
སྔགས་ཀྱི་སྐབས་སུ། ལུས་དང་སེམས་ཀྱི་གནས་ཐབས་ལས།།རགས་དང་ཕྲ་དང་ཤིན་ཏུ་ཕྲ།།ཞེས་གསུངས་པ་ལྟར་འགྲོ་བ་མིའི་དབང་དུ་བྱས་ནས་བཤད་ན། ལུས་ཀྱི་གནས་ཚུལ། སེམས་ཀྱི་གནས་ཚུལ། ལུས་སེམས་ཐུན་མོང་བའི་གནས་ཚུལ་གསུམ་བཤད་ཡོད་པ་རེད། དང་པོ་ལུས་ཕྲ་རགས་འཇོག་ཚུལ་ནི། འབྱུང་བ་དང་འབྱུང་འགྱུར་གྱི་ལུས་ནི་རགས་པ་དང་། ལུས་ཀྱི་རྩ་རླུང་ཐིག་ལེ་ནི་ཕྲ་བ་དང་། སྟོང་བ་བཞི་གའི་བཞོན་པར་གྱུར་བའི་རླུང་ནི་ཤིན་ཏུ་ཕྲ་བ་ཡིན། གཉིས་པ་སེམས་ལའང་གསུམ་ལས། སྒོ་ལྔའི་རྣམ་ཤེས་ནི་རགས་པ་དང་། རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། རང་བཞིན་བརྒྱད་ཅུའི་རྟོག་པ་དང་མཚུངས་ལྡན་གྱི་སེམས་ནི་ཕྲ་བ་དང་། སྟོང་བ་བཞིའི་ངོ་བོར་གྱུར་བའི་སེམས་ནི་ཤིན་ཏུ་ཕྲ་བ་ཡིན། ལུས་སེམས་ཕྲ་རགས་འཇོག་ཚུལ་དེ་ལྟར་ཡིན། གསུམ་པ་རགས་པའི་ལུས་སེམས་གཉིས་ཚོགས་ཙམ་པ་ནི་རགས་པ་དང་། འཁོར་འདས་ཀུན་གྱི་གཞིར་གྱུར་བའི་རླུང་སེམས་དངོས་པོ་གཅིག་པ་ནི་ཕྲ་བ་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་དུ་གནས་པ་དེས་ནི་འཁོར་འདས་ཀུན་གྱི་གཞི་བྱེད་པ་ཡིན་ཏེ། ཤི་ནས་བར་དོའི་བཞིན་ལག་གི་རྣམ་པ་ཅན་དུ་ལངས་ནས་འཁོར་བར་སྐྱེ་བ་ལེན་པ་ཡིན། བར་དོ་བའི་མིང་གི་རྣམ་གྲངས་ལ། ཡིད་ལས་བྱུང་བ་དང་། སྲིད་པ་འཚོལ་བ་དང་། དྲི་ཟ་དང་། སྲིད་པ་བར་མ་དང་། མངོན་པར་འགྲུབ་པའི་སྲིད་པ་ཞེས་མཛོད་ལས་བཤད་དོ། །བར་དོ་བ་དེས་མའི་མངལ་དུ་སྐྱེ་བ་ལེན་པ་ལ། གནས་གསུམ་མངོན་དུ་གྱུར་ཅིང་ཉེས་པ་གསུམ་དང་བྲལ་བ་ཞིག་དགོས་ཏེ། མ་ནད་མེད་ཅིང་ཟླ་མཚན་གྱི་ཁྲག་དང་ལྡན་པ། དྲི་ཟ་ཉེ་བར་འཁོར་ཞིང་འཇུག་འདོད་པ། ཕོ་མོ་གཉིས་ཕན་ཚུན་ཆགས་ཤིང་ཕྲད་པ་སྟེ་གནས་གསུམ་མངོན་དུ་གྱུར་པ་དང་། ཉེས་པ་གསུམ་ནི། མའི་མངལ་གྱི་དབུས་ནི་ནས་ཀྱི་དབྱིབས་དང་འདྲ་བ། གྲོག་མའི་རྐེད་པ་དང་། རྔ་མོང་གི་ཁ་ལྟ་བུ་དང་། རླུང་མཁྲིས་བད་ཀན་གསུམ་གྱིས་བཀག་པ་སྟེ་མངལ་གྱི་ཉེས་པ་ཡིན། ཕ་མ་གཉིས་གང་རུང་ལས་ཁུ་ཁྲག་མ་བྱུང་བའམ་བྱུང་ཡང་སྔ་ཕྱིར་འབབ་པ་དང་། དུས་མཉམ་དུ་བབས་ཀྱང་གང་རུང་ཞིག་རུལ་བ་སྟེ་ས་བོན་གྱི་ཉེས་པ་ཡིན། དྲི་ཟ་དེ་ཕོ་མོ་གཉིས་ཀྱི་བུར་སྐྱེ་བའི་ལས་མ་བསགས་པའམ། ཕོ་མོ་གཉིས་ཀྱིས་དེའི་ཕ་མར་གྱུར་བའི་ལས་མ་བསགས་པ་ནི་ལས་ཀྱི་ཉེས་པ་ཡིན། ཉེས་པ་དེ་གསུམ་ནི་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས། སྔ་མ་གཉིས་ཚན་རིག་པས་བཤད་པ་དང་གཅིག་མཚུངས་ཡིན། ཕྱི་མ་ད་དུང་ཚན་རིག་གིས་བཤད་མེད། དེ་ལྟར་ན་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་འཁོར་བ་ཟེར་གི་ཡོད་པ་རེད། ལས་དགེ་སྡིག་ཟེར་བ་ཡང་ཀུན་སློང་གི་ཁྱད་པར་དང་འབྲེལ་ནས་ལུས་དང་གྲིབ་མ་བཞིན་འགྲོགས་ནས་བདེ་སྡུག་གི་ཚོར་བ་སྣ་ཚོགས་ཤིག་འབྱིན་པ་ཡིན་སྟབས། འཁོར་བར་འཁོར་བྱེད་ཀྱི་རྩ་བ་མ་རིག་པ་དང་དེའི་དབང་གིས་ལས་བསགས་ནས་འཁོར་བའི་སྐྱེ་བ་ལེན་པ་དང་། གང་ཟག་རེ་རེའི་འཁོར་བའི་ཐོག་མ་མེད་ཀྱང་མཐའ་མ་ཡོད་པའི་དཔེ་ས་བོན་རྡོག་གཅིག་མེར་ཚིག་པ་བཞིན་ནོ། །
ཨོ། གནམ་རྒན་མ་མཁྱེན། གནས་འདི་ན་བསམ་བློ་གུ་ཡངས་དང་མཐོང་རྒྱ་ཆེར་བསྐྱེད་ཀྱིས་དམ་པའི་གསུང་རབས་ནས་འབྱུང་བའི་གནད་དོན་གང་དག་ཡིན་ཤག་ཤག་དང་ཡིད་ཆེས་ཁོ་ནའི་རྡོར་ར་གུར་ལས་བརྒལ་ཏེ་གང་ཡང་ཡིན་ཆོག་པ་དང་ཡོང་ཆོག་པའི་འདུ་ཤེས་འཛིན་ཐུབ་མཁན་གྱི་དཔྱོད་ལྡན་པ་དུ་མ་ཡོད་ངའི་སྤུན་གྲོགས་ངོ་མ་དེ་ཡིན་ཞིག་བཤད་ཆོག སྔོན་བྱོན་བོད་ཀྱི་མཁས་པ་ཚང་མས་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སོགས་དམ་པའི་གསུང་རབས་མང་པོ་ལས་བཏུས་ཏེ་ཚེ་སྔ་ཕྱི་ཡོད་པར་སྒྲུབ་ཐབས་བྱས་ཡོད། རིགས་པ་དེ་དག་ནི་གནད་ལ་ཐད་པ་ཞིག་དང་དོན་དངོས་དང་མཐུན་པ་གཅིག་ཀྱང་མེད་དེ། རིགས་འདྲ་སྔོན་སོང་གིས་སྒྲུབ་མི་ཐུབ། ཉེར་ལེན་སྔོན་སོང་གིས་སྒྲུབ་མི་ཐུབ། གོམས་པ་སྔོན་སོང་གིས་སྒྲུབ་མི་ཐུབ ། མྱོང་བ་སྔོན་སོང་གིས་ཀྱང་སྒྲུབ་མི་མི་ཐུབ་སྟེ། སྤྱིར་རྒྱུན་བཅས་ཀྱི་དངོས་པོ་རྣམས་ལ་རིགས་འདྲ་སྔ་ཕྱི་ཡོད་པ་བདེན་ཡང་བྱིས་པ་སྐྱེས་མ་ཐག་པའི་རིག་པ་ལ་རིགས་འདྲ་བའི་ཡིད་བློ་སྔ་མ་ཅི་ཞིག་དགོས་ཏེ། སྲོག་ཆགས་གང་གི་བེམ་གཟུགས་ནང་ཡོད་པའི་དངོས་པོ་ཐམས་ཅད་རྫས་རྡུལ་དང་གློག་རྡུལ་ལས་བརྩམས་ཤིང་དེ་དག་གི་ནུས་པ་ལས་མ་འདས་པ་རྣམ་ཤེས་ཟེར་བ་ཟུར་པ་ཞིག་རྩ་ནས་མེད་པ་མངོན་སུམ་གྱིས་གྲུབ་ཟིན་པས་སོ། ཡང་རྡུལ་རིགས་ཐམས་ཅད་སྲོག་ཆགས་སུ་ཐལ་བའི་ཧ་ཅང་ཐལ་བ་བཏང་བ་ནི་དགོད་བྲོ་བའི་གཏམ་སྟེ། སྲོག་ཆགས་སུ་འགྱུར་བའི་རྫས་རྡུལ་ལ་ཁྱད་ཆོས་ལྔ་ལྡན་དགོས་པ་ཆེ་ཤེལ་ནས་མཐོང་ཟིན་པས་དེ་ལ་ཨུ་ཚུགས་བྱེད་ན་ཅི་ཕན།
གློག་རྡུལ་དང་རྫས་རྡུལ་གྱི་ནུས་པ་སྨིན་པ་ལས་ཪེག་ཚོར་བྱེད་པ་ནི་རྩི་ཤིང་དང་སྲོག་ཆགས་སོགས་དེ་བཞིན་གློག་ནུས་འཕྲུལ་ཆས་ཀུན་ལ་ཡོད་པའི་ཐུན་མོང་གི་ཆོས་ཤིག་ཡིན་པས་དེ་ལ་ཉེ་ལེན་དགོས་པ་ཡིན་ཡང་དེ་ནི་ཕུང་པོའི་གློག་རྡུལ་གྱི་ནུས་ཤུགས་སྔ་མ་རྣམས་ཡིན་པ་ལས་ཚེ་སྔ་མའི་རྣམ་ཤེས་དགོས་པ་ཇི་ལྟར་བསྒྲུབ། གོམ་པ་སྔོན་སོང་གིས་སྒྲུབ་ཁུལ་བྱས་པ་ནི་ཧ་ཅང་གིས་ཤ་ཚ་དགོས་པའི་གནས་ཤིག་ཡིན་ཏེ། བེའུ་སྐྱེས་མ་ཐག་པ་མིག་མ་འབྱེད་པ་ཞིག་མའི་ནུ་མའི་ཕྱོགས་སུ་ངང་གི་འགྲོ་ཤེས་པ་ནི་སྐྱེ་བ་སྔ་མའི་གོམ་པ་ག་ནས་ཡིན་ཏེ་མ་ཡིན་ཏེ་དེ་ནི་སྐྱེ་ལྡན་གྱི་དངོས་པོ་གང་ཡིན་ལ་རང་གི་རིགས་སྔ་མ་དེའི་གཟུགས་པོའི་རྫས་རིགས་ཀྱི་བཀོད་པ་ཇི་ཡོད་ཕྱི་མ་དེ་ལའང་འབྱུང་བས་ཨ་མའི་རིགས་དེ་འདྲ་ཡིན་པས་བེའུ་ཡང་དེ་བཞིན་འབྱུང་སྟེ། ཤིང་ཨ་ཤོག་ཀ་སྐྱེས་དུས་ནས་ཡལ་ག་དང་ལོ་མ་ཐུར་ལ་རྐྱོང་བ་བཞིན་ནོ། ཁྱེད་ལྟར་ན་ཤིང་དེ་ལ་སྐྱེ་བ་སྔ་མའི་གོམ་པའི་བག་ཆགས་ཡོད་པ་བཤད་ཀྱི་ཡིན་ནམ།
དེ་ནས་ཚང་མས་ཧང་བསམ་བསམ་གྱིས་ལོ་རྒྱུས་དང་མྱང་མྱོང་གིས་ཐོག་ནས་སྐྱེ་བ་སྔ་མ་ཡོད་པ་སྒྲུབ་ཐུབ་ཀྱི་ཡོད་མདོག་མདོག་དང་རིགས་པ་ཡག་ཤོས་ཡིན་ཚུལ་སྐད་གསང་མཐོན་པོས་སྒྲོག་བཞིན་ཡོད་ལ་རྨོངས་དད་པ་ཚོས་ཀྱང་ཡིན་ཤག་བྱེད་ཀྱི་ཡོད། དོན་དངོས་ནི་མི་འགའ་ཞིག་གིས་ད་ལྟའི་དུས་ཀྱི་རྡུལ་རིགས་ཀྱི་གློག་ནུས་འདི་ལ་རང་མ་སྐྱེས་སྔོན་གྱི་འདས་ཟིན་པའི་བྱ་བཞག་མང་པོ་མཐོང་རེག་ཡོང་བ་ལ་བརྟེན་ནས་ཚེ་སྔ་མ་དྲན་སོང་བསམ་ཡང་དེ་ནི་མཐོང་བ་ཡིན་གྱི་དྲན་པ་མིན་ལ། གནས་ཚུལ་འདི་གསལ་པོ་ཤེས་པར་དུས་གསུམ་གྱི་གནས་སྟངས་ར་འཕྲད་པ་ཞིག་དགོས་པས། དུས་ནི་ནམ་མཁའ་ལ་ལྟོས་ནས་འཇོག་དགོས་ཤིང་དེ་གཉིས་ཀྱང་དུས་གསུམ་གང་ལ་ལྟོས་ནས་འཇོག་སའི་དངོས་པོ་རང་གིས་འགུལ་བསྐྱོད་མྱུར་བུལ་ལ་རག་ལུས་ཤིང་འགུལ་བསྐྱོད་ཤིན་ཏུ་མྱུར་བའི་གློག་འོད་ཅིག་ལ་ཆ་མཚོན་ན་དུས་གཅིག་ལ་འདས་མ་འོངས་ད་ལྟ་གསུམ་གསལ་ཐུབ་ཀྱི་ཡོད་པ་གྲུབ་ཡོད་དུས་གློག་ནུས་ཀྱི་སེམས་དེའང་འདས་མ་འོངས་གཉིས་ཀ་འཆར་ཐུབ་ལ་འདས་པ་མཐོང་དུས་དེ་མྱོང་བ་སྔོན་སོང་ཡིན་ན་མ་འོངས་པ་ཡང་རྨི་ལམ་ནས་མཐོང་བས་དེས་མ་འོངས་པ་མྱངས་ནས་ཤེས་པ་དེ་མ་འོངས་པའི་དུས་ནས་ཡར་སླེབས་པ་འགྱུར་འགྲོ་བས་ཁྱེད་ཀྱིས་དེ་འགྲེལ་བཤད་ཇི་ལྟར་བྱེད་ཀྱི་ཡིན།།
གནད་ལ་ཕུག་པའི་དོན་ཞིག་རང་ངོས་ནས་བསྟན་རྒྱུ་མི་འདུག ང་ནི་ལུང་མང་པོ་ལ་མི་སྐྲག་ལ་གཏམ་རྫིག་པོ་ལ་མི་བརྩི་མཁན་ཞིག་ཡིན། དོན་དངོས་དང་མཐུན་པ་གང་ཡིན་དེའི་རྗེས་སུ་འཇུག་མཁན་ཞིག་དང་རང་སྟོབས་ཀྱིས་དངོས་པོའི་གནས་སྟངས་འཚོལ་ཞིབ་བྱེད་མཁན་ཞིག་ཡིན། ཁྱེད་ཚོས་ཡིད་ཆེས་དང་གསུང་རབས་མིའི་ཁ་ལ་ཀྱང་ཀྱང་བལྟས་པ་རེད། ང་ནི་གསུང་རབས་དང་མི་ཁ་ལ་མི་བལྟ་བ་སྐྱེ་ལྡན་གྱི་དངོས་པོ་རང་གི་གནས་སྟངས་ལ་བལྟས་ནས་ཞིབ་འཇུག་ལོ་ཉེར་དྲུག་ཙམ་བྱས་པ་ཡིན། ཆོས་ཀྱི་གྲགས་པའི་རྣམ་འགྲེལ་དང་འཕགས་བོད་པཎ་གྲུབ་ཚོས་གསུངས་པའི་རིགས་པ་རྣམས་ནི་ཚོད་དཔག་ཁོ་ན་ལས་དོན་དངོས་དང་མི་མཐུན་པ་མང་པོ་ཡོད་པ་གསལ་པོ་ཡིན། དཔེར་ན། མཛོད་གནས་གསུམ་པས་འཇིག་རྟེན་ཆགས་འཇིགས་དང་དབྱིབས་ཀྱི་བཀོད་པ་བཤད་པ་བཞིན་རེད། དཔལ་ལྡན་ཆོས་གྲགས་སླར་ཡང་ཕཻབས་ནས་བཟོ་བཅོས་རྒྱག་དགོས་པ་མང་པོ་འདུག ང་ཚོས་གསུང་རབས་འདི་དག་ལ་འཇུས་ནས་ཚད་ལྡན་ཡིན་ཟེར་ནས་སྣང་བ་དག་སྟེ་བསྡད་ན་ཁུངས་འཁྱོལ་ཐབས་མི་འདུག ངོ་མ་ཡིན། ང་ནི་འདིའི་སྐོར་སེམས་འཕྲལ་ཆེན་པོ་བྱེད་ཀྱི་ཡོད། དྲང་པོར་བཤད་ན་སྐྱེ་དངོས་རྩི་ཤིང་དང་སྲོག་ཆག་ཚང་མ་ལ་ཚེ་སྔ་ཕྱི་མེད་ཐག་ཆོད་རེད། རྒྱུ་ལས་འབྲས་བུ་དང་བྱ་བ་བྱས་པའི་འབྲས་བུ་ཙམ་ཡོད་ལ་བདག་འཛིན་གྱིས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐུལ། དེ་ལས་ཉན་རྨོངས། དེས་ཀུན་སློང་གིས་བྱ་བ་བཟང་ངན་བྱེད་པ་ནི་རང་གིས་མྱོང་ཐོག་ནས་ཤེས་ཐུབ་ཀྱང་བྱ་བ་བཟང་ངན་བྱས་པའི་འབྲས་བུ་ཚེ་ཕྱི་མར་སྨིན་པ་བཤད་པ་ནི་ཧ་ཅང་གི་ལོག་བཤད་ཅིག་ཡིན་ཏེ། རང་གི་ད་ལྟའི་ཚོར་བ་བདེ་སྡུག་དང་ཕུང་པོ་རྣམས་དང། ཚེ་སྔ་མའི་ལས་ངག་གི་བྱ་བ་བཟང་ངན་གྱི་དབར་འབྲེལ་བ་དམ་ཟབ་ཡོད་པར་སུས་ཀྱང་བསྒྲུབ་མི་ཐུབ་པས་དེ་འདྲའི་ལས་འབྲས་ཀྱང་མེད་པ་གཏན་ནས་ཐག་གཅོད་ཐུབ། དཔེར་ན། ཁོར་ཡུག་དང་ཆ་རྐྱེན་ཚང་མ་གཅིག་པ་ཡིན་པའི་མི་གཉིས་མཉམ་དུ་གནས་ཤིག་ན་བསྡད་སྐབས་རི་མགོ་ནས་རྡོ་ཞིག་མར་ཟག་ཡོང་ནས་གཅིག་གི་མགོ་ལ་ཕོག་ནས་ཤི་བ་དང་གཅིག་ལ་ཅི་ཡང་མ་གནོད་པ་ཞིག་བྱུང་ན་དེ་ལ་ནང་པ་ཚང་མས་ཚེ་སྔ་མའི་ལས་རེད་ཟེར་ཀྱང་ཡིན། གོང་གི་མི་དེ་གཉིས་མི་མིན་པ་ཤིང་སྡོང་གཉིས་ཡིན་ན་ཤིང་སྡོང་ལ་ཚེ་སྔ་མ་མེད་པས་གཅིག་གེགས་ཆག་དང་གཅིག་ལ་སྐྱོན་མེད་པ་ལྷག་ནས་ཡོད་པས་དེ་གཉིས་ལ་ལས་ཀྱི་རྣམ་སྨིན་བཤད་ས་མེད་པས་འགྲེལ་བཤད་ཅི་ཡོད། དེ་གཉིས་ལ་ལས་འབྲས་མིན་པ་དང་གང་ཟག་ཐོག་ལ་སླེབས་དུས་ཚེ་སྔ་མའི་ལས་ཡིན་པ་སུས་ཁྲེལ་བསྐོས་པ་རེད་དམ། མི་ལ་བྱུང་ན་འདྲ་ལྗོན་ཤིང་ལ་བྱུང་ན་འདྲ་དོན་དངོས་ནི་དེ་དག་ཚང་མ་གློ་བུར་ལྟོས་དབང་གིས་རྒྱུ་རྐྱེན་གཅིག་པུ་ལས་བྱུང་བ་ཡིན་གྱི་ཚེ་སྔ་མའི་ལས་དང་འབྲེལ་བ་གང་ཡང་མེད། ཁྱེད་ཚོས་ཨེ་ཤེས། སྐྱེ་ལྡན་གྱི་དངོས་པོ་ཐ་དག་སྐྱེས་པའི་དགོས་དམིགས་ངོ་མ་ནི་རང་རང་གི་རིགས་རྒྱུད་རྒྱུན་གནས་བྱེད་རྒྱུ་འདི་ཁོ་ན་ངེས་པ་ཡིན། རང་གི་རིགས་རྒྱུད་སྤེལ་བ་ལ་རང་ཉིད་འཚོ་གནས་དགོས་ཤིང་དེ་ལའང་མཐུན་རྐྱེན་ཟས་ལ་བསྟེན་དགོས་པ་དང་འགལ་རྐྱེན་དགྲ་ལ་འགོག་སྲུང་བཅས་བྱེད་དགོས་པ་ཡིན་དུས། སྲོག་ཆག་རྩི་ཤིང་ཚང་མར་རང་ཆོས་སུ་ཡོད་པ། རིགས་རྒྱུད་སྤེལ་རྒྱུ། འཚོ་གནས་ཀྱི་ཟས་ཚོལ་རྒྱུ། དགྲ་ཡིས་ཉཻན་ཁ་སྲུང་རྒྱུྲ་གསུམ་པོ་འདི་རང་རེད། གསུམ་པོ་འདི་ནས་གཅིག་མེད་ན་རྒྱུན་གནས་ཐུབ་ཐབས་མེད། དཔེར་ན། ཚེར་མ་ལྗོན་པ་གཅིག་ལ་ཆ་མཚོན་ན། འཚོ་གནས་ཀྱི་ཆེད་ཆུ་དང་ལུད་རླུང་སོགས་སྤྱོད་ཀྱི་ཡོད། རིགས་རྒྱུ་སྤེལ་ཆེད་མེ་ཏོག་དང་འབྲས་བུ་ས་བོན་སྐྲུན་བཞིན་ཡོད། དགྲ་ལ་འགོག་རྒོལ་དང་རང་ལ་ཉེན་སྲུང་གི་ཆེད་ཚེར་མ་རྣོན་པོ་ངོམས་ཀྱི་ཡོད། འགོག་སྲུང་ཆེད་རང་རང་གི་ལག་ཆ་སྲོག་ཆག་སོ་སོར་མི་འདྲ་བ་ཡོད་དེ། ལ་ལར་མཆེ་བ། ལ་ལར་སྡེར་མོ། ལ་ལར་རྭ་ཅོ། ལ་ལར་རྒྱུགས་རྩལ། ལ་ལར་དུག་ཀྱང་ཡོད། འོན་ཀྱང་དེ་དག་ཚང་མ་དཀོན་མཆོག་གིས་བཟོས་པ་མིན་ལ། ལས་འབྲས་ཀྱིས་བྱས་པ་ནི་དེ་བས་མིན། དེ་དག་ནི་སྐྱེ་ལྡན་གྱི་དངོས་པོ་ཡི་རང་གཤིས་འབའ་ཞིག་ཡིན། བྱས་ཙ་ན་ཚེ་སྔ་ཕྱི་དང་ལས་ཀྱི་རྣམ་སྨིན་ཟེར་བ་སོགས་ནི་མི་ལྡན་པའི་གཏམ་ཁོ་ན་རེད་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་ཐུབ་ན་གསལ་དུ་གསལ་དུ་འགྲོ་ཐུབ། གུས་པ་ནི་མཐའ་གཅིག་ཏུ་ཚན་རིག་པའི་རྗེས་སུ་མི་ཕྱོགས་ལ་མཐའ་གཅིག་ཏུ་བོད་ཀྱི་ལྟ་གྲུབ་སྨྲ་བ་ཚོའི་རྗེས་སུའང་མི་ཕྱོགས། དེ་བརྟེན་དོན་དངོས་གང་ཡིན་དེ་དང་མཐུན་པ་ཞིག་བྱུང་ན་དེའི་རྗེས་སུ་ཕྱོགས་མཁན་ཞིག་ཡིན་པས་སྐྱེ་བ་ལ་ཐོག་མཐའ་གཉིས་ཀ་ཡོད་པར་ཁས་ལེན་བྱེད་ཀྱི་ཡོད། རིམ་བཞིན་བཤད་ཆོག
སྐྱེས་དངོས་ལ་སྲོག་ལྡན་གྱིས་ཁྱབ་པ་ཚན་རིག་པས་ཁས་ལེན་ཅིང་ནང་པས་ཁས་མི་ལེན་པ་ཡིན། རྒྱུ་མཚན་ནི། རྩི་ཤིང་སོགས་སེམས་མེད་དངོས་པོ་ལ་སྐྱེ་འཕེལ་གྱི་གོ་རིམ་ཡོད་ཀྱང་བདེ་སྡུག་མེད། སེམས་ཅན་གྱི་མ་འོངས་པའི་བདེ་སྡུག་ལ་གོ་རིམ་མེད་ཀྱང་རྒྱུ་རྐྱེན་གྱི་གོ་རིམ་སྒྲིག་སྟངས་ལ་ལྟ་དགོས་པ་ཡིན་ནོ།
སྤྱང་ཀི་ཤ་ཟན་རི་བོང་རྩྭ་ཟན་གཉིས། །
ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས། །
་་་་་་་
་་་་་
ལེགས་བཤད་ལགས།སྲོག་ལྡན་ཡིན་མིན་ཚད་གཞི་གང་ལ་ངོས་འཛིན་དགོས། ཚོར་བ་ཡོད་མེད་ལ་བྱེད་དགོས་བ་མ་ཡིན་ནམ།ཚན་རིག་པ་ཚོས་རྩི་ཤིང་སོགས་སྐྱེ་ལྡན་རིགས་ལ་སྲོག་ཡོད་མེད་དང་གནད་དོན་གཙོ་བོ་ཕྲ་ཕུང་གི་ངོས་ནས་འཇོག་གི་འདུག་པས་དེ་ཙམ་གྱིས་སྒྲུབ་ཐུབ་བམ།ད་ཐེངས་ཚིག་གཅིག་པོ་འདི་མ་གཏོགས་ཞུ་རྒྱུ་ཁོམ་པ་བྱུང་མ་སོང་བས་དགོངས་འགལ་མེད་པར་རྗེས་ནས་མཇལ་ཆོག གང་ལྟར་ད་ཐེངས་འདིར་བསྐྱར་དུ་ཕེབས་པ་དགའ་སོང་དྲ་གྲོགས་ལོག་སྨྲ་ཚར་གཅོད་དང་ཀརྡོ་ཕྱག་གཉེར་ལེགས་བཤད་གསུམ་ཕྱི་དྲོ་མཇལ་ཆོག
ཧཧཧ
སྐྱེ་བ་ལ་ཐོག་མ་ལོས་ཡོད། ཨ་མའི་ཁོག་པ་ནས་ཐོན་པའི་ཉིན་མོ་དེ་ནི་སྐྱེ་བའི་ཐོག་མ་དང་། དབུགས་རྟ་རྔ་ཙམ་པོ་ཆད་པའི་ཉིན་མོ་དེ་ནི་སྐྱེ་བའི་མཐའ་མ་ཡིན། ཧཧཧ དེ་ལས་གཞན་པའི་སྐྱེ་བ་དག་ནི་ཚོད་དཔག་ཙམ་ཡིན།
སྲོག་ཅེས་པ་ནི་འགྲོ་བའི་དབུགས་འབྱིན་རླུབ་ལ་བརྟེན་པའི་རླུང་ཕྲ་མོ་དེ་ལ་ཟེར་ཞིང་། ཚེ་ཞེས་པ་ནི་རླུང་དེ་ལ་བརྟེན་པའི་གཟུགས་མེད་ཀྱི་དངོས་པོའི་བྱེད་རྩོལ་ཙམ་ཞིག་ལ་བཤད་ཆོག ད་དུང་སྲོག་དང་ཚེ་བཤད་སྐབས་བླ་ཞེས་པ་ཞིག་རང་བཞིན་གྱིས་སླེབས་ཡོང་། བླ་ནི་སྲོག་གམ་དབུགས་འབྱིན་རྔུབ་ཀྱི་བྱེད་རྩོལ་སྐབས་སུ་འཇིགས་སྐྲག་གི་སྣང་ཆེན་པོ་རེས་ལུས་དང་བྲལ་བའི་སྐབས་ཀྱང་ཡོད། དེ་ལ་བོད་མིའི་ངག་རྒྱུན་དུ་བླ་འཁྱམས་ཞེས་པས་ཤེས་ཐུབ། ཡིན་ན་ཡང། བླ་ནི་སྲོག་གི་མ་ལ་བྱེད་ཅེས་རང་རེའི་རྩིས་གཞུང་ལས་གསལ་བས་བླ་ནི་སྲོག་བརྟེན་སའི་གཞི་ཨ་མ་ལྟ་བུར་འདོད། དེ་ནི་སྲོག་དང་ཚེ། བླ་ཞེས་པའི་གོ་དོན་ཙམ། གོང་དུ་ནམ་མཁས་ཚན་རིག་དང་ནང་ཆོས་ཀྱི་འདོད་གཞུང་ལ་དག་ཐེར་ཞིབ་མོ་ཞིག་བྱས་ཡོད་པ་འདྲ། དུས་ཚོད་ཡོད་སྐབས་རིམ་གྱིས་ཀློག་གི་ཡིན། གལ་སྲིད་བློར་འཆར་བ་འདྲ་ཡོད་ན་ཐད་ཀར་མཆན་དུ་འགོད་ཆོག
ནམ་མཁའ་ལགས། སྲོག་ལྡན་དང་སྲོག་མེད་ཀྱི་ཚད་གཞི་ནི་བདག་གིས་མཐོང་བ་ལྟར་ན། ཚན་རིག་པས། སྲོག་ཡོད་པའི་དངོས་པོ་ཞིག་ཡིན་ན་དང་པོ་སྐྱེ་ཐུབ་པ། གཉིས་པ་འཕེལ་རྒྱས་འགྲོ་ཐུབ་པ། གསུམ་པ་སྐྱེ་འཕེལ་གྱི་ནུས་པ་ཉམས་པའམ་མེད་པར་ཆགས་རྒྱུ་ཡོད་པ་ཞིག་ལ་འདོད་དོ། །ནང་པས། སྲོག་ལྡན་ལ་སེམས་ལྡན་དུ་འདོད་དེ། སྲོག་ནི་ཚེ་ཡིན་དྲོད་དང་ནི།།རྣམ་ཤེས་རྟེན་གང་ཡིན་པའོ།།ཞེས་པ་ལྟར་གང་ཟག་དེའི་ཚེ་ནི་སྲོག་ཡིན་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་དང་ལྡན་པས་སྲོག་ལྡན་ཞེས་བརྗོད་དོ། །ཚོར་ཤེས་དབང་པོ་ཡོད་མེད་དང་བདེ་སྡུག་གི་ཚོར་བ་ཡོད་མེད་ཀྱི་ཆ་ནས་བཤད་ན་ཡང་མི་འགྲིག་པ་མེད། བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་ཚེ། སྡུག་བསྔལ་ཤེས་བར་བྱ། ཀུན་འབྱུང་སྤང་བར་བྱ། གསུངས་པའི་དོན། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ།།ཞེས་དཔེ་དང་སྦྱར་ནས་བཤད་པ་དེ་གཙོ་བོ་འགྲོ་བ་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཚོར་ཤུགས་ཆེ་ཞིང་རང་དབང་མེད་པར་འོངས་པ་འདི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མ་ཡིན་པར་རང་རྒྱུ་ལས་ཉོན་གྱི་ཀུན་འབྱུང་ལས་བྱུང་བ་ངོས་འཛིན་པའི་ཆེད་དུ་རེད། དཔེར་ན་ནད་ཀྱི་ངོ་བོ་ངོས་ཟིན་དགོས་ལ་ནད་དེ་མེད་པར་བཟོ་བ་ལ་དེའི་རྩ་བ་མེད་པར་བཟོ་དགོས་པ་རེད།
སེམས་མེད་བེམ་པོ་ལ་ཚོར་བ་བདེ་སྡུག་མེད་བཤད་དུ་མེད་ཀྱང་མི་ལ་སྐྱེ་གནས་བཞི་ག་ཡོད་པར་བཤད་པ་ལྟར་ཀེ་ལའི་སྡོང་པོ་ལས་སྐྱེས་པའི་ཨ་མྲ་སྐྱོང་མ་དང་བུ་རམ་སྡོང་བུ་ལས་སྐྱེས་པའི་བུ་རམ་ཤིང་པ་སོགས་ཡོད་པས་རྩི་ཤིང་སྲོག་ལྡན་ཡིན་པར་མི་འགྲུབ་ལ། དེ་ལྟར་མ་ཡིན་ན་ཕ་མའི་ཁུ་ཁྲག་ཡང་སྲོག་ལྡན་ཡིན་ཟེར་དགོས་བར་འགྱུར།
ལེགས་བཤད་ལགས།སྐུ་ཉིད་ཀྱིས་མཐོང་སྟེ་ཚན་རིག་པས་ཚེ་སྲོག་འཇོག་སྟངས་ལྟར་བྱས་ན།
ཆུ་ལ་ཡང་ཚེ་སྲོག་འཇོག་དགོས།རྒྱུ་མཚན་དང་པོ་སྐྱེ་ཐུབ་ལ།བར་དུ་གོང་དུ་འཕེལ་ནུས་ཡོད་པ།ཐ་མ་ཉམས་མས་སུ་འགྲོ་ཐུབ་པ་ཞིག་ཡིན། ངས་བརྗོད་བྱ་གཙོ་བོ་དེ་སྐྱེ་བ་ལ་ཐོག་མ་ཞིག་འཇོག་དགོས་ཚེ་།ཤེས་པ་ཐོག་མ་ཞིག་དགོས།ཤེས་པ་ལ་ཐོག་ཡོད་ཚེ་།ཤེས་པ་དེ་ཤེས་བའི་རྫས་རྒྱུན་ཞིག་ལས་བྱུང་བ་མ་ཡིན་པར་དངོས་གཟུགས་ཞིག་ལས་བྱུང་བར་འཇོག་དགོས་བས་ནང་པའི་སྐྱེ་བ་ལ་ཐོག་མ་མེད་པ་དང་།འཇིག་རྟེན་ལ་ཐོག་མ་མེད་པ།སྲོག་ལྡན་ཡིན་ན་ཚོར་ཤེས་ཞིག་ལྡན་དགོས་བཤད་ཡོད།
གཉིས་པ། གྲོ་བཏབ་པའི་འབྲས་བུ་གྲོ་མ་གཏོགས་ནས་མི་སྐྱེ་བའི་རྒྱུ་ཡིན་ནམ།སྔོན་འཛིན་མིག་ཤེས་ཀྱི་བདག་རྐྱེན་དབང་རྩ་འཕྲུལ་ཆས་ནང་བཞག་སྟེ་ལྟས་ཚེ་སྔོན་མ་རྙེད་པའི་རྒྱུ་མཚན་ཅི་ཡིན་ནམ་དྲི་བ་འདི་གཉིས་ལོག་སྨྲ་ལ་དྲིས་པ་ཡིན།
ནང་ཆོས་ནང་གི་སྲོག་ལྡན་སྲོག་མེད་དང་། ཚན་རིག་པའི་སྲོག་ལྡན་སྲོག་མེད་ཁྱབ་ཆེ་ཆུང་ཡོད་པ་ཀུན་གྱིས་ཤེས་པ་ལྟར་རེད། འོནད་ཀྱང་། ཚན་རིག་པའི་སྲོག་ལྡན་སྲོག་མེད་ཁུངས་གཏུགས་ས་ཨིན་སྐད་དུ་ལི་ཝིང་ཐིང་དང་། ནོན་ལི་ཝིང་ལ་གཞི་བཅོལ་དགོས་པས། རག་བཤད་ཙམ་བྱས་ན། དངོས་པོ་གང་ཞིག་ལ། གསོན་ཤུགས་ཡོད་མེད་ཚམ་ཐུག་དགོས་པ་མི་འདུག་གམ། ལགས།
ས་ཆུ་མེ་རླུང་ནི་ས་བོན་ལས་སྐྱེ་བ་མིན་པས་སྐྱེ་ལྡན་ཞེས་པའི་ཐ་སྙད་ཐོབ་འོས་པ་མིན། ཟས་བཅུད་ལེན་པ། དབུགས་གཏོང་ལེན་བྱེད་པ། འཚར་ལོངས་འབྱུང་བ་སོགས་སྲོག་ལྡན་ཀུན་ལ་ཐུན་མོང་གི་ཁྱད་ཆོས་བདུན་བཞག་ཡོད་པ་རེད། ཡིན་ཡང་ནང་པས་རྩི་ཤིང་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་དབང་མེད་པས་སྲིད་པ་དང་འཁོར་བ། ཚོར་བ་བདེ་སྡུག་མེད་པར་བཤད།
ཚན་རིག་ནང་བཤད་པའི་སྲོག་ལྡན་ཀུན་ལ་ཐུན་མོང་གི་ཁྱད་ཆོས་བདུན་དེ་ཚོ་གང་དང་གམ་ཡིན་ནམ། ལེགས་བཤད་ལགས།
ཀརྡོ་གཉེར་ཕྱག་པ་ལགས། ཚན་རིག་པ་སྤྱི་ཡོངས་ཀྱིས་ཁས་ལེན་པའི་ཚེ་སྲོག་གི་ཁྱད་ཆོས་བདུན་ནི། ༡ ཟས་བཅུད་ལེན་པ། ༢ དབུགས་གཏོང་ལེན། ༣ མི་གཙང་བ་ཕྱིར་འདོར་བ། ༤ འཚོར་བ་སྐྱེན་པོ། ༥ འགུལ་སྐྱོད། ༦ སྐྱེ་འཕེལ། ༧ འཚར་ལོངས། བཅས་བདུན་པོ་དེ་དག་ནི་གནད་འགག་ཆེ་བའི་ཚེ་སྲོག་གི་བྱ་བའི་བརྒྱུད་རིམ་བདུན་ཟེར།
ལེགས་བཤད་ལགས་ཀྱིས་བློ་སྐྱེད་བདུན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུའོ། །
ནམ་མཁའ་ལགས། གྲོ་བཏབ་ན་གྲོ་མ་གཏོགས་ནས་མི་སྐྱེ་བ་ནི་གྲོ་ནས་གཉིས་ཀྱི་ས་བོན་ནང་དུ་རྫས་རིགས་དང་རྡུལ་ནུས་མི་འདྲ་བའི་རྐྱེན་གྱིས་རེད། སྐྱེ་ལྡན་གྱི་དངོས་པོ་རྣམས་ཀྱི་རྩ་རྫས་ཕྲ་ཕུང་ནང་དུ་རིགས་རྫས་ཤིག་ཡོད་པས་དེའི་ནང་དེར་གསང་ཡིག་ཐག་འཁྲིད་མ་ཟེར་བ་དེ་ཡི་རང་བྱུང་གི་བཀོད་ཁྱབ་ལས་བྱུང་བའི་བརྡ་འཕྲིན་གྱི་རྒྱུ་ལམ་རིགས་རྫས་ཀྱི་ཆ་ཤས་འགའ་རེ་ཕན་ཚུན་རྗེ་རེས་བྱས་རྗེས་གྲོ་ནས་སོགས་ཕྱྱི་ཡི་སྐྱེ་དངོས་རྣམས་ལ་རིགས་འདྲ་མིན་འགྱུར་བ་གཏོང་ཐུབ་ལ་ནང་གི་གང་ཟག་གམ་སེམས་ཅན་གྱི་རིགས་ལའང་འགྱུར་བ་བཏང་མྱོང་ཡོད་ལ་གཏོང་ཡང་ཐུབ་པ་ཞིག་ཡིན་པས་ལས་དབང་དང་རྣམ་སྨིན་རེད་ཅེས་བཤད་ནས་རྣམ་སྨིན་ནི་མདའ་འཕེན་པ་བཞིན་ཡིན་པས་འགྱུར་པ་གཏོང་ཡ་མེད་ཅེས་བཤད་པ་རྣམས་ནི་ལོག་པར་སྨྱས་པ་ཁོ་ན་ཡིན་པས་ཚར་དུ་གཅོད་དགོས་ངེས་རེད། སྐྱེས་བུའི་དབང་རྩའི་མ་ལག་རྣམས་གློག་ཀླད་དང་མཐུད་ནས་ཀླད་པས་གློག་ཀླད་ལ་བཀས་བཀོད་བཏང་ནས་གློག་ཀླད་ནས་འཕྲུལ་འཁོར་གྱི་རྐང་ལག་གིས་མི་ཞ་བོ་དང་ལག་སྡུམ་ཞིག་ལ་རྐང་ལག་གི་དོན་བྱེད་ཀྱིན་པ་ཞིག་ཉི་ཧོང་དུ་བཟོས་ནས་ལོ་གསུམ་ཕྱིན་ཟིན་པ་ཡིན།
གསང་ཡིག་ཐག་འཁྲིད་མ་ཞེས་པའི་ཚན་པའི་ཆོས་སྐོད་འདི་ངས་མི་ཤེས་ཀྱང་། ནང་ཆོས་ནང་གི་རྣམ་སྨིན་གྱི་འབྲས་བུ་དཔེར་ན་མིའི་ལུས་པོ་ལྟ་བུ་ལ་ཡང་། ལུས་སྒྲུབ་བྱེད་ཀྱི་རྒྱུ་ལ། འཕེན་བྱེད་ལས་དང་། སྒྲུབ་བྱེད་ཀྱི་ལས་སོ་སོར་ཡོད་པ་ཡང་ཤེས་དགོས་སོ། །དེའི་སྟེང་དུ་ཕྱི་ནང་རྐྱེན་མང་ཡོད་ཡང་ཤེས་དགོས་པས། ཚན་རིག་པས་རྐྱེན་ཙམ་གྱིས་བྱེད་ལས་མ་གཏོགས་མི་ཤེས་སྙམ་ལགས།
DNA ལ་གསང་ཡིག་ཐག་འཁྲིད་མ་དང་། Gene ལ་རིགས་རྫས། Cell སྐྱེ་རྡུལ་ཕྲ་ཕུང་ཞེས་བོད་ཕྱི་ནང་གཉིས་ཀས་འབོད་པའི་ཐ་སྙེད་གསར་སྒྱུར་རེད། འོན་ཀྱང་RND དང་chromosome དང་Roberson སོགས་ལ་ད་དུང་མིང་ཚིག་བདེ་པོ་ཞིག་ཞིབ་ཕྲ་བསྒྱུར་ཐུབ་མེད། དེ་དག་གི་ངོ་བོ་དང་བྱེད་ལས་འབྱུང་ཚུལ་བཅས་ཞིབ་ཕྲ་ཁོང་དུ་ཆུད་ན་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཟེར་བ་སོགས་ནི་རྒྱང་རིང་སར་ལོག་འགྲོ།
ལོག་སྨྲ་ཚར་གཅོད་ཟེར་བ་ལོག་པ་སྨྲ་བ་འདིས་ཚན་རག་ཤེས་མདོག་གིས་རྫས་ལས་ལོགས་སུ་ཤེས་པ་ཞེས་པ་མེད་པར་ཐག་ཆོད་ཡོད་ཟེར་བ་དེ་གས་ཁོ་པ་རྫུན་གྱི་གོང་བུར་གྲུབ་ཏེ། དེ་ལྟར་ཚན་རིག་མཁས་དབང་སུས་ཀྱང་ཐག་བཅད་མེད་པའི་ཕྱིར་ཏེ། ཚན་རིག་པས་ལུས་ཀྱི་གྲུབ་ཆ་ལས་སེམས་ཀྱི་གྲུབ་ཆ་ལ་ནི་བློ་ཁ་ཙམ་ཡང་མ་ཕྱོགས། ལུས་ཀྱི་གྲུབ་ཆ་ཡང་ཐག་ཆོད་པ་བཤད་དུ་མེད་པ་རྡར་ཝོན་ཚན་རིག་དེབ་དེ་ལས་གསལ་ལོ། །སེམས་ལྡན་རྣམས་སྐྱེ་ལྡན་ཕྲ་ཕུང་ལས་ཆགས་ཤས་ཆེ་ཞིང་ཚོད་དཔག་ཙམ་བྱས་ཀྱང་སྐྱེ་ལྡན་ཕྲ་ཕུང་ལ་འགྲེལ་བཤད་མཐའ་ཆོད་པ་མེད་པས་སྟོང་སྐད་ཙམ་མོ། །དགེ་བའི་བཤེས་གཉེན་རྒན་དབང་ཆེན་གྱི་ཚན་རིག་སྐོར་གྱི་དེབ་ལ་གཟིགས་ཤིག ༸གོང་ས་མཆོག་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པར་གཟིགས་དང་ཚན་རིག་པ་སྙན་གྲགས་ནམ་མཁར་མི་ཤོང་ཚོས་ག་རེ་གསུངས་འདུག ལྟོས་ཤིག
ངས་ཚན་རིག་དང་ཆོས་རིག་གི་སྐོར་གང་ཡང་མི་ཤེས་ལ་ཤེས་མདོག་ཀྱང་དེ་བས་བྱེད་ཀྱི་མེད། གོང་དུ་བཤད་པ་རྣམས་ཆོས་རིག་དང་ཚན་རིག་གང་གི་ཕྱོགས་སུ་བཟུང་ནས་བཤད་པ་མིན་པ་ང་རང་གིས་ཞིབ་འཇུག་བྱས་ནས་བཤད་པ་ཡིན། རྒན་དབང་ཆེན་ཟེར་བ་དང་ཕར་ཙམ་ཞོགས། གནའ་དེང་གི་གྲུབ་དོན་བསྟན་པའི་དཔེ་དེབ་མང་པོར་ཞིབ་འཇུག་བྱས་ནས་བཤད་པ་ཡིན་ལ་མི་ཁ་ལ་མ་བལྟས་པ་གཙོ་བོ་དངོས་པོ་རང་གི་ངོ་གདོང་ལ་བལྟས་ནས་བཤད་པ་ཡིན། ཁྱེད་རང་ནི་དད་ཞེན་གྱིས་སྒྲིབ་ནས་རྒན་དབང་ཆེན་ཟེར་བ་དེ་ལས་མ་མཐོང་བས་འབྲེ་ཤིག་གི་མདུན་དུ་ཡོས་འབྲུ་སྟར་ཀ་ཙམ་ཟེར་བའི་དཔེ་ལས་མ་འདས།
ལེགས་བཤད་ལ། སྲོག་ལྡན་ཡིན་ན་ཁྱད་ཆོས་བདུན་པོ་དེ་ཚང་གི་རེད་པས།
གཙོང་པོ་ལགས། སྲོག་ལྡན་ཡིན་ན་འཚོར་བ་སྐྱེན་པོ་ཡོད་མེད་ལ་དོགས་པ་ཡོད།
ལོག་སྨྲ་ཚར་གཅོད་ལགས་ཀྱིས་མི་ཁ་ལ་མ་བལྟས་པར་གཙོ་བོ་དངོས་པོ་རང་གི་ངོ་གདོང་ལ་བལྟས་ནས་བཤད་པ་ཡིན་ན་འདས་པ་དང་མ་འོངས་པའི་དོན་དག་ཇི་ལྟར་ཐག་ཆོད་བྱེད་ཐུབ། རྒྱུ་ལ་བལྟས་ནས་འབྲས་བུ་ཇི་ལྟར་འབྱུང་བ་དང་ལུས་ངག་གི་རྣམ་འགྱུར་ལས་ནང་གི་ཀུན་སློང་དཔོག་པ་ཡོད་དམ་མེད། ཀུ་ཤུའི་ངོ་གདོང་ལ་བལྟས་ནས་ཀུ་ཤུའི་སྟེང་སྨིག་ཐིག་ཡོད་པ་མངོན་སུམ་གྱིས་རྟོགས་ཐུབ་ཀྱང་དེའི་ནང་གི་འབུ་ཕྲ་ཡོད་པ་ནི་སྤྱིར་བཏང་གི་ཤེས་ཡོན་གྱི་རྗེས་དཔག་ལས་རྟོགས་དགོས་པ་མ་ཡིན་ནམ།
ལེགས་བཤད་ལགས།ངས་ཆོས་ཚན་སྐོར་ཡག་པོ་ཞིག་རྩ་བ་ནས་ཤེས་ཀྱི་མེད།ཡིན་ཡང་སྐུ་ཉིད་ཀྱི་མཉམ་དུ་བགྲོ་གླེང་བྱས་ན་འདོད་སོང་།རྒྱུ་མཚན་ནི།གཞུང་ལུགས་ལ་འབྲེལ་འདྲིས་ཅུང་ཡོད་པར་མཐོང་སོང་།
ཡིན་ཡང་སྐུ་ཉིད་ཀྱིས་གསུངས་པ་ལ།ས་ཆུ་མེ་རླུང་ས་བོན་ལས་སྐྱེས་བ་མིན་པས་སྐྱེ་ལྡན་མི་ཟེར་གསུངས་འདུག་པས་དོགས་འདྲི་ཞིག་ཞུ་རྒྱུ་ཡིན། འབྱུང་བ་བཞི་བོ་དངོས་བོ་ཞིག་ཡིན་པ་ཁྱེད་རང་ལ་བཀའ་དྲི་ཞུ་མི་དགོས་བ་ཞིག་རེད།འོན་ཀྱང་དེ་བཞི་བོ་ཡང་རྒྱུ་ཞིག་ལས་འབྱུང་བ་ཡིན་པ་རང་བཞིན་གྱིས་གྲུབ་ཡོད།
རྒྱུ་དང་ས་བོན་ལ་ཁྱད་པར་ག་འདྲ་བྱས་ཏེ་འཇོག་དགོས་མིན་ནང་ཆོས་ལ་ཁྱད་པར་ཞིག་མི་འདུག་སྙམ།ཚན་རིག་གིས་གཅིག་བྱས་ན་འཇོག་གི་ཡོད་ཀྱི་རེད། གང་ལྟར་ནང་གི་ཤེས་བའི་རིགས་འདི་དག་ལྐོག་གྱུར་ཞིག་ཡིན་པས་ཕྲན་ལྟ་བུས་འགྲེལ་བརྗོད་ཁེགས་པོ་འདུག ནང་ཚན་གཉིས་ཀ་ལ་གཟིགས་མཁན་ཚོས་འདིའི་རིགས་མང་ཙམ་དང་གསལ་ཙམ་གསུངས་ཚེ།མི་མང་པོ་ཕན་ཐོག་ཆེ་བར་སྙམ་པས་ཕྲན་གྱིས་འབོད་སྐུལ་ཞུ་བཞིན་ཡོད།ལས་བྲེལ་གྱིས་བགྲོ་གླེང་ལྷུག་པོར་ཞིག་བྱེད་ཐུབ་ཀྱི་མི་འདུག་པས་བློ་ཕམ་ཧ་ཅང་ཆེ།གང་ལྟར་ངའི་དྲ་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲ་གྲོགས་ཚོ།ངས་ནང་ཆོས་ཤེས་ཀྱི་མེད།ཡིན་ཡང་ནང་ཆོས་སུ་ཤེས་པ་གསལ་ཞིང་རིག་པ་ཡིན་ཚུལ་གསུངས་འདུག དེ་ཡིན་ན་མ་རིག་པ་ཟེར་བ་དེ་གསལ་ཞིང་རིག་པའི་ཁོངས་སུ་གཏོག་གམ།དྲ་གྲོགས་ཚོས་གསལ་བྱེད་ཞིག་གནང་རོགས།
ནམ་མཁའ་ལགས་ཁྱོད་ཀྱིས་རྒྱུ་ཡིན་ན་ས་བོན་ཡིན་པའི་ཁྱབ་བར་ཁས་བླངས་འདུག་པས། རྒྱུ་དང་ས་བོན་ལ་ཁྱད་པར་ག་འདྲ་བྱས་ཏེ་འཇོག་དགོས་མིན་ནང་ཆོས་ལས་རྒྱུ་དྲུག་ལ་སོགས་པའི་་ཁྱད་པར་ཞིག་མི་འདུག་གམ། མྱུ་གུའི་རྒྱུར་གྱུར་པའི་གང་ཟག་དེའང་མྱུ་གུའི་ས་བོན་ཡིན་ནམ།
ཨ་ཅེ་ཁ་བ་འཚོ། མ་རིག་པ་ཟེར་བ་དེ་གསལ་ཞིང་རིག་པའི་ཁོངས་སུ་གཏོགས་དང་མ་གཏོགས་གང་ཤེས་ཏེ། མ་རིག་པ་ཁོ་རང་གསལ་ཞིང་རིག་པ་རེད།
ནམ་མཁའ་ལགས། ནང་པའི་ཚད་མའི་གཞུང་ལུགས་རྣམས་སུ། གནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པའི་ཞིང་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་ཏེ། ཞེས་པའི་གཏན་ཚིགས་ཀྱིས་ལྷན་ཅིག་བྱེད་རྐྱེན་དང་ཉེར་ལེན་གཉིས་ཚོགས་ཀྱིས་རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པར་སྒྲུབ་པའི་སྐབས་སུ་ནས་ཀྱི་ས་བོན་ནི་ཉེར་ལེན་དང་གཞན་རྣམས་ལྷན་ཅིག་བྱེད་རྐྱེན་དུ་འཇོག་དགོས་པ་ཡིན། ངས་བསམ་ན་ནང་པས་ཀྱང་སྤྱིར་བེམ་པོ་ཞིག་ཡིན་ན་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པས་ཁྱབ་ཀྱང་ས་བོན་ལ་སྐབས་ཐོབ་ཀྱིས་གོ་རྒྱུ་དུ་མ་ཞིག་ཡོད་ཆོག་ཀྱང་རྒྱུ་འབྲས་ཀྱི་ས་བོན་ནི་རྩི་ཤིང་དང་མི་སོགས་སེམས་ཅན་འཚར་ལོངས་རང་བཞིན་གྱི་སྐྱེ་དངོས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་སྟེ་དཔེར་ན། གྲོའི་ས་བོན། རྩི་ཤིང་གི་ས་བོན། ཁུ་བའམ་ཐིག་ལེ་ལ་ས་བོན་དུ་འཇོག་པ་བཞིན་ནོ། །
ལེགས་བཤད་ལགས་ཞིབ་ཚགས་མོ་བྱེད་རོགས།
ལེགས་བཤད་ལགས། ནས་ཀྱི་ས་བོན་ནི་ཉེར་ལེན་དང་གཞན་རྣམས་ལྷན་ཅིག་བྱེད། ཅེ་ན་ས་བོན་ལ་ཉེར་ལེན་དགོས་མིན་ཙམ་ཡང་མ་དཔྱད་པ་ཅི་ཡིན།
ལེགས་བཤད་ལགས། ནས་ཀྱི་ས་བོན་ནི་ཉེར་ལེན་དང་གཞན་རྣམས་ལྷན་ཅིག་བྱེད། ཅེ་ན་ས་བོན་ལ་ཉེར་ལེན་དགོས་མིན་ཙམ་ཡང་མ་དཔྱད་པ་ཅི་ཡིན།
ནམ་མཁའིས་ཞིང་པ་རྒན་པོ་དེ་ནས་ཀྱི་ས་བོན་དུ་ཁས་བླངས་འདུག
མེ་ཏོག་དཀར་པོ་ལགས་མ་རིག་པ་ཟེར་བ་དེ་གསལ་ཞིང་རིག་པའི་ཁོངས་སུ་གཏོགས་དང་མ་གཏོགས་གང་ཤེས་ཏེ། མ་རིག་པ་ཁོ་རང་གསལ་ཞིང་རིག་པ་འེ་ཡིན་ན། གསལ་ཞིང་མ་རིག་པ་མིན་འགྲོ།
སྲོག་ལྡན་རྣམས་ནི་འབྱུང་བ་ལས་བྱུང་ཞིང་འབྱུང་བ་ལ་ཐིམ་པར་འགྱུར། དེ་ལས་ལྷག་པའི་ཐོག་མ་དང་ཐ་མ་ཟེར་བ་ཞིག་མེད། དེ་ངའི་འདོད་ཚུལ་ཡིན། སངས་རྒྱས་པའི་ཐེག་པ་ཆེན་པོ་དབུ་མའི་ལུགས་ལྟར་ན་ནི་ན་གརྫུ་ནས། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དང་གང་ལ་ཡང་།། སྐྱེ་བ་ནམ་ཡང་ཡོད་མ་ཡིན།། ཞེས་སྐྱེ་བ་ཞེས་པ་ཞིག་མ་གྲུབ་པར་འདོད།དེ་ནི་ངས་ཁྱེད་ཀྱི་དྲི་བ་ལ་གོ་བ་ལོན་ཚོད་ཙམ་གྱི་ལན་ཞིག་བཏབ་པ་ཡིིན།
ལེགས་བཤད་ལ། ཁྱོད་ཀྱིས་འོན་ཀྱང་སྲོག་མེད་ལས་སྲོག་ལྡན་སྐྱེས་པ་ང་ཚོའི་གཞུང་དུའང་བཞག་གི་ཡོད་ལ་ཚན་རིག་པས་ཀྱང་འཇོག །ཅེས་པ་ནང་པའི་གཞུང་གང་དུ་ཡོད་དམ། སྲོག་ལྡན་སྐྱེད་བྱེད་དེ་སྲོག་གི་རྫས་རྒྱུན་ཡིན་ནམ་མིན་ལན་གསལ་པོ་ཞིག་གསུངས་རོགས།
སྤོབས་པ་ལགས།
སྲོག་ལྡན་རྣམས་ནི་འབྱུང་བ་ལས་བྱུང་ཞིང་འབྱུང་བ་ལ་ཐིམ་པར་འགྱུར། དེ་ལས་ལྷག་པའི་ཐོག་མ་དང་ཐ་མ་ཟེར་བ་ཞིག་མེད། དེ་ངའི་འདོད་ཚུལ་ཡིན། འཁོར་བ་ལ་ཐ་མ་མེད་དམ། སྐབས་འདིར་ལྗོན་ཤིང་སོགས་ལ་སྲོག་ཡོད་མེད་དཔྱོད་སྐབས་ཡིན་པས་སྐབས་འཆོལ་བ་མིན་ནམ།
སྤོབས་པ་ལགས། སྲོག་ལྡན་རྣམས་ནི་འབྱུང་བ་ལས་བྱུང་ཞིང་འབྱུང་བ་ལ་ཐིམ་པར་འགྱུར། དེ་ལས་ལྷག་པའི་ཐོག་མ་དང་ཐ་མ་ཟེར་བ་ཞིག་མེད། དེ་ངའི་འདོད་ཚུལ་ཡིན། ཞེ་ན་འཁོར་བ་ལ་ཐ་མ་མེད་དམ། སྐབས་འདིར་ལྗོན་ཤིང་ལ་སྲོག་ཡོད་མེད་དཔྱད་སྐབས་ཡིན་པས་སྐབས་འཆོལ་བ་མིན་ནམ།
རང་གྲོལ་ལགས། འདུལ་བ་དང་ཆོས་མངོན་པ་ལས་མི་ལ་སྐྱེ་གནས་བཞི་ག་ཡོད་པར་བཤད་པ་ལྟར་ཆུ་ཤིང་སྡོང་པོ་ནས་བུ་མོ་ཞིག་སྐྱེས་པ་ཕྱིས་སུ་རབ་ཏུ་བྱུང་ནས་དགེ་སློང་མ་སྐྱོང་མར་གྱུར་བ་ལྟ་བུ་དྲོད་གཤེར་སྐྱེས་ཡིན། མཛོད་འགྲེལ་སོགས་ལ་གཟིགས་ན་ཤེས་ཐུབ། ད་དུང་སྲོག་མེད་པའི་དངོས་པོ་ཕ་མའི་ཁུ་ཁྲག་ལས་སྲོག་ལྡན་གྱི་དངོས་པོ་ཕྲུ་གུ་སྐྱེ་རྒྱུ་ཡོད་པ་ནང་ཚན་གཉིས་ཀས་ཁས་ལེན་པ་མ་ཡིན་ནམ། ཕ་མའི་ཁུ་ཁྲག་ནང་གི་རིགས་རྫས་ཁྱད་པར་བ་ཁོར་མོ་རྫོང་ནི་ལུས་འགྲུབ་བྱེད་ཀྱི་རྫས་ཡོད་ན་མེད་ན་དེ་རེད།
ཚེ་འདིའི་སྲོག་དབང་འགག་ནས་ཤི་བའི་ཚེ་གཉུག་མའི་ཤེས་པ་དེ་བར་དོའི་བཞིན་ལག་གི་རྣམ་པར་ལྡང་ནས་སླར་ཡང་ཚེ་སྲོག་གསར་བ་ཞིག་གི་མགོ་ཚུགས་དགོས་པ་རེད། དེ་ལྟར་ཡང་ནས་ཡང་དུ་སྐྱེ་འཆི་བྱེད་པས་འདིའི་གོང་ན་སྐྱེ་བ་ཟེར་རྒྱུ་ཞིག་མེད་ཅེས་ཐག་ཆོད་ཐུབ་ན་སྐྱེ་བ་ལ་ཐོག་མ་ཡོད་པའི་རྟགས་རེད།
མ་རིག་པ་གསལ་ཞིང་རིག་པ་ཡིན་མིན་ནི་ཡིན་པ་རེད།
འོན་ཀྱང་མ་རིག་པ་གསལ་ཞིང་རིག་པ་ཡིན་བའི་དོན་རང་གི་ངོ་བོ་གསལ་བའི་དོན་རེད་་མ་གཏོགས་ཡུལ་རྟོགས་པའི་མ་ཡིན་ནོ།
ངོ་བོ་གསལ་བ་ཡིན་ཏེ་བེམ་པོ་དང་ལྡན་མིན་འདུ་བྱེད་མ་ཡིན་པས་སོ།
སྐུ་ཞབས་ནམ་མཁའ་དང་ལེགས་བཤད་རྣམ་པ་གཉིས་ཀྱི་དཔྱད་རྩོམ་ལ་ཞིབ་ཀློག་ཐེངས་རེ་བྱས་བ་ཡིན།
ནམ་མཁས་ཆོས་གྲྭའི་ལྡིང་ཆ་ཞིག་ན་རིག་པ་རྣོ་ངར་གྱིས་གཏན་ཚུགས་བཀོད་དེ་རྟགས་གསལ་བཏང་ནས་སྒྲུབ་བཞིན་པ་དང་།ལེགས་བཤད་ཀྱིས་གཞུང་ལུགས་ལ་འདྲིས་ཆེ་བའི་གྲྭ་བ་ཞིག་གིས་སྒྲུབ་པ་ལྟ་བུའི་ཚོར་སྣང་བྱུང་བས་ཤིན་ཏུ་དགའ་སོང་།གཉིས་ཀ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་འདུག་པས་འདི་གཉིས་ཀ་མི་གཅིག་ལ་འཛོམས་ནས་བྲིས་ཚེ།ལུང་གི་རྒྱབ་རྩ་ལ་རིག་པ་།རིག་པའི་རྒྱབ་རྩ་ལ་ལུང་ཞེས་པ་ལྟར་ཡིད་དབང་འཕྲོག་པའི་གནས་ཞིག་རེད། ངས་གཉིས་ཀ་ལ་ཐུགས་རྗེ་ཆེ་ཞུ་ཞོར་དྲི་བ་ཐུང་ངུ་ཞིག་ཡོད།
ལམ་རིམ་ཆེན་མོ་ལྟར་ན།མའི་མངལ་གྱི་མེར་མེར་རོ་སྐབས་ཡིད་ཤེས་དང་རྣམ་ཤེས་གྲུབ་ཡོད་གསུངས་འདུག་པས།དེ་དུས་མངལ་སྒོ་ནས་སྐྱེ་སྒོ་བཀག་ཚེ་སྲོག་གཅོད་ཀྱི་ལས་འབྱུང་ངམ།ས་བོན་བཅོམ་པའི་ལས་འབྱུང་བ་ཡིན།ཁྱེད་རྣམ་པ་གཉིས་ཀྱིས་ལུང་རིག་གང་གི་སྒོ་ནས་གསུངས་བའི་རེ་བ་ཞུ།ལྷག་པར་དུ་ཁྱེད་རྣམ་གཉིས་ཀྱིས་འདི་འདྲའི་རིགས་ལ་རྩོམ་ཡིག་རེ་སྤེལ་བ་ཡང་ཞུ་གི་ཡོད།
ལེགས་བཤད་ལགས། ཁྱོད་ཀྱིས་ཕ་མའི་ཁུ་ཁྲག་ནང་གི་རིགས་རྫས་ཁྱད་པར་བ་ཁོར་མོ་རྫོང་ནི་ལུས་འགྲུབ་བྱེད་ཀྱི་རྫས་ཡོད་ན་མེད་ན་དེ་རེད། ཅེས་པ་འདི་དག་སྐབས་དོན་བོར་བའི་བཤད་པ་ཞིག་སྟེ་གང་ཟག་དེ་དེ་ལས་སྐྱེས་པ་ཙམ་གྱིས་སྲོག་དེ་ལས་སྐྱེས་བར་བརྗོད་པ་ནི་དོན་གྱི་ཕྱོགས་སུ་མ་སོན་པར་འདུག་གོ།
ཡང་ ཚེ་འདིའི་སྲོག་དབང་འགག་ནས་ཤི་བའི་ཚེ་གཉུག་མའི་ཤེས་པ་དེ་བར་དོའི་བཞིན་ལག་གི་རྣམ་པར་ལྡང་ནས་སླར་ཡང་ཚེ་སྲོག་གསར་བ་ཞིག་གི་མགོ་ཚུགས་དགོས་པ་རེད། ཅེས་པ་ དེ་ཡང་བརྗོད་བྱ་དོན་གྱིས་དབེན་འདུག་པས། ལེགས་པར་སོམས་ཤིག གཉུག་མའི་ཤེས་པ་དེ་སྲོག་གི་རྫས་རྒྱུན་ནམ་ཡང་ན་ཉེར་ལེན་ཡིན་ནམ་མིན། ཡང་ན་ཁྱོད་གྱིས་གཉུག་་མའི་ཤེས་པ་དེ་སྲོག་ཡིན་པར་ཁས་ལེན་ནམ། འདི་ཙམ་ལའང་ཐུགས་ཉམས་མ་བཞག་པ་ཅི་ཡིན།
རིན་ཆེན་ལགས།ལས་བྲེལ་གྱི་དབང་གིས་གསལ་བོ་ཞིག་བཤད་ཐུབ་མ་སོང་མོད།བར་གསེང་འདི་ནས་མདོར་ཙམ་ཞིག་གིས་བསམ་ཚུལ་ཞུ་རྒྱུ་ཡིན།མའི་མངལ་གྱི་མེར་མེར་རོ་སྐབས་རྣམ་ཤེས་ལྡན་ཡོད་མོད།འོན་ཀྱང་སྲོག་གཅོད་ཀྱིས་ལས་དེ་མིའམ་མིར་ཆགས་པ་བསད་ན་སྲོག་གཅོད་ལས་འབྱུར་ཚུལ་ཞིག་དྲན་གྱི་ཕལ་ཆེར་སྐུ་ཉིད་ཀྱིས་དཔྱད་པར་འཚལ། གལ་སྲིད་ཡན་ལག་རྒྱས་བའི་སྐབས་སྐྱེ་སྒོ་བཀག་ཚེ་སྲོག་གཅོད་ཀྱི་ལས་འབྱུང་གི་རེད་སྙམ། རྗེས་མ་མཇལ་ཡོང་།
ལེགས་བཤད་དང་ནམ་མཁའ་ནས། ་སྲོག་ལྡན་སྐོར་ལ་འགྲེལ་བཤད་འདྲ་མིན་བྱས་འདུག་ཀྱང་ཐམས་ཅད་རྩ་བའི་ཕྱོགས་སུ་མ་སོང་བར་འདུག་པར་སེམས། སེམས་ཅན་གང་ཡིན་ལ་དབང་པོ་ངེས་ལྡན་གསུམ་ཚང་དགོས་པ་ནི་མཛོད་ལས་གསུངས་ལ། ལེགས་བཤད་ཀྱིས་
ཚེ་འདིའི་སྲོག་དབང་འགག་ནས་ཤི་བའི་ཚེ་གཉུག་མའི་ཤེས་པ་དེ་བར་དོའི་བཞིན་ལག་གི་རྣམ་པར་ལྡང་ནས་སླར་ཡང་ཚེ་སྲོག་གསར་བ་ཞིག་གི་མགོ་ཚུགས་དགོས་པ་རེད། དེ་ལྟར་ཡང་ནས་ཡང་དུ་སྐྱེ་འཆི་བྱེད་པས་འདིའི་གོང་ན་སྐྱེ་བ་ཟེར་རྒྱུ་ཞིག་མེད་ཅེས་ཐག་ཆོད་ཐུབ་ན་སྐྱེ་བ་ལ་ཐོག་མ་ཡོད་པའི་རྟགས་རེད། ཅེས་གསུངས་འདུག་ན་སྲོག་གི་རྒྱུན་ཆད་པ་དོན་གྱིས་ཁས་བླངས་དུ་སོང་འདུག་པ་དང་། ་དེ་ལྟར་ན་རྒྱུན་སྔ་མ་མེད་པར་གློ་བུར་གྲུབ་པའི་དངོས་པོ་འཇོག་དགོས་པས་དངོས་པོ་གང་ཡིན་ལ་རྒྱུན་གྱི་ཐོག་མ་མེད་པ་མ་མཁྱེན་ནམ ཚན་རིག་གིས་བཤད་པའི་སྲོག་ཅེས་པ་དང་ནང་པས་བཤད་པའི་སྲོག་ཅེས་པའི་ཐ་སྙད་འདི་གཉིས་ཀྱི་འཇུག་ཡུལ་མ་རྟོགས་པས་ནོངས། ད་དོང་སྔགས་དང་སྐྱེས་གནས་ཕྲ་ཕུང་སོགས་སེམས་ལ་གང་དྲན་དྲན་གྱིས་སྣ་ཚོགས་སྨྲ་མོད་དེ་དག་ཐམས་ཅད་བཤད་པ་ལ་དགོས་པ་མ་མཐོང་།
རང་གྲོལ་ལགས། སེམས་ཅན་གྱི་ལུས་ལ་རགས་པ་གནས་སྐབས་བའི་ལུས་དང་། ཕྲ་བ་གཉུག་མའི་ལུས་གཉིས་ལས་དང་པོ་ནི་ཨ་མའི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་གསར་དུ་གྲུབ་ཏེ། མཛོད་ལས། འདོད་པར་དང་པོ་རྣམ་སྨིན་གཉིས།།རྙེད་དེ་བརྫུས་ཏེ་སྐྱེ་བས་མིན།།ཞེས་པ་ལྟར་སྐྱེ་གནས་བཞིའི་མངལ་སྐྱེས་ཀྱི་ལུས་དབང་ནི་གསར་དུ་རྙེད་པར་གསུངས་པའི་ཕྱིར། ཚེ་འདིའི་འབྱུང་ལུས་རགས་པ་དེ་ཕ་མའི་ཁུ་ཁྲག་ལ་བརྟེན་ནས་བྱུང་བར་འདོད་ལ་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་དབང་པོ་དང་ཡན་ལག་ཀུན་ཚང་གི་ལུས་རགས་པ་ཡོད་པར་མི་འདོད་ཀྱང་གལ་ཏེ་ལུས་དབང་མེད་ན་དེ་ལ་བརྟེན་པའི་སྲོག་གི་དབང་པོ་ཡང་མེད་དགོས་པས་སྲོག་ལྡན་ག་ལ་ཡིན།
ལེགས་བཤད་ལ། ་ཁྱེད་རང་གིས་ཚན་རིག་དང་ནང་པས་སྲོག་འདོད་ཚུལ་བརྗོད་པ་དེ་ཐུགས་རྗེ་ཆེ། སྔར་འཕགས་ཡུལ་དུ་སྲོག་གི་སྐྱེ་འཇིག་གསུངས་པ་ནི། ནང་པས་སྲོག་རྣམ་ཤེས་ཀྱི་རྟེན་ཞིག་ཏུ་འདོད་པ་ཡིན་ལ་དེ་ཡང་སེམས་ཅན་གང་ཡིན་ལ་ངེས་པར་ལྡན་དགོས་པར་མཛོད་ལས་གསུངས། གཅེར་བུ་བས་བདག་ཏུ་འདོད་པ། ཁྱད་པར་འཕགས་བསྟོད་ལས། གཅེར་བུ་ལུས་ཀྱི་ཚད་བཞིན་དུ།།སྲོག་ནི་ཞུམ་དང་རྒྱས་པར་སྨྲ།།ཞེས་གསུངས། ལུས་ཀྱི་ཆ་ཐམས་ཅད་ལ་ཁྱབ་བའི་རྫས་ཞིག་ཏུ་འདོད། ཟད་བྱེད་པས་ས་ཆུ་ལ་སོགས་པ་སེམས་ལྡན་དུ་སྒྲུབ་འདོད་ནས་སྲོག་ཅན་གྱི་སྡེ་དགུའི་ཐ་སྙད་བྱེད་དེ། སྡེ་དགུ་ནི། རྟོག་གེ་འབར་བ་ལས། དེ་ལ་སྲོག་ཅན་གྱི་སྡེ་དགུ་སྟེ། ས་དང་ཆུ་དང་ཤིང་དང་མེ་དང་རླུང་དང་སྲིན་བུ་དང་། གྲོག་མ་དང་། བུང་བ་དང་། མི་ཞེས་བྱ་བ་དག་གོ། ཞེས་སོ།འདི་དག་སྐབས་སུ་ཕྱི་རོལ་པ་དེ་དག་འགོག་པའི་རིགས་པས་ནང་པའི་འདོད་པའི་སྲོག་ལ་ངེས་པ་སྟེར་མོད། དེ་ལས་ལྡོག་སྟེ་འགྲེལ་བཤད་སྣ་ཚོགས་མི་དགོས་པར་སེམས། འདི་དག་གིས་སྒྲུབ་ཚུལ་ལས་ཚན་རིག་པའི་འདོད་པའི་སྲོག་ལ་འགྲེལ་བཤད་སླ་རུ་འགྲོ་ངེས།
ཚན་རིག་གིས་བཤད་པའི་སྲོག་ཅེས་པ་དང་ནང་པས་བཤད་པའི་སྲོག་ཅེས་པའི་ཐ་སྙད་འདི་གཉིས་ཀྱི་གོ་དོན་དང་འཇུག་ཡུལ་མི་འདྲ་བ་ཡིན་ཡང་། ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི་མིའི་སྲོག་ནི་མིའི་ཚེ་ལ་འཇོག་པ་དང་མིའི་སྲོག་དབང་ཆད་པ་ལ་ཚེ་འཕོས་པ་དང་ཚེ་རྫོགས་པ་ཟེར་བ་མ་ཡིན་ནམ། ལྷན་ཅིག་བྱེད་རྐྱེན་མ་ཚང་བའི་དབང་གིས་འཆི་བ་འོང་བ་དང་སྲོག་གི་ཉེར་ལེན་གཅིག་བུས་སྲོག་འཚོ་མི་ནུས་པ་ནི་ཚེ་སྲོག་གནས་པ་ལ་ཟས་བཅུད་ལ་བརྟེན་དགོས་པ་དང་ཟས་བཅུད་ནི་ཚེ་སྲོག་གནས་པའི་མཐུན་རྐྱེན་ཡོད་ན་མེད་ན་དེ་རེད། ནང་པའི་གཞུང་ལས་ཏིང་ངེ་འཛིན་སྒོམ་སྟོབས་ཀྱིས་ཚེ་བསྲིངས་ནས་བསྐལ་བ་ནས་བསྐལ་བར་སྡོད་པ་ཡང་བཤད་པའི་ཕྱིར་དང་གང་ཟག་གཅིག་གི་རྒྱུད་ལ་རྫས་རྒྱུན་མི་འདྲ་བའི་སྲོག་གི་དབང་པོ་གཉིས་ཀྱང་མི་འཇོག་པས་ཚེ་འདིའི་ལུས་དབང་དང་དངོས་རྒྱུ་ཚོགས་པ་གཅིག་པའི་སྐལ་མཉམ་གྱི་སྲོག་དབང་ནི་ཚེ་འཕོ་བ་ན་གཏོང་བར་བཤད་ཀྱང་སྲོག་གི་རྫས་རྒྱུན་ཞིག་ཡོད་དགོས་ཏེ་དེ་ནི་ཕ་མའི་ཁུ་ཁྲག་གིས་གྲུབ་པ་ཞིག་མ་ཡིན་པར་རྣམ་ཤེས་ཀྱི་སྟེང་དུ་ཡོད་དགོས་པའི་ཕྱིར།
ལེགས་བཤད་ལགས། འདིར་བཤད་པར་བྱ་བའི་གཞི་ནི་སྲོག་གི་ངོ་བོ་བྱེད་ལས་ཁྱད་པར་སོགས་ཡིན་ན་དེ་དག་བོར་ནས། ་སྲོག་ཡུན་ཅི་ཙམ་གནས་མིན་དང་། ད་དོང་ཚན་རིག་གིས་བཞག་པའི་སྲོག་དེ་ཡང་ཚུར་ནང་པའི་རྣམ་སྨིན་གཏོང་འཇོག་དང་ཚེ་སོགས་ལ་སྦྱོར་ཅི་ཐུབ་བྱེད་འདུག་པ་འདིས་རང་ཉིད་རྩ་བ་བོར་ནས་ཡལ་གའི་ཕྱོགས་སུ་བྱིན་འདུག་པ་གསལ་བར་བྱེད་པ་མ་ཡིན་ནམ། མིག་དང་ལྡན་པ་རྣམས་ཁྱེད་རྣམས་ཀྱིས་འོག་གི་ཚིག་འདི་དག་ལ་གཟིགས་དང། འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོར་ཞེས་པའི་དཔེ་དེ་དྲན་ནམ། འདི་དག་ལ་གཟིགས་དང། ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི་མིའི་སྲོག་ནི་མིའི་ཚེ་ལ་འཇོག་པ་དང་མིའི་སྲོག་དབང་ཆད་པ་ལ་ཚེ་འཕོས་པ་དང་ཚེ་རྫོགས་པ་ཟེར་བ་མ་ཡིན་ནམ། ལྷན་ཅིག་བྱེད་རྐྱེན་མ་ཚང་བའི་དབང་གིས་འཆི་བ་འོང་བ་དང་སྲོག་གི་ཉེར་ལེན་གཅིག་བུས་སྲོག་འཚོ་མི་ནུས་པ་ནི་ཚེ་སྲོག་གནས་པ་ལ་ཟས་བཅུད་ལ་བརྟེན་དགོས་པ་དང་ཟས་བཅུད་ནི་ཚེ་སྲོག་གནས་པའི་མཐུན་རྐྱེན་ཡོད་ན་མེད་ན་དེ་རེད། ཅེས་སོགས་ བརྗོད་དོན་གྱིས་སྟོང་བའི་ཚིག་གི་གད་སྙིགས་གོང་དུ་འདི་ལྟར་རི་རབ་ལྟར་བརྩེགས་ཡོད་པ་ནི་ཀུན་ཀྱིས་མཐོང་ཆོས་སུ་གྱུར་མོད་ད་དོང་བརྗོད་པར་བྱ་བ་མང་ཡང་རེ་ཞིག་འདིར་བཞག་གོ།
རང་གྲོལ་ལགས། ཕྱོགས་གཅིག་ལ་འཐོམས་ནས་བསྡད་པས་ཕྱོགས་ཡོངས་ཀྱི་དངོས་པོའི་གནས་ཚུལ་ཤེས་དཀའ་ཞིང་ཁྱད་པར་སྲོག་གི་སྐོར་ལ་བྱེ་མདོའི་རྩོད་པ་རྩོད་ལན་དང་གྲུབ་མཐའ་གོང་འོག །རྒྱུད་སྡེ་རང་རང་གི་སྲོག་གི་ངོ་བོ་བྱེད་ལས་ཁྱད་པར་སོགས་འཇོག་ཚུལ་མི་འདྲ་བ་དུ་མ་ཡོད་པ་ག་ལ་ཤེས་ཐུབ། རེད་མ་རེད། ཚེ་འདིའི་ལུས་དབང་དང་དངོས་རྒྱུ་ཚོགས་པ་གཅིག་པའི་སྐལ་མཉམ་གྱི་སྲོག་དབང་ནི་ཚན་རིག་པས་བཤད་པ་དང་ཁྱད་པར་ག་རེ་འདུག །དེ་དང་མི་འདྲ་བ་ཏིང་ངེ་འཛིན་སྒོམ་སྟོབས་ཀྱིས་གྲུབ་པའི་སྲོག་དབང་ཞིག་ནང་པའི་གཞུང་དུ་བཞག་ཡོད་པ་ཡིན་ན་ཡང་དེ་ནི་ཚན་རིག་པས་བཤད་པ་ལྟར་སྲོག་དབང་འགྲུབ་བྱེད་ཀྱི་རྫས་རྡུལ་ཡན་གར་བ་ཞིག་གིས་གྲུབ་པ་ཡིན་མིན་དང་ཚེ་འདིའི་ལུས་དབང་དང་དངོས་རྒྱུ་ཚོགས་པ་གཅིག་པའི་སྐལ་མཉམ་གྱི་སྲོག་དབང་ཡིན་ནམ་མིན་གསལ་བོར་ལན་འདེབས་གནང་རོགས། དེ་མིན་རལ་གྲིའི་ཤུལ་གྱི་སྟེང་ནས་ངར་འདོན་པ་ཅུང་སྔ་དྲགས་པ་རེད་དོ། །
ཚེ་གཏོང་འཇོག་ཟེར་བ་འཕགས་པ་དགྲ་བཅོམ་པ་དག་གིས་ཏིང་ངེ་འཛིན་སྒོམ་སྟོབས་ཀྱིས་སྐུ་ཚེ་བྱིན་གྱིས་བརླབས་ནས་ཚེ་བསྲིངས་བ་དང་ཡུན་རིང་པོར་གནས་པར་བཤད་ན་སྲོག་དེ་ནི་སྔ་མའི་ལས་ཀྱིས་འཕངས་འབྲས་ཡིན་མིན་དང་ཚེ་འདིའི་ལུས་དབང་དང་སྐལ་མཉམ་རིས་མཐུན་གྱི་སྲོག་དབང་ཡིན་མིན། དེ་འདྲའི་སྲོག་དབང་དེ་ཟས་བཅུད་ལ་མ་བརྟེན་པར་འཚོ་ཐུབ་མིན་དཔྱད་པར་འཚལ།
ལེགས་བཤད་ལགས། མཛོད་ལས། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས།། ཞེས་དང་། རིགས་མཐུན་གནས་དང་། ཞེས་སོགས་དགེ་མི་དགེ་ཀྱི་རྣམ་སྨིནདང་རྣམ་ཤེས་ཀྱི་རྟེན་བྱེད་པར་གསུངས་པ་ཡོད་ནའང་གཏོང་འཇོག་ནི་ཁྱོད་ཀྱིས་ཀྱང་འདོད་པར་འདུག་པས། ཚེ་བཏང་མ་ཐག་པ་དེ་ལ་སེམས་ཅན་ཞིག་ཡོད་དམ་མེད་ཡོད་ན་དེའི་སྲོག་དེ་སྔ་མའི་རྒྱུན་ཡིན་ནམ་མིན་ཡིན་ན་ཁྱོད་ཀྱིས་སྲོག་གཏོང་པར་གསུངས་པ་དང་འགལ་ཞིང་གསར་དུ་གྲུབ་པ་ཡོད་པར་བཤད་པ་ཅི་ཡིན། མིན་ན་དགྲ་བཅོམ་པས་ཚེ་རིང་དུ་བཏང་བ་ཡང་མེད་པར་ཁྱོད་ཀྱིས་ཁས་ལེན་དགོས་སོ། ཚན་རིག་པས་སྲོག་ཕྲ་ཕུང་ལས་བྱུང་བར་འདོད་ལ། ནང་པས་རྣམ་ཤེས་ཀྱི་རྟེན་ལུང་མ་བསྟན་དབང་པོ་དངས་པ་ཞིག་ཏུ་འདོད། ཁྱོད་ཀྱིས་ལུས་ལ་རྟེན་པར་གསུངས་པ་ནི་གཟུགས་མེད་གང་ཟག་བརྗེད་པ་མིན་ནམ། སྔགས་ཕྱོགས་སོགས་རྫོགས་ཆེན་གྱི་གཞུང་དག་ཏུ་དག་མཉམ་རོ་གཅིག་པའི་ཀ་དག་གསལ་སྣང་གི་གཉུག་སེམས་ཡོད་མེད་དང་ཡོད་ན་དེ་སྲོག་ལ་རྟེན་པ་ཡིན་མིན་སོགས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར་ཉ་དང་ཉུང་མ་བསྲེས་བའི་བཤད་པ་ལ་ཡ་མཚན་ཅི་ཡང་མི་འདུག་
རང་གྲོལ་ལགས། མིའི་སྲོག་དང་མིའི་ཚེ་ཟེར་བ་འབབ་ས་གཅིག་རེད། སེམས་ཅན་ཡིན་ན་སྲོག་ལྡན་ཡིན་པས་ཁྱབ། མིའི་ཚེ་བཏང་མ་ཐག་པའི་གང་ཟག་དེ་ལ་མིའི་རིས་མཐུན་གྱི་སྲོག་མེད་ཀྱང་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་ཡོད་དེ། ཤི་ནས་བར་དོའི་བཞིན་ལག་གི་རྣམ་པར་ལྡང་བ་དེ་ལ་གཉུག་སེམས་ཀྱི་བཞོན་པར་གྱུར་བའི་རླུང་ཡོད་པའི་ཕྱིར། སྲོག་ལ་རླུང་དུ་འཇོག་པ་ཡོད་མེད་ཀྱང་དཔྱད་དགོས་ཏེ། རྒྱུད་སྡེ་གོང་འོག་གི་སྲོག་རྩོལ་ཞེས་པའི་སྲོག་ནི་རླུང་དུ་འཇོག་པ་འདྲ་ཡང་ངོ་བོ་དང་བྱེད་ལས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ད་དུང་ཁྱེད་ཀྱིས་གཟུགས་མེད་ཀྱི་གང་ཟག་ལ་ལུས་མེད་པར་བཤད་པ་ནི་ནང་འགལ་ཏེ། འབྱུང་ལུས་རགས་པ་མེད་ཀྱང་གཉུག་སེམས་ཀྱི་བཞོན་པར་གྱུར་བའི་རླུང་ཡོད་པའི་ཕྱིར། དེ་ལུས་ཡིན་པའི་ཕྱིར། སེམས་ཅན་གྱི་ལུས་ལ་རགས་པ་གནས་སྐབས་བའི་ལུས་དང་། ཕྲ་བ་གཉུག་མའི་ལུས་གཉིས་ཡོད་པ་གོང་ནས་བཤད་ཟིན། སེམས་ཕྲ་རགས་དང་ལུས་ཕྲ་རགས་འཇོག་ཚུལ་འཇུ་མི་ཕམ་པའི་དམངས་དོ་ཧའི་མཆན་འགྲེལ་གཉུག་མ་རྡོ་རྗེ་སྒྲ་དབྱངས་ལ་བལྟོས་ཤིག །
ཕྲ་བ་གཉུག་མའི་ལུས་སམ་སྲོག་གི་རླུང་དེ་ཐོག་མ་མེད་པ་ནས་གཉུག་སེམས་དང་ལྷན་ཅིག་ཏུ་འོངས་ཤིང་འཁོར་བར་འཁོར་མཁན་དང་རྣམ་སྨིན་མྱོང་བ་པོ་ཡང་མིན་ལ། དུད་འགྲོའི་གནས་སྐབས་ན་དུད་འགྲོའི་ལུས་དང་མིའི་གནས་སྐབས་ན་མིའི་ལུས་ཀྱི་རྣམ་པར་ཡོད། ཇི་སྲིད་རྫོགས་རིམ་པའི་རླུང་གི་རྣལ་འབྱོར་གྱིས་འདུལ་ཐབས་མ་བྱས་པ་དེ་སྲིད་དུ་སྲོག་གི་རླུང་གཡོས་ནས་རིགས་དྲུག་གི་སྒྱུ་མའི་གྲོང་ཁྱེར་ནས་མཐའ་མེད་པར་འཁོར་བ་འཁོར་ཞིང་སྐྱེ་འཆི་ཡང་ནས་ཡང་དུ་མྱོང་དགོས་པ་རེད།
སྐུ་ཞབས་ལེགས་བཤད་ལགས། རྒྱུད་སྡེ་ནས་གསུངས་བ་དེ་དག་ཐམས་ཅད་ལུས་ཡོད་པའི་སྒྲུབ་བྱེད་དུ་རླུང་སེམས་ཕྲ་མོ་དེ་དག་རྒྱུད་རྡོ་རྗེ་རྩེ་་མོ་སོགས་སུ་ཅི་ལྟར་གསུངས་ཡོད་པ་མཐོང་ངམ། མཛོད་དུ་དབང་པོ་ངེས་ལྡན་གསུམ་ལས་ལྷག་མ་བཤད་པ་ཅི་ཡིན་ནམ།
ལེགས་བཤད་ལགས།་ཁྱོད་ཀྱིས་ མིའི་ཚེ་བཏང་མ་ཐག་པའི་གང་ཟག་དེ་ལ་མིའི་རིས་མཐུན་གྱི་སྲོག་མེད་ཀྱང་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་ཡོད་དེ། ཤི་ནས་བར་དོའི་བཞིན་ལག་གི་རྣམ་པར་ལྡང་བ་དེ་ལ་གཉུག་སེམས་ཀྱི་བཞོན་པར་གྱུར་བའི་རླུང་ཡོད་པའི་ཕྱིར། སྲོག་ལ་རླུང་དུ་འཇོག་པ་ཡོད་མེད་ཀྱང་དཔྱད་དགོས་ཏེ། ཅེས་དེ་ལྟར་ན་རིས་མཐུན་མིན་པའི་སྲོག་དེ་རླུང་ཡིན་ན་དེ་རྫས་རྒྱུན་སྔ་མ་ཡོད་དམ། ཕག་སྣ་རྡོ་ཐུག་པ་ཡིན་ནམ།
མཁས་པའི་བགྲོ་གླེང་ལ་དགའ་བསུ་ཞུ།
རྣམ་འགྲེལ་ལས།
རྣམ་ཤེས་མིན་པའི་རྣམ་ཤེས་ཀྱི།།
ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།
ཅེས་རྣམ་ཤེས་མིན་པའི་རྩི་ཤིང་ལ་སོགས་པའི་སྟེང་དུ་རྣམ་ཤེས་ཀྱི་ཉེར་ལེན་མེད་ལ་ཚེ་སྔ་མ་ནས་འདིར་འོངས་ཤིང་འདི་ནས་ཕྱི་མར་འགྲོ་བའི་སྔ་མའི་རྣམ་ཤེས་ཀྱི་སྟེང་དུ་ཕྱི་མའི་རྣམ་ཤེས་ཀྱི་རྫས་རྒྱུན་དུ་རྫས་སུ་གཙོ་བོ་སྐྱེད་བྱེད་ཀྱི་འཕེན་བྱེད་ལས་དང་བག་ཆགས་ཅི་རིགས་འཇོག་པ་ལྟར་ཚེ་འདིའི་སྲོག་དབང་འགག་ནས་ཤི་བའི་ཚེ་སྲོག་དབང་གི་རྫས་རྒྱུན་ཕྱི་མ་སྐྱེད་པའི་ནུས་པ་རྣམ་ཤེས་ཀྱི་སྟེང་དུ་བཞག་ནས་སླར་ཡང་སྲོག་དབང་ཞིག་གསར་བ་ལེན་པ་ལ་འགལ་བ་ཅི་ཡོད་ལེགས་པར་སོམས་ཤིག །ཤི་བའི་ཚེ་རྣམ་ཤེས་རྒྱུན་ཆད་པ་མ་ཡིན་པས་དེའི་རྟེན་བྱེད་པའི་སྲོག་དབང་འཇོག་དགོས་པ་མ་ཡིན་ནམ་ཀྱེ། སྲོག་དབང་དང་རྣམ་ཤེས་གཉིས་རྟེན་དང་བརྟེན་པ་མ་ཡིན་ནམ། སྔགས་ལུགས་ལའང་འགགས་པའི་ཚེ་རགས་རིམ་ནས་འགག་པ་དང་སྐྱེ་བའི་ཚེ་ཕྲ་རིམ་ནས་སྐྱེ་བར་འདོད་ལ། ཚེ་འདིའི་རགས་པ་ཉེར་ལྔ་འགགས་ནས་ཀུན་རྟོག་བརྒྱད་ཅུའི་སྣང་བ་ཤར་ཞིང་། དེ་ནས་སྣང་མཆེད་ཐོབ་གསུམ་གྱི་མཐར་འཆི་བ་འོད་གསལ་ཤར། དེ་ནས་སླར་ཡང་ཐོབ་མཆེད་སྣང་གསུམ་གྱི་བཞོན་པར་གྱུར་བའི་ལས་ཀྱི་རླུང་ཇི་ལྟར་གཡོས་བ་དེ་ལྟར་དུ་ཀུན་རྟོག་བརྒྱད་ཅུའི་སྣང་བ་ཤར་ནས་འཁོར་བར་འཁྱན་པ་མ་ཡིན་ནམ་ཀྱེ། སྲོག་གི་རྫས་རྒྱུན་ལ་སྲོག་འཛིན་རླུང་ཡོད་ལ་དེར་མ་ཟད་རྣམ་རྟོག་གི་རླུང་གཡོས་ནས་རྣམ་རྟོག་འདྲ་མིན་བསྐྱེད་པ་ཡང་མྱོང་བས་གྲུབ་ལ་དཔེར་ན། ཁྱེད་ཀྱིས་མིག་བཙུམ་ནས་བསྡད་ན་རྣམ་རྟོག་བཀག་ཐུབ་ཀྱི་འདུག་གམ། ག་རེ་བྱས་ནས་བཀག་མ་ཐུབ་པ་རེད། སོམས་ཤིག་གྲོགས་པོ་ལགས།
ལེགས་བཤད་ལགས། ཁྱོད་ཀྱིས། ཚེ་འདིའི་སྲོག་དབང་འགག་ནས་ཤི་བའི་ཚེ་སྲོག་དབང་གི་རྫས་རྒྱུན་ཕྱི་མ་སྐྱེད་པའི་ནུས་པ་རྣམ་ཤེས་ཀྱི་སྟེང་དུ་བཞག་ནས་སླར་ཡང་སྲོག་དབང་ཞིག་གསར་བ་ལེན་པ་ལ་འགལ་བ་ཅི་ཡོད་} ཅེས་པ་ལ་དྲི་བར་བྱ་བ་འདི་ཡོད་དེ། ཚེ་སྲོག་གི་རྫས་རྒྱུན་ཕྱི་མ་སྐྱེད་པའི་ནུས་པ་རྣམ་ཤེས་ཀྱི་སྟེང་དུ་བཞག་མ་ཐག་པ་དེའི་རྒྱུད་ན་སྲོག་ཡོད་དམ་མེད། དང་པོ་ལྟར་ན། སྲོག་གི་རྫས་རྒྱུན་ལ་སྲོག་འཛིན་རླུང་ཡོད་པར་གསུངས་པ་ཅི་ཡིན་རླུང་དེ་སྲོག་ཡིན་ནམ། ཕྱི་མ་ལྟར་ན། ཤི་བའི་ཚེ་རྣམ་ཤེས་རྒྱུན་ཆད་པ་མ་ཡིན་པས་དེའི་རྟེན་བྱེད་པའི་སྲོག་དབང་འཇོག་དགོས་པ་མ་ཡིན་ནམ། ཞེས་པ་དང་། སྲོག་དབང་དང་རྣམ་ཤེས་གཉིས་རྟེན་དང་བརྟེན་པ་མ་ཡིན་ནམ། ཞེས་པ་སོགས་གོང་འོག་གི་འགལ་འདུའི་ཁུར་བོ་མི་འདོད་བཞིན་དུ་ཕྲག་དུ་བླངས་པ་ལས་གཞན་མཆིས།
ལེགས་བཤད་ལགས། ཁྱོད་ཀྱིས། ཚེ་འདིའི་སྲོག་དབང་འགག་ནས་ཤི་བའི་ཚེ་སྲོག་དབང་གི་རྫས་རྒྱུན་ཕྱི་མ་སྐྱེད་པའི་ནུས་པ་རྣམ་ཤེས་ཀྱི་སྟེང་དུ་བཞག་ནས་སླར་ཡང་སྲོག་དབང་ཞིག་གསར་བ་ལེན་པ་ལ་འགལ་བ་ཅི་ཡོད། ཅེས་པ་ལ་དྲི་བར་བྱ་བ་འདི་ཡོད་དེ། ཚེ་སྲོག་གི་རྫས་རྒྱུན་ཕྱི་མ་སྐྱེད་པའི་ནུས་པ་རྣམ་ཤེས་ཀྱི་སྟེང་དུ་བཞག་མ་ཐག་པ་དེའི་རྒྱུད་ན་སྲོག་ཡོད་དམ་མེད། དང་པོ་ལྟར་ན། སྲོག་གི་རྫས་རྒྱུན་ལ་སྲོག་འཛིན་རླུང་ཡོད་པར་གསུངས་པ་ཅི་ཡིན་རླུང་དེ་སྲོག་ཡིན་ནམ། ཕྱི་མ་ལྟར་ན། ཤི་བའི་ཚེ་རྣམ་ཤེས་རྒྱུན་ཆད་པ་མ་ཡིན་པས་དེའི་རྟེན་བྱེད་པའི་སྲོག་དབང་འཇོག་དགོས་པ་མ་ཡིན་ནམ། ཞེས་པ་དང་། སྲོག་དབང་དང་རྣམ་ཤེས་གཉིས་རྟེན་དང་བརྟེན་པ་མ་ཡིན་ནམ། ཞེས་པ་སོགས་གོང་འོག་གི་འགལ་འདུའི་ཁུར་བོ་མི་འདོད་བཞིན་དུ་ཕྲག་དུ་བླངས་པ་ལས་གཞན་མ་མཆིས།
དཔེར་ན་ས་བོན་འབྲུ་རྡོག་གཅིག་ལས་མྱུ་གུ་འབུས་བའི་ཚེ་ས་བོན་དེ་ཞིག་ནས་མེད་པར་གྱུར་ཀྱང་དེའི་རྫས་རྒྱུན་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་ནས་མུ་མཐུད་དུ་སྐྱེ་འཕེལ་བྱེད་པ་བཞིན། གལ་ཏེ་ས་བོན་དེ་མེར་ཚིག་པ་དང་ཆུར་བཙོས་པ་ཡིན་ན་དེའི་རྒྱུན་ཆད་པ་རེད། འདི་ནང་ཚན་གཉིས་ཀས་ཁས་ལེན་པ་རེད། ཡིན་ཡང་ནང་པས་སེམས་ཅན་གྱི་སྲོག་དབང་གི་རྒྱུན་ཆད་པ་ནམ་ཡང་མི་འདོད། ཚེ་འདིའི་སྲོག་དབང་འགགས་མ་ཐག་པ་དེའི་རྒྱུད་ལ་སྔ་མའི་རིས་མཐུན་གྱི་སྲོག་དབང་དེ་མེད་ཀྱང་དེའི་རྒྱུན་ཡོད་པར་འཇོག་པས་སྲོག་དབང་གཞན་ཞིག་ཡོད་ད་ཡོད། དེ་མེད་ན་དེ་སྲོག་ལྡན་མ་ཡིན་པར་ཐལ། དེའི་རྒྱུད་ལ་སྲོག་དབང་མེད་པའི་ཕྱིར། རང་གྲོལ་ལ་འཁོར་གསུམ་བསྐོར་རོ། །
སྐུ་ཞབས་ལེགས་བཤད་ལགས། ་ཁྱེད་ཀྱིས་རང་ཉིད་ཀྱི་ཚིག་སྔ་ཕྱི་འདི་དག་ལ་གཟིགས་དང་། མིའི་སྲོག་དང་མིའི་ཚེ་ཟེར་བ་འབབ་ས་གཅིག་རེད། སེམས་ཅན་ཡིན་ན་སྲོག་ལྡན་ཡིན་པས་ཁྱབ། མིའི་ཚེ་བཏང་མ་ཐག་པའི་གང་ཟག་དེ་ལ་མིའི་རིས་མཐུན་གྱི་སྲོག་མེད་ཀྱང་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་ཡོད་དེ། ཤི་ནས་བར་དོའི་བཞིན་ལག་གི་རྣམ་པར་ལྡང་བ་དེ་ལ་གཉུག་སེམས་ཀྱི་བཞོན་པར་གྱུར་བའི་རླུང་ཡོད་པའི་ཕྱིར། སྲོག་ལ་རླུང་དུ་འཇོག་པ་ཡོད་མེད་ཀྱང་དཔྱད་དགོས་ཏེ། རྒྱུད་སྡེ་གོང་འོག་གི་སྲོག་རྩོལ་ཞེས་པའི་སྲོག་ནི་རླུང་དུ་འཇོག་པ་འདྲ་ཡང་ངོ་བོ་དང་བྱེད་ལས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ཞེས་ཚིག་སྔ་མ་སྔ་མའི་རང་ཉིད་ཀྱི་དམ་བཅའ་ལ་ཕྱི་མ་ཕྱི་མས་ལྟར་སྣང་དུ་བསྒྲུབས་འདུག་པ་འདི་ལ་ཀུན་གྱིས་གཟིགས་དང། རྟོགས་པ་མཐོ་དྲག་པ་མིན་ནམ།
རིས་མཐུན་གྱི་སྲོག་དབང་ཟེར་བ་ནི་དཔེར་ན་མིའི་ལུས་དང་སྐལ་མཉམ་གྱི་སྲོག་དབང་དང་། བ་ལང་གི་ལུས་རྟེན་དང་སྐལ་མཉམ་གྱི་སྲོག་དབང་། འབུ་གྲོག་མའི་ལུས་རྟེན་དང་སྐལ་མཉམ་གྱི་སྲོག་དབང་རེ་ཡོད་པ་དེ་ལ་རིས་མཐུན་གྱི་སྲོག་དབང་ཟེར། རང་རང་འགྲོ་བ་གང་གི་རིགས་སུ་གཏོགས་པ་ནི་རང་རང་གི་ལུས་རྟེན་དང་སྐལ་མཉམ་གྱི་སྲོག་དབང་དེས་བྱེད་པ་རེད། མདོར་ན་འགྲོ་བའི་སྲོག་དབང་ཟེར་ན་འགྲིག་གི་རེད། མཛོད་ལས། སྲིད་པ་བར་འགྲོར་མ་གཏོགས།།ཞེས་པ་ལྟར་བར་དོ་བ་འགྲོ་བ་མ་ཡིན་པས་དེའི་སྲོག་དེ་ཡང་འགྲོ་བའི་སྲོག་མ་ཡིན་ཡང་སེམས་ཅན་གྱི་སྲོག་ཡིན་པའི་ཕྱིར། དེས་ན་སྲོག་དང་མི་ལྡན་པའི་སེམས་ཅན་ཞིག་ནང་པའི་གཞུང་གང་ནས་བཤད་མེད་པས། སེམས་ཅན་ཤི་བ་ཡོད་མེད་ཀྱི་གཏན་ཚིགས་ལྟར་སྣང་དེས་གང་ཡང་ཕན་མི་ཐོགས། སྲོག་ལ་རླུང་དང་དབང་པོ་གང་འཇོག་གྲུབ་མཐའི་འདོད་ཚུལ་ཙམ་ལས་མཛོད་ལུགས་ལ་དབང་པོ་ཉེར་གཉིས་བཤད་པའི་ནང་གི་སྲོག་དབང་དང་སྔགས་ལུགས་ཀྱི་སྲོག་གཉིས་མི་འདྲ་བ་གོང་དུ་བཤད་པ་དེ་དག་རྒྱུ་མཚན་སྔ་མ་སྔ་མས་ཕྱི་མ་ལྟར་སྣང་དུ་སྒྲུབ་པ་ནི་ཕར་ཞོག །མདོ་སྔགས་འགལ་མེད་དུ་ཁྱེར་བའི་གཏན་ཚིགས་ཡང་དག་རྐྱང་ཡིན་ལགས། མིག་ཕྱེ་ནས་ལྟོས་ཤིག །རང་གྲོལ་ལགས།
༡༥༽ ལེགས་བཤད་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ གི་ཆུ་ཚོད་ ༠ སྐར་མ་ ༠༡
ཀརྡོ་གཉེར་ཕྱག་པ་ལགས། ཚན་རིག་པ་སྤྱི་ཡོངས་ཀྱིས་ཁས་ལེན་པའི་ཚེ་སྲོག་གི་ཁྱད་ཆོས་བདུན་ནི། ༡ ཟས་བཅུད་ལེན་པ། ༢ དབུགས་གཏོང་ལེན། ༣ མི་གཙང་བ་ཕྱིར་འདོར་བ། ༤ འཚོར་བ་སྐྱེན་པོ། ༥ འགུལ་སྐྱོད། ༦ སྐྱེ་འཕེལ། ༧ འཚར་ལོངས། བཅས་བདུན་པོ་དེ་དག་ནི་གནད་འགག་ཆེ་བའི་ཚེ་སྲོག་གི་བྱ་བའི་བརྒྱུད་རིམ་བདུན་ཟེར།
འདིར་ཚེ་སྲོག་གི་ཁྱད་ཆོས་འདི་Living-things དང་ None-living things.ཀྱི་ཚེ་སྲོག་ཙམ་ལ་གཞིར་བཞག་པ་ཡིན་པ་དེ་སྔོན་ངེས་དགོས་འདུག དེ་ནས་་་་་་་
དཔེར་ན།
༢ དབུགས་གཏོང་ལེན། ༤ འཚོར་བ་སྐྱེན་པོ། ༥ འགུལ་སྐྱོད། ཞེས་པ་མི་དང་དུད་འགྲོ་ལ་མ་གཏོགས་གཞན་ལ་བཞག་ཐུབ་ཨ་ཡོང་སྙམ་ལགས། བློ་སྤོབས་ཆེ་ནས་ད་དུང་དཔྱད་དགོས་པ་མང་པོ་མི་འདུག་གམ།
རྒྱུ་མཚན་ནི།
༢ དབུགས་གཏོང་ལེན། བྱས་པ་ལ་གློ་བ་ལྟ་བུའི་ལུས་མེད་པར་མི་འོང་།
༤ འཚོར་བ་སྐྱེན་པོ། ལ་ཡང་འཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གར་གཞི་སེམས་ཤིག་བརྟེན་དགོས་པས་སོ། །
༥ འགུལ་སྐྱོད། ལུས་སེམས་གཉིས་ཀ་མེད་པར་ལུས་པོ་གཅིག་པུས་འགུལ་སྐྱོད་བྱས་ལབ་ན། འཇིག་རྟེན་གྲགས་པ་དང་གནོད་པས་ཕྱིར་རོ། །ད་དུང་དཔྱད་པར་འཚལ།
ལེགས་བཤད་ལགས་ཁྱོས་ཀྱིས་གོང་དུ། ནང་པས་སེམས་ཅན་གྱི་སྲོག་དབང་གི་རྒྱུན་ཆད་པ་ནམ་ཡང་མི་འདོད། ཞེས་གསུངས་ན། ་ངན་འགྲོ་བའི་སྲོག་དེ་སྔ་མའི་མི་དགེ་བའི་ལས་ཀྱི་འཕངས་འབྲས་ཡིན་པས་དེ་རྒྱུན་ས་བོན་དང་བཅས་པ་སྤང་བྱ་མིན་ནམ། སངས་རྒྱས་ས་ལ་འགྲོ་བའི་ཕྱིར། རྟགས་ཁྱབ་ཁས་བླངས་ལ་སོང་། གཞན་ཡང་ཁྱོད་ཀྱིས་སྲོག་ཟེར་བ་གཉུག་མའི་རླུང་རེད་ཅེས་དང་། འོ་ན་དེ་འདྲའི་རླུང་དེ་སྲོག་ཡིན་ནམ་ཞེས་དྲིས་ན། སྲོག་ལ་རླུང་དང་དབང་པོ་གང་འཇོག་གྲུབ་མཐའི་འདོད་ཚུལ་ཙམ་ལས་མཛོད་ལུགས་ལ་དབང་པོ་ཉེར་གཉིས་བཤད་པའི་ནང་གི་སྲོག་དབང་དང་སྔགས་ལུགས་ཀྱི་སྲོག་གཉིས་མི་འདྲ། ཞེས་རང་ཉིད་ཀྱི་དམ་བཅའ་ལ་གནོད་པར་དོགས་ནས་གྲུབ་མཐའི་སྟེང་ལ་ཕར་ཡུག་ཐབས་བྱེད་པ་འདི་མུན་ནག་མདའ་འཕངས་ཨ་ཕའི་མགོ་ལ་འཕོགས་ཟེར་པ་ལས་མ་འདས།
ཀརྡོ་གཉེར་ཕྱག་པ་ལགས། ཚན་རིག་གིས་སྲོག་ལྡན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་ནི། རྫས་བཅུད་ལེན་པ་དང་སྙིགས་རོ་ཕྱིར་འདོར་བ། རིགས་རྒྱུད་སྐྱེད་པ། ཉེ་འཁོར་ལ་འབྲེལ་ལམ་བཟོ་བ། རང་གི་ཕྱི་ནང་གི་འབྱུང་ཁམས་སྙོམ་སྲུང་བྱེད་པ། སྐྱེ་འཕེལ་བྱེད་པ། ཞེས་སོགས་རགས་ཙམ་བཀོད་པ་ཡིན། གོང་དུ་ལེགས་བཤད་ཀྱིས་ཁྱད་ཆོས་བདུན་བགྲངས་པ་དང་འདི་གཉིས་ལ་ཁྱད་པར་ཆེར་མེད་མོད། ་དེ་དག་གི་ངོ་བོ་ཁྱད་ཆོས་བྱེད་ལས་སོགས་ལ་ནང་པའི་ཐ་སྙད་ཀྱི་ཡུལ་བློ་ངོར་བཞག་ནས་དཔྱད་ན་ནོར་བ་ཡིན།
༢ དབུགས་གཏོང་ལེན། བྱས་པ་ལ་གློ་བ་ལྟ་བུའི་ལུས་མེད་པར་མི་འོང་། 1 ཚན་རིག་གི་དབུགས་གཏོང་ལེན་ཞེས་པ་སེམས་ལྡན་རགས་པའི་དབུགས་གཏོང་ལེན་ལ་གོ་མི་རུང་།
༤ འཚོར་བ་སྐྱེན་པོ། ལ་ཡང་འཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གར་གཞི་སེམས་ཤིག་བརྟེན་དགོས་པས་སོ། 2 འདི་ཚན་རིག་དང་ནང་པ་གཉིས་ཀྱིས་འཚོར་བ་ཞེས་པའི་ཐ་སྙད་ཀྱི་ཡུལ་སོ་སོར་མ་ཕྱེ་པས་ནོངས།
༥ འགུལ་སྐྱོད། ལུས་སེམས་གཉིས་ཀ་མེད་པར་ལུས་པོ་གཅིག་པུས་འགུལ་སྐྱོད་བྱས་ལབ་ན། འཇིག་རྟེན་གྲགས་པ་དང་གནོད་པས་ཕྱིར་རོ། ། 3 ཤིང་སྡོང་ལྟ་བུ་ལ་གོང་གི་ཁྱད་ཆོས་དེ་དག་ཚང་པས་འགུལ་སྐྱོད་ཞེས་པ་ལ་སེམས་དགོས་མིན་དཔྱོད་པ་ནི་ནང་ཚན་གྱི་གཞུང་ལ་མིག་མ་བལྟས་པར་ཟད་དོ།། ད་དོང་འཇིག་རྟེན་གྲགས་པ་དང་གནོད་ཞེས་དབུ་མའི་བདེན་གཉིས་སྐབས་ཀྱི་བག་ཆགས་ཟབ་པ་མིན་ནམ། ཁྱེད་རང་ལེགས་བཤད་གཉིས་པ་མིན་པའི་རེ་བ་ཡོད།
༡༽ཤིང་སྡོང་གིས་རླུང་ཡག་ཉེས་གཉིས་ཚུར་འཐེན་ཕར་འཕངས་བྱས་པ་ལ། ཤིང་སྡོང་འགྱེལ་དུས་ཤིང་སྡོང་གི་དབུགས་ཆད་སོང་མི་ལབ་དེ་ཤེས་དགོས།
༢༽རླུང་གིས་གཡོ་བས་ཤིང་སྡོང་ཕར་ཚུར་གཡོ་བ་ལ་ཤིང་སྡོང་འགུལ་ཞེས་ཐ་སྙད་མི་ཐོབ་སྙམ་ལགས།
༣༽བོད་པ་ཚན་རིག་པ་གཅིག་གིས་མྱུ་གུ་བཅད་ནས་འཚོར་བ་སྐྱེན་པསམྱུ་གུས་ངུས་པའམ་། འཚོར་བ་སྡུག་བསྡལ་སྤྲད་པས། གཅོད་མཁན་ལ་སྡིག་པ་བསགས་ཡོད་མ་རེད་དོ།
།རང་གྲོལ་ལགས་ཀྱིས། དགག་བཞག་གནང་བ་ལ་དགའ་བསུ་ཡོད། མུ་མཐུད་ནས་དཔྱད་དགོས་པ་མང་དུ་ཡོད་ངེས། གཙོ་བོ་ངས་ཚན་རིག་པ་ལ་མི་དགག་པར་བོད་སྐད་ནང་གི་སྐད་དོད་གསར་པའམ། བསྒྱུར་གསར་པ་ལ་དཔྱད་པ་བྱེད་ཁུལ་བྱས་པ་ཡིན།
རང་གྲོལ་ལགས། ངན་འགྲོ་བའི་སྲོག་དེ་སྔ་མའི་མི་དགེ་བའི་ལས་ཀྱི་འཕངས་འབྲས་ཡིན་པས་དེ་རྒྱུན་ས་བོན་དང་བཅས་པ་སྤང་བྱ་མིན་ནམ། ཟེར་བ་ལ། དེའི་ས་བོན་སྤང་བྱ་ཡིན་ཡང་རྒྱུན་སྤང་བྱ་མ་རེད། དེའི་རྒྱུན་སངས་རྒྱས་ས་ལ་འགྲོ་ད་འགྲོ །ཕྲ་བ་གཉུག་མའི་ལུས་དེ་ཐོག་མ་མེད་པ་ནས་གཉུག་སེམས་དང་ལྷན་ཅིག་ཏུ་འོངས་ཤིང་འཁོར་བར་འཁོར་མཁན་དང་རྣམ་སྨིན་མྱོང་བ་པོ་ཡང་མིན་ལ། དུད་འགྲོའི་གནས་སྐབས་ན་དུད་འགྲོའི་ལུས་དང་མིའི་གནས་སྐབས་ན་མིའི་ལུས་ཀྱི་རྣམ་པར་ཡོད། དམྱལ་བའི་གནས་སྐབས་ན་དམྱལ་བ་ཡིན་པའི་ཕྱིར། དེས་ན་དམྱལ་བ་པའི་རྒྱུད་ལ་ཤིན་ཏུ་ཕྲ་བའི་སྲོག་འཛིན་རླུང་ཟེར་བ་ཞིག་འཇོག་དགོས་པ་མ་ཡིན་ནམ། སྲོག་རླུང་རགས་པ་འགགས་ཀྱང་ཕྲ་མོ་མི་འགག་པ་ཡིན་ནོ་ཀྱེ།
ལེགས་བཤད་ལགས། ཁྱོད་ཀྱིས་ དེའི་ས་བོན་སྤང་བྱ་ཡིན་ཡང་རྒྱུན་སྤང་བྱ་མ་རེད། ཟེར་བ་ནི་གོང་དུ་ཁྱོད་ཀྱིས་ས་བོན་ལ་ཉེར་ལེན་གྱིས་ཁྱབ་བར་བཤད་པ་བརྗེད་སོང་བ་མིན་ནམ། ངན་འགྲོ་བའི་སྲོག་དེའི་རྒྱུན་ཕྱི་མ་སངས་རྒྱས་ས་ནས་སྐུ་གསུམ་སོགས་གང་གི་ངོ་བོར་འགྲོ་བ་ཡིན། ས་བོན་སྤང་བྱ་ཡིན་ལ་རྒྱུན་སྤང་བྱ་མིན་པར་འདོད་པ་ནི་རྒྱུ་འབྲས་ཀྱི་རྣམ་བཞག་ཙམ་ཡང་མ་མཐོང་བར་འདུག་པས་རང་མཚང་གསལ་བར་མ་བྱེད་ཅིག
ལེགས་བཤད་ལགས། ཁྱོད་ཀྱིས་ དེའི་ས་བོན་སྤང་བྱ་ཡིན་ཡང་རྒྱུན་སྤང་བྱ་མ་རེད། ཟེར་བ་ནི་གོང་དུ་ཁྱོད་ཀྱིས་ས་བོན་ལ་ཉེར་ལེན་གྱིས་ཁྱབ་བར་བཤད་པ་བརྗེད་སོང་བ་མིན་ནམ། ངན་འགྲོ་བའི་སྲོག་དེའི་རྒྱུན་ཕྱི་མ་སངས་རྒྱས་ས་ནས་སྐུ་གསུམ་སོགས་གང་གི་ངོ་བོར་འགྲོ་བ་ཡིན། ས་བོན་སྤང་བྱ་ཡིན་ལ་རྒྱུན་སྤང་བྱ་མིན་པར་འདོད་པ་ནི་རྒྱུ་འབྲས་ཀྱི་རྣམ་བཞག་ཙམ་ཡང་མ་མཐོང་བར་འདུག་པས་རང་མཚང་གསལ་བར་མ་བྱེད་ཅིག
ཁྱོད་ལྟར་ན་ངན་འགྲོའི་རྣམ་ཤེས་ཀྱང་སྤང་བྱ་ཡིན་པར་ཐལ། དེའི་རྟེན་སྲོག་དབང་སྤང་བྱ་ཡིན་པའི་ཕྱིར། ཟེར་ན་ལན་ཅི་འདེབས། ངན་འགྲོའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ངན་འགྲོའི་སྲོག་དབང་འགྲུབ་བྱེད་ཀྱི་ས་བོན་ཡོད་ན་མེད་ན་དེ་རེད། ངན་འགྲོའི་ལུས་རྟེན་དང་སྐལ་མཉམ་གྱི་དངོས་རྒྱུ་ཚོགས་པ་གཅིག་པའི་སྲོག་དབང་དེ་འགགས་ནས་མེད་པར་གྱུར་ཀྱང་དེའི་རྒྱུན་དུ་གྱུར་བའི་གཉུག་ཤེས་ཀྱི་བཞོན་པའི་རླུང་དེ་རིགས་དྲུག་གང་དུའང་ཡོད་ཆོག་ཆོག་རེད།
ལེགས་བཤད་ལགས། ངན་འགྲོའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ངན་འགྲོའི་སྲོག་དབང་འགྲུབ་བྱེད་ཀྱི་ས་བོན་ཡོད་ན་མེད་ན་དེ་རེད། ཞེ་ན། བཅུ་བ་སྲིད་པའམ་འཕེན་བྱེད་ཀྱི་ལས་དེའི་རྫས་རྒྱུན་དུ་གྱུར་བའི་སྲོག་ཞིག་ཡོད་པར་ཁྱོད་ཀྱིས་དོན་གྱིས་ཁས་བླངས་པས་སྔར་གྱི་འཁོར་གསུམ་དེ་རང་ཉིད་གྱི་མགོ་ལ་རང་གིས་དབྱུ་གུས་བསྣུན་པ་ད་གཟོད་ཤེས་སོང་ངམ། ངན་འགྲོའི་ལུས་རྟེན་དང་སྐལ་མཉམ་གྱི་དངོས་རྒྱུ་ཚོགས་པ་གཅིག་པའི་སྲོག་དབང་དེ་འགགས་ནས་མེད་པར་གྱུར་ཀྱང་དེའི་རྒྱུན་དུ་གྱུར་བའི་གཉུག་ཤེས་ཀྱི་བཞོན་པའི་རླུང་དེ་རིགས་དྲུག་གང་དུའང་ཡོད་ཆོག་ཆོག་རེད། ཞེས་པ།
ངན་འགྲོའི་ལུས་རྟེན་དང་སྐལ་མཉམ་གྱི་དངོས་རྒྱུ་དེ་སུའི་རྒྱུད་ན་ཡོད། རྒྱུ་འབྲས་གོ་རིམ་ནོར་བའི་ཚིག་འདི་དག་མིག་མ་ཕྱེ་བར་བྲིས་པ་མིན་ནམ།
རང་གྲོལ་ལགས། རྟེན་འབྲེལ་རྒྱུ་འབྲས་ཀྱི་གོ་རིམ་འདི་ལྟར་རེད། རྗེ་གུང་ཐང་བས།
སྲིད་པའི་རྩ་བ་མ་རིག་ཞིང་པ་ཡིས།།ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ།།
སྲེད་དང་ལེན་པའི་ཆུ་ལུད་ཀྱིས་གསོས་པས།།ས་བོན་སྟོབས་རྒྱས་སྲིད་པའི་ངོ་བོར་འཕོས།།
དེ་ལས་སྐྱེ་བའི་རང་བཞིན་མིང་གཟུགས་ཀྱི།།མྱུ་གུ་འབུས་ཤིང་སྐྱེ་མཆེད་སྡོང་བུར་འདྲིལ།།
རེག་པའི་མེ་ཏོག་ཚོར་བའི་འབྲས་སྨིན་ཡང་།།རྒ་ཤིས་བརྔས་ཏེ་སླར་ཡང་སྲིད་པར་འདེབས།།
ཇི་སྲིད་བདག་མེད་མེ་ཡིས་མ་བཅོམ་པ།།དེ་སྲིད་སྐྱེ་ཤིའི་འཁོར་ལོ་བསྐོར་དགོས་པས།།
གནས་ལུགས་ཟབ་མོས་བག་ཆགས་ཅི་ཐེབས་ཀྱིས།།སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་ཤོག།
ལེགས་བཤད་ལགས། དེ་ཡང་རིག་བྱེད་མཐའ་བས་འདོད་པའི་སྐྱེས་བུ་ཞེས་བྱ་བ། ཁམས་གསུམ་ཐམས་ཅད་དང་། བདེ་སྡུག འཆིང་གྲོལ་རྣམས་བྱེད འོན་ཀྱང་རང་གི་ངོ་བོར་འགྱུར་བ་དང་ཟད་པ་མེད། ཞེས་པའི་སྐྱེས་བུ་དང་། ཁྱོད་ཀྱིས་འདོད་པའི་སྲོག་གཉིས་ལ་ཁྱད་ཅུང་་ཟད་ཀྱང་མ་མཆིས་སོ།།
རང་གྲོལ་ལགས། ས་བོན་དང་བག་ཆགས་ལ་ཁྱད་པར་མེད་པ་ཨེ་རེད། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ།།གཞི་བདུན། ཞེས་པ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་ན་ཉོན་མོངས་ཡིན་པ་གསུམ་དང་ལས་ཡིན་པ་གཉིས། སྐྱེ་བའི་ཀུན་ཉོན་ཡིན་པ་བདུན་ཡོད་པ་རེད། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་པའི་ལས་ནི་གཉིས་པ་འཕེན་བྱེད་ཀྱི་ལས་རེད། དེ་ལ་སྲེད་ལེན་གྱིས་གསོས་བཏབ་ནས་ལས་ནུས་པ་མཐུ་ཅན་དུ་གྱུར་བ་ལ་བཅུ་བ་སྲིད་པ་བཞག་གོ །མདོར་ན་ངན་འགྲོའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་མཐུ་ཅན་དུ་གྱུར་བ་ལ་བཅུ་བ་སྲིད་པ་བཞག་པས་ལས་འདི་གྲུབ་ནས་ངན་འགྲོར་སྐྱེ་བ་ལས་ལས་བཟློག་ཐབས་མེད་པས། ངན་འགྲོ་ནས་ཤི་འཕོས་ནས་བདེ་འགྲོར་སྐྱེས་པའི་ཚེ་སྔར་གྱི་ངན་འགྲོའི་སྲོག་དབང་འགགས་ནས་མེད་ཀྱང་དེའི་སྲོག་གི་རྫས་རྒྱུན་སྔ་མ་ཞིག་མེད་ན་རྒྱང་འཕེན་པས་ལུས་གློ་བུར་བ་ལས་སེམས་གློ་བུར་དུ་གྲུབ་པར་འདོད་པ་ལྟར། ཁྱེད་ཀྱིས་ལུས་གློ་བུར་བ་ལས་སྲོག་གློ་བུར་དུ་གྲུབ་པ་མི་འདོད་བཞིན་དུ་ཁས་དགོས་པ་མ་ཡིན་ནམ་ཀྱེ།
ལེགས་བཤད་ལགས། རླུང་ལྔ་ནི་སྟོང་གཟུགས་ཀྱི་སྣང་བ་བྱེད་རྩོལ་གྱི་བདེ་བ་ལམ་དུ་བཀྲི་བ་ཡིན་ལ། མན་ངག་གི་སྡེ་ནི་ཀློང་སྡེ་སོགས་ལས་ཁྱད་པར་དུ་འཕགས་ཏེ། སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་ལ་གཞི་མེད་དུ་དངས་བར་གསུངས་པའི་སྔོན་བྱོན་ཁས་པའི་གཞུང་ཟབ་མོ་དེ་དག་གི་ཁ་བྱང་ཙམ་ཡང་མ་མཐོང་བར་རང་ཉིད་ཀྱི་རྣམ་རྟོག་ཁོ་ན་སྐྱབས་མཐར་ཐུག་ཏུ་བཟུང་སྟེ་སྣང་བ་གང་ཤར་བཤད་པ་ལ། སེམས་དང་ལྡན་པ་སུ་ཞིག་གིས་ཡིད་ཆེས་བྱེད།
སྤྱིར་སྲོག་ཅེས་བ་སྙིང་པོའམ་རྩ་བ་འདི་ལས་གལ་ཆེ་བ་ཞིག་གང་ན་ཡོད། སྲོག་གི་བར་ཆད། སྲོག་ཐར་བཏང་བ། སྲོག་སྐྱོབ་པ། སྲོག་འཕྲོག་པ། སྲོག་འབུལ་བ། རང་སྲོག་བློས་བཏང་། སྲོག་གི་ཁྲིམས་ཆད་ཕོག་པ། སྲོག་ལུས་དབང་ཐང་ལ་མོ་རྩིས་བྱེད་པ་དང་། སེམས་ཅན་གྱི་བདེ་སྡུག་ཡོད་ཚད་ལ་སྲོག་གི་འཚོ་གནས་ལ་གཞིར་བཅོལ་བ་མ་ཡིན་ནམ། ནང་པའི་གཞུང་དུ་སྲོག་གཅོད་པ་ནི་སྡིག་པ་ཚབས་ཆེ་ལ་བརྩི་གི་ཡོད་པ་རེད། སྲོག་མེད་བེམ་པོ་ལ་སྙིང་པོ་ཅི་ཡོད་སོམས་ཤིག ། འདུལ་བ་དང་མཛོད་ལས་དབང་པོའི་གཙོ་བོ་ལ་བཤད་ཚུལ་དང་བསྟན་བཅོས་གཞན་དག་ལས་འཚོ་གནས་ཀྱི་ནུས་པ་དབུགས་དང་བཅས་པ་ལ་བཤད་པ་གོང་ནས་མང་དུ་བརྗོད་ཟིན་པ་དག་རེད། ལྷག་པར་སྔགས་བླ་མེད་ཀྱི་སྐབས་སུ་འཁོར་འདས་ཀུན་གྱི་གཞི་ནི་སྲོག་ཡིན། སྲོག་འཛིན་རླུང་ལ་ཕྲ་རགས་གཉིས་བཤད་ཅིང་རགས་པ་ནི་འཕྲལ་རྐྱེན་གྱིས་གྲུབ་ལ་རྐྱེན་གཞན་གྱིས་གཞོམ་དུ་ཡོད་ཀྱང་ཕྲ་མོ་ནི་འཕྲལ་རྐྱེན་གྱིས་གྲུབ་པ་ཞིག་མ་ཡིན་པར་རྐྱེན་གང་གིས་ཀྱང་གཞོམ་དུ་མེད་པ་ཡིན་པར་བཤད་ཡོད།
།ལེགས་བཤད་ལགས། ཕྲ་བ་གཉུག་མའི་ལུས་དེ་ཐོག་མ་མེད་པ་ནས་གཉུག་སེམས་དང་ལྷན་ཅིག་ཏུ་འོངས་ཤིང་འཁོར་བར་འཁོར་མཁན་དང་རྣམ་སྨིན་མྱོང་བ་པོ་ཡང་མིན་ལ། དུད་འགྲོའི་གནས་སྐབས་ན་དུད་འགྲོའི་ལུས་དང་མིའི་གནས་སྐབས་ན་མིའི་ལུས་ཀྱི་རྣམ་པར་ཡོད། དམྱལ་བའི་གནས་སྐབས་ན་དམྱལ་བ་ཡིན་པའི་ཕྱིར། ཞེས་པ་འདི་བགོད་བྲོ་བའི་གཏམ་ཞིག་སྟེ། གྲངས་ཅན་པའི་བདག་ཤེས་རིག་པའི་སྐྱེས་བུ་དང་ཁྱད་པར་ཅུང་ཟད་ཀྱང་མེད་པ་ཞིག་ཁས་བླངས་འདུག་པས། རྟ་ལ་མངོན་པར་བཞོན་བཞིན་དུ་རྟ་བརྗེད་སོང་བ་མིན་ནམ
མན་ངག་གི་སྡེ་ནི་ཀློང་སྡེ་སོགས་ལས་ཁྱད་པར་དུ་འཕགས་ཏེ། སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་ལ་གཞི་མེད་དུ་དངས་བར་གསུངས་པ་ནི་ཁྱེད་རང་གི་རྣམ་རྟོག་ཁོ་ན་ལ་སྐྱབས་སུ་བཟུང་བར་ཟད་དེ། རྫོགས་ཆེན་ལ་མཆོག་དམན་གྱི་ཁྱད་པར་ཕྱེ་བ་ཡིན་ན་རྫོགས་ཆེན་ཐེག་དགུའི་རྩེ་མོ་མ་ཡིན་པར་ཐལ་བའམ་རྙིང་མའི་ཆོས་ཀྱི་སྙིང་པོ་མ་ཡིན་ནམ། ཀློང་སྡེ་བས་འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་པའི་ཐབས་ཟབ་པས་ལམ་འདི་ལ་ཞུགས་པའི་རྙིང་མའི་རིག་འཛིན་གོང་མ་རྣམས་ཡེ་ཤེས་ཀྱི་སྐུར་གཤེགས་པ་ཤ་སྟག་བྱུང་ངོ་ཞེས་རྡོ་རྗེ་ཟམ་པ་བ་རྣམས་ཀྱིས་གསུངས་པ་མ་ཡིན་ནམ།
ལེགས་བཤད་ལགས། སྲོག་གི་བར་ཆད། སྲོག་ཐར་བཏང་བ། སྲོག་སྐྱོབ་པ། སྲོག་འཕྲོག་པ། སྲོག་འབུལ་བ། རང་སྲོག་བློས་བཏང་། སྲོག་གི་ཁྲིམས་ཆད་ཕོག་པ། སྲོག་ལུས་དབང་ཐང་ལ་མོ་རྩིས་བྱེད་པ་དང་། སེམས་ཅན་གྱི་བདེ་སྡུག་ཡོད་ཚད་ལ་སྲོག་གི་འཚོ་གནས་ལ་གཞིར་བཅོལ་བ་མ་ཡིན་ནམ། ཞེས་སོགས་བྱུང་རྒྱལ་དུ་སྨྲས་པ་ནི་ཟེར་རྒྱུས་ཕོངས་པའི་ངན་གོམས་རྒྱ་ཡན་དུ་སོང་བ་ཞིག་ཡིན་པས་ཉི་མ་འགྲོ་ཐབས་ཀྱིས་ཅི་ཕན།
རང་གྲོལ་ལགས། གཉུག་མའི་ལུས་དེ་གྲངས་ཅན་པའི་བདག་ཤེས་རིག་པའི་སྐྱེས་བུ་དང་ཁྱད་པར་ཅུང་ཟད་ཀྱང་མེད་པ་ཞིག་ཁས་བླངས་འདུག་ཟེར། ཧ་ཧ། གྲངས་ཅན་པས་བདག་ཤེས་རིག་པའི་སྐྱེས་བུ་ཞེས་བདག་དང་ཤེས་པ། རིག་པ། སྐྱེས་བུ་རྣམས་དོན་གཅིག་ཡིན་པར་འདོད་ལ། ནང་པའི་གཞུང་ལས་བཤད་པའི་གཉུག་མའི་ལུས་དེ་ཤེས་བ་ཡིན་པར་མི་འདོད་དོ།།
ལེགས་བཤད་ལགས། རྫོགས་ཆེན་ལ་མཆོག་དམན་གྱི་ཁྱད་པར་ཕྱེ་བ་ཡིན་ན་རྫོགས་ཆེན་ཐེག་དགུའི་རྩེ་མོ་མ་ཡིན་པར་ཐལ་བའམ་རྙིང་མའི་ཆོས་ཀྱི་སྙིང་པོ་མ་ཡིན་ནམ། ཞེས་པ་འདི་ནི། ཐེག་པ་ཐེག་པ་རིམ་དགུའི་རྩེ་མོ་མ་ཡིན་པར་ཐལའམ་ སངས་རྒྱས་ཆོས་ཀྱི་སྙིང་པོ་མ་ཡིན་ནམ། ་ཞེས་པ་དང་འདྲ་བས། སྤྱི་དང་བྱེ་བྲག་གི་ཁྱབ་མཐའ་ཙམ་ཡང་མ་ཆགས་པར་འཁོར་གསུམ་ཟེར་མཁན་ཞིག་བྱུང་པ་ནི་སྙིགས་དུས་ཀྱི་ངན་མཚང་བདོ་བ་མིན་ནམ།
གཉུག་མའི་ཡེ་ཤེས་ལས། གཉུག་མའི་ལུས་ཞེས་པའི་ཐ་སྙད་ཅིག་གང་དུ་ཡོད་དམ།
གྲངས་ཅན་པས་སྤྱི་གཙོ་བོ་ནི་ལོང་བ་རྐང་ཅན་འདྲ་བ་དང་བདག་ཤེས་རིག་པའི་སྐྱེས་བུ་ནི་ཞ་བོ་མིག་ཅན་ལྟ་བུ་གཉིས་གཅིག་ཏུ་འཁྲུལ་ནས་རྣམ་འགྱུར་རྣམས་རྩ་བའི་རང་བཞིན་གྱིས་སྤུལ་བའི་ཚུལ་མ་ཤེས་པའི་དབང་གིས་འཁོར་བ་འཁོར་བར་འདོད་ལ། སྔགས་ཀྱི་སྐབས་སུ་གཉུག་མའི་རླུང་དེ་ལོང་བ་རྐང་ཅན་འདྲ་བ་དང་གཉུག་མའི་ཤེས་པ་དེ་ཞ་བོ་མིག་ཅན་ལྟ་བུར་གསུངས་ཡོད་ཀྱང་ངོ་བོ་དང་བྱེད་ལས་མི་འདྲ་བ་དང་ཐར་བ་འཐོབ་ཚུལ་མི་འདྲ་བ་དང་། བླ་མའི་མན་ངག་ལ་བརྟེན་ནས་ཐོག་མ་མེད་པ་ནས་འགྲོགས་ཤིང་འོངས་པའི་གཉུག་མའི་ལུས་དེ་འཇའ་ལུས་རྡོ་རྗེའི་སྐུར་གཤེགས་པའི་ཉེར་ལེན་ཡོད་ན་མེད་ན་དེ་རེད།
སྔ་འགྱུར་རྙིང་མ་བའི་ལུགས་ལ་ཐེག་པ་རིམ་དགུའི་ནང་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་བླ་ན་མེད་པའི་ཐེག་པ་ཡིན་ནམ་མིན། ཡིན་ན་རྫོགས་ཆེན་ལ་ནང་གསེས་ཀྱིས་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་གསུམ་ལས་དེ་དག་ལ་མཆོག་དམན་འཇོག་པ་རང་མཚང་མ་ཡིན་ནམ་ཀྱེ།
དཔེར་ན་གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ་ཐལ་འགྱུར་བའི་གྲུབ་མཐའ་ཡིན་པར་ཁས་བླངས་ནས་དེ་ལ་ནང་གསེས་ཀྱིས་མཆོག་དམན་མི་འབྱེད་པ་ནི་གནད་དམ་པ་ཡིན་ནོ་ཀྱེ་ཀྱེ། རང་གྲོལ་ལགས།
ལེགས་བཤད་ལགས། ཁྱེད་རང་རྙིང་མའི་གཞུང་ལ་རྒྱུས་མེད་པ་འདྲ། རང་ཉིད་གང་ལ་རྒྱུས་ཡོད་པ་དེ་གསུང་རྒྱུ་ངའི་རེ་བ་ཡིན། ཀརྡོ་ལགས། ལེགས་བཤད་ཀྱི་རྣམ་རྟོག་འདི་མི་ཞིག་གི་རྣམ་རྟོག་མིན་པ་འདྲ།
ལེགས་བཤད་ལགས། སྲོག་ཅེས་པ་ཅི་འདྲ་ཞིག་ལ་བྱེད་པ་ནི་སྐབས་དོན་ཡིན་པ་བརྗེད་སོང་ངམ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྒོང་སྐྱེས་སྒོ་ངའི་སྦུབས་གྲོལ་ལྟར།།ནང་གི་བདག་ཉིད་མཉམ་བཞག་པས།།མི་འདྲ་བ་དང་འདྲ་བ་ཡིས།།སྲིད་པའི་འདུ་བྱེད་ཐུབ་པས་བཏང་།།ཞེས་གསུངས་པའི་སྐབས་འདིར་སྲོག་གཏོང་འཇོག་ལ་འཕྲོས་ནས་འཕགས་ཡུལ་གྱི་ཁས་པའི་འདོད་ཚུལ་མི་འདྲ་བ་ཡོད་པ་ཤེས་སམ།
ད་འཁྲུལ་བསྡད་ཡོད་པ་འདྲ་བོ། འཁྲུགས་བསྡད་པ་འདྲ་བོ་ཞིག་རེད། མ་གཞི་ནས་གྲོགས་པོ་ཚོའི་ཤེས་ཡོན་ཐད་ནས་རྒྱ་ཆེན་པོ་དང་གཏིང་ཟབ་མོ་རེད། ཀློག་སྤྲོ་བོ་བྱུང་། ཐུགས་རྗེ་ཆེ།
ནག་ལེགས་གཉིས་ལགས། གསོན་དང་། སྒོང་སྐྱེས་སྒོ་ངའི་སྦུབས་གྲོལ་ལྟར།།ནང་གི་བདག་ཉིད་མཉམ་བཞག་པས།།མི་འདྲ་བ་དང་འདྲ་བ་ཡིས།།སྲིད་པའི་འདུ་བྱེད་ཐུབ་པས་བཏང་།།ཞེས་གསུངས་པའི་སྐབས་འདིར་སྲོག་གཏོང་འཇོག་ལ་བྱེ་སྨྲ་དང་དབྱངས་སྒྲོགས་དང་སློབ་དཔོན་དང་གོ་ཆ་སོགས་ཀྱིས་སྲོག་ལ་རྣམ་སྨིན་གྱིས་ཁྱབ་མིན་རྩོད་ཚུལ་ལ་ཞིབ་པར་གཟིགས་དང་། སྲོག་གི་རྒྱུན་འགག་པ་ཡིན་མིན་གསལ་བོར་གསུངས་འདུག་པ་ཤེས་ནུས་པས། དེ་དག་སོགས་ལ་མིག་མ་བལྟས་བར་ཟད་པའི་ལེགས་བཤད་ཀྱི་བཤད་པ་དག་ལ་སྙིང་པོ་ཅི་ཡང་མ་མཐོང་ངོ་།། ནག་ཐར་ཁྱོད་ཀྱིས་འཁྲུལ་འཁྲུགས་ཀྱི་གནས་དག་ལ་མཛུབ་མོ་མ་བཙུགས་པར་ཟུར་ཟ་བའི་རྣམ་འགྱུར་ལ་ལེགས་བཤད་ཀྱིས་ཡི་རང་བྱེད་སྲིད་དམ།
ནག་ལེགས་གཉིས་ལགས། གསོན་དང་། སྒོང་སྐྱེས་སྒོ་ངའི་སྦུབས་གྲོལ་ལྟར།།ནང་གི་བདག་ཉིད་མཉམ་བཞག་པས།།མི་འདྲ་བ་དང་འདྲ་བ་ཡིས།།སྲིད་པའི་འདུ་བྱེད་ཐུབ་པས་བཏང་།།ཞེས་གསུངས་པའི་སྐབས་འདིར་སྲོག་གཏོང་འཇོག་ལ་ བྱེ་སྨྲ་དང་དབྱངས་སྒྲོགས་དང་སློབ་དཔོན་དང་གོ་ཆ་སོགས་ཀྱིས་སྲོག་ལ་རྣམ་སྨིན་གྱིས་ཁྱབ་མིན་རྩོད་ཚུལ་ལ་གཟིགས་དང་། སྲོག་གི་རྒྱུན་འགག་མིན་གསལ་བོར་གསུངས་འདུག་པ་ལ་མིག་མ་བལྟས་ པའི་ལེགས་བཤད་ཀྱི་བཤད་པ་དག་ལ་སྙིང་པོ་མ་མཐོང་། ནག་ཐར་ལགས་ཁྱོད་ཀྱིས་འཁྲུལ་འཁྲུགས་ཀྱི་གནས་གང་ཡིན་མཛུབ་མ་བཙུགས་པར་ཟུར་ཟ་བ་ཙམ་གྱིས་ལེགས་བཤད་ཀྱི་དོགས་པ་བསེལ་དཀའ།
ལེགས་བཤད་ལགས་ཀྱིས། དཔེར་ན་གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ་ཐལ་འགྱུར་བའི་གྲུབ་མཐའ་ཡིན་པར་ཁས་བླངས་ནས་དེ་ལ་ནང་གསེས་ཀྱིས་མཆོག་དམན་མི་འབྱེད་པ་ནི་གནད་དམ་པ་ཡིན་ནོ་ཀྱེ་ཀྱེ། གསུངས་པ་ལ་འོ་ན་སངས་རྒྱས་པ་ལ་གྲུབ་མཐའ་བཞིར་རུ་ཕྱེས་པའི་ནང་གསེས་ཀྱི་དབུ་མ་པའི་གྲུབ་མཐའ་དེ་མཐར་ཐུག་གི་གྲུབ་མཐར་བཞག་ཀྱང་དེ་ལ་དབུ་མ་རང་རྒྱུད་པ་དང་དབུ་མ་ཐལ་འགྱུར་བ་གཉིས་ཡོང་དགོས་དོན་གང་ཡིན་ནམ། །
BONPO ལགས། ལེགས་བཤད་ཟེར་བ་དེ་མཁས་པ་ཆེན་པོ་ཞིག་ཡིན་རྒྱུ་རེད་ནང་འགལ་དེ་དག་ཐུགས་ཉམས་འདྲ་འཇོག་ཁོམས་མ་བྱུང་བ་མིན་ནམ།
བགློ་གླེང་ཡག་པོ་འདུག། ཐུགས་རྗེ་ཆེ། མུ་མཐུད་ཡིན་ད།
དྲ་གྲོགས་རྣམས་ལེགས་བཤད་མཐོང་སོང་ངམ། སྲོག་དང་མཉམ་དུ་ལྷག་མེད་དབྱིངས་ལ་འཕོས་སོང་པ་མིན་ནམ།
ཀྱེ་ཀྱེ་རང་གྲོལ་ལགས། མཛོད་ཀྱིས་བཤད་པ་དག་ཚད་མར་འཛིན་པ་ལ་བཙུན་པ་དབྱངས་སྒྲོག་ལ་སོགས་མཁས་པ་དེ་དག་ལ་བཞེད་དགོངས་མི་འདྲ་བ་ཟབ་མོ་ཞིག་ཡོད་དུ་ཆུག་ཀྱང་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་དང་འགལ་བ་ཁས་བླངས་ནས་འགྲེལ་བཤད་ཇི་ལྟར་རྒྱག་ཐུབ་བམ། སྐྱེ་བ་སྔ་ཕྱི་ཡོད་དུ་འདོད་ཀྱང་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་ཁས་བླངས་ཕྱིན་ལྷག་མེད་དུ་མྱ་ངན་ལས་འདས་པ་ན་སེམས་རྒྱུན་ཆད་པ་ཁས་ལེན་དགོས་པ་བྱུང་བ་དང་། རྒྱང་འཕེན་པས། གང་འཆི་སེམས་ཡིན་པ་དེ་ནི་རིགས་འདྲ་ཕྱི་མར་མཚམས་མི་སྦྱོར་བས་ཁྱབ་སྟེ། དཔེར་ན་དགྲ་བཅོམ་པ་ཐ་མའི་འཆི་སེམས་དེ་རིགས་འདྲ་ཕྱི་མར་མཚམས་མི་སྦྱོར་བ་ཁྱེད་ཀྱི་ལུང་ལས་བཤད་པ་བཞིན་ནོ། ཐ་མལ་བའི་འཆི་སེམས་དེ་ཡང་འཆི་སེམས་ཡིན་ནོ།། ཞེས་བཀོད་པ་ནི་བྱེ་སྨྲའི་མཁས་པ་དེ་དག་གི་དབུ་ཐོག་བབས་པོ། བྱེ་སྨྲའི་གྲུབ་མཐའ་སྨྲ་བ་དག་གིས་མར་མེ་ཤི་བ་བཞིན་བེམ་རིག་རྒྱུན་ཆད་པར་འདོད་ན་སྐྱེ་བ་ཕྱི་མ་མེད་པའི་སྒྲུབ་བྱེད་ཡང་དག་ཏུ་སོང་འདུག་པ་མ་ཡིན་ནམ། སྲོག་དང་མི་ལྡན་པའི་སེམས་དང་སེམས་དང་མི་ལྡན་པའི་སྲོག་མེད་པས་སྲོག་གི་རྒྱུན་ཆད་རྒྱུ་ཡོད་པ་རིགས་འདྲའི་རྒྱུན་ལ་བསམ་བློ་གཏོང་དགོས། སྲོག་བེམ་པོ་ཞིག་ཏུ་མི་འདོད་པས་སྲོག་གི་ཉེར་ལེན་དེ་ལ་རྫས་རྒྱུན་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་དམ་མེད། གཞན་ཡང་མཛོད་ཀྱི་བཤད་པ་སྒྲ་ཇི་བཞིན་དུ་ཁས་མི་ཐུབ་པ་ནི། ནམ་ཕྱེད་ཉི་མ་ནུབ་པ་དང་།།ཉི་མ་འཆར་དང་འཆར་དུས་གཅིག།ཅེས་པ་ལྟར་ཉི་ཟླ་འཆར་ནུབ་ཀྱི་དབང་དུ་བྱས་ནས་གླིང་བཞི་འཇོག་པ་དང་། དེ་ལྟར་ན་ཨ་རི་ལ་ས་རིབ་པ་དང་རྒྱ་གར་ལ་ཉི་མ་ཤར་བ་དུས་མཉམ་ཡིན་པས་ཨ་རི་ནི་བྱང་སྒྲ་མི་ཉན་དུ་འཇོག་དགོས་སམ། རི་རབ་གླིང་བཞི་གླིང་ཕྲན་དང་ཕྱིའི་རྒྱ་མཚོ་དང་ནང་གི་རྒྱ་མཚོ་དེ་དག་གི་ཚད་གཞི་བཤད་པ་དེང་སང་གི་དངོས་པོའི་གནས་ཚུལ་དང་འགལ་བ་མང་པོ་ཞིག་མི་འདོད་བཞིན་དུ་ཁས་ལེན་དགོས་པར་ཐུག་པས་མངོན་སུམ་ལ་སྙོན་འདིང་མི་རིགས་པ་མ་ཡིན་ནམ། ཀྱེ་ཀྱེ་དཔྱོད་ལྡན་ལགས།
བླ་སྲོག་ཚེ་གསུམ་གྱི་སྐོར་ལ་བགྲོ་གླེང་མང་ཙམ་གནང་ཐུབ་ན་ཕན་ཐོགས་ཆེ། མུ་མཐུད་ཅིག རིགས་པ་སྨྲ་བ་ཚོ།
ཡང་ཚེ་དྲོད་བླ་སྲོག་སོ་སོའི་ངོས་འཛིན་སོས་སོར་ཐུབ་པ་ཤིན་ཏུ་དཀའ་བར་མཐོང་ལགས། །
ད་དུང་ལེགས་བཤད་ལྷག་བཅས་གནས་སྐབས་ན་ཡོད་པ་འདྲ། གཉུག་མའི་རླུང་ནི་སྲོག་ཡིན་དེ་ལ་གཉུག་སེམས་བཞོན་ཏེ་སྐྱེ་བ་ཕྱི་མ་སོགས་སུ་འགྲོ་གི་ཡོད་པར་ཁྱོད་ཀྱིས་ཁས་ལེན་ལ་སོང་ཟིན་པས། ཁྱོད་ཀྱིས་སྲོག་བཞོན་ཏེ་ལྷག་མེད་དབྱིངས་ནས་ཕྱིར་ལོག་པ་ལ་དགའ་བསུ་ཞུ། མཛོད་གནས་གཉིས་པར། གཟུགས་མེད་དག་ཏུ་འཆི་བ་ནི།།སྲོག་དང་ཡིད་དང་བཏང་སྙོམས་ཉིད།།ཅེས་དང་།སྲོག་ནི་ཚེ་ཡིན་དྲོད་དང་ནི།།རྣམ་ཤེས་རྟེན་གང་ཡིན་པའོ།།ཞེས་པའི་སྐབས་དོན་འདི་ནི་དཔྱོད་པར་བྱ་བའི་གཞི་ཡིན་ན་དེ་བཞག་ནས། རང་སྐྱོན་འགེབ་པའི་ཕྱིར་གནས་གསུམ་པའི་ལུང་ཡིག་ནོར་དུ་བྲིས་ནས་མཛོད་སྒྲ་ཇི་བཞིན་དུ་ཁས་ལེན་མི་རུང་པའི་སྒྲུབ་བྱེད་དུ་བཀོད་པ་དེའི་ཕྱིར། དེས་ན། དབྱར་གྱི་ཟླ་བ་གཉིས་པ་ཡི།།ཞེས་པ་ནས། ཐུང་ངུ་འགྱུར་རོ་ཉིན་མོ་བཟློག།ཞེས་པ་འདི་ཡི་དགོངས་པ་ཡང་གཞན་དུ་དྲངས་དགོས་པར་འགྱུར་རོ།། རྣམ་འགྲེལ་ལས། སྐྱེས་བ་ཡོངས་སུ་ལེན་པ་ན།།འབྱུང་རྔུབ་དབང་པོ་བློ་དག་ནི།།ཞེས་སྐྱེ་བ་སྔ་ཕྱི་སྒྲུབ་པ་དང་། དགྲ་བཅོམ་སེམས་གང་ཡིན་དེ་ཡང་།།གང་ལས་མཚམས་སྦྱོར་མེད་བར་འདོད།། ཅེས་རིག་པ་རྒྱུན་ཆད་འདོད་ཚུལ་ལ་འཕགས་ཡུལ་མཁས་པའི་གཙུག་རྒྱན་དག་གིས་བཞེད་པ་གང་ཡིན་མ་རྟོགས་པར་མཐར་ཐུག་ཐེག་གསུམ་འདོད་པའི་གྲུབ་མཐའ་ལ་ཞེ་སྡང་བ་ནི་ངན་འགྲོའི་རྒྱུ་འབའ་ཞིག་ཡིན་ནམ།
ཀརྡོ་གཉེར་ཕྱག་པ་ལགས། ཁྱོད་ཀྱིས་ནག་རྩིས་ཀྱི་བཅུ་གསུམ་འཁོར་བཞག་ཙམ་མཐོང་ཡོད་པ་འདྲ། འོན་ཀྱང་རྩིས་ཀྱི་ཐ་སྙད་བླ་སྲོག་དང་ཚེ་ཟེར་བ་སོགས་སྐབས་འདིར་བཤད་པའི་ཚེ་སྲོག་ལ་མ་ནོར་བ་གྱིས།
བླ་སྲོག་ཚེ་གསུམ་གྱི་སྐོར་ལ་བགྲོ་གླེང་མང་ཙམ་གནང་ཐུབ་ན་ཕན་ཐོགས་ཆེ། མུ་མཐུད་ཅིག རིགས་པ་སྨྲ་བ་ཚོ།
ངའི་དྲ་གྲོགས་ཚོས་ད་རུང་ཡང་བགྲོ་གླེང་ལྷུག་པོར་གནང་བཞིན་འདུག་པས་ཤིན་ཏུ་དགའ་ཡོད།ཕྲན་དེ་རིང་ཅུང་ཟད་ཁོམ་པ་ཡོད་པས་ཆ་ཚང་ཀློག་ཐུབ་མ་སོང་མོད།ངོ་མ་ཡིད་དབང་འཕྲོག་པའི་བགྲོ་གླེང་གནང་བ་ལ་བཀའ་དྲིན་ཆེ།
ལེགས་བཤད་ལགས། མཆན་དང་པོར་ཁྱོད་ཀྱིས་འདི་ལྟར་གསུངས་འདུག །དེ་ལྟར་ན་འཁོར་བའི་རྩ་བ་གཉུག་མའི་རླུང་ཡིན་པ་དང། ཞེས་དང་། མཆན་གསུམ་པར། འཁོར་བར་འཁོར་བྱེད་ཀྱི་རྩ་བ་མ་རིག་པ་དང་དེའི་དབང་གིས་ལས་བསགས་ནས་འཁོར་བའི་སྐྱེ་བ་ལེན་པ་དང་། ཞེས་སོགས་འགལ་འདུའི་ཕུང་དེ་དག་ཐམས་ཅད་ཀུན་གྱིས་མཐོང་གསལ་ཡིན་པས་འདི་ནི་མཚོན་པ་ཙམ་མོ།།
ལེགས་བཤད་ལགས། ཁྱོད་ཀྱིས་མཆན་༩༨པར། སྲོག་དང་མི་ལྡན་པའི་སེམས་དང་སེམས་དང་མི་ལྡན་པའི་སྲོག་མེད་པས་སྲོག་གི་རྒྱུན་ཆད་རྒྱུ་ཡོད་པ་རིགས་འདྲའི་རྒྱུན་ལ་བསམ་བློ་གཏོང་དགོས། ཅེས་གསུངས་ན།་ འོ་ན། ཁྱོད་ལ་སྲོག་ལྡན་ན་ཁྱོད་ཀྱི་སེམས་ལའང་སྲོག་ལྡན་དགོས་ན། ཁྱོད་ཀྱི་སེམས་ལའང་མིག་གི་དབང་པོ་སོགས་ཕོ་མོ་གང་རུང་གི་དབང་པོ་བཅས་བཅུའམ་དགུ་ལྡན་པར་འགྱུར་རོ།། དྲ་གྲོགས་རྣམས་ལེགས་བཤད་ཀྱིས་རང་ཉིད་ཀྱི་སེམས་དེ་ལ་ཕོ་མོའི་མཚན་མ་གང་རུང་ལྡན་པར་ཁས་བླངས་སོ།།
མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་།།ཉི་མ་ཕྱེད་དང་འཆར་དུས་གཅིག།།ཅེས་ཉི་ཟླ་འཆར་ནུབ་ཀྱི་དབང་དུ་བྱས་ནས་གླིང་བཞི་འཇོག་པ་ན་བྱང་སྒྲ་མི་སྙན་དུ་ནམ་ཕྱེད་དུས་ན་ལྷོ་འཛམ་བུའི་གླིང་དུ་ཉི་མ་ཕྱེད་དེ་གླིང་བཞི་ལ་སྔ་དྲོ་དང་ཉིན་གུང་ཕྱི་དྲོ་ནམ་གུང་བཅས་དུས་བཞི་རེས་མོས་སུ་འཁོར་ཚུལ་ལ་བགོས་པ་ནི་ཉིན་ཞག་མཉམ་པའི་དབང་དུ་བྱས་ཚུལ་མཆིམས་འཇམ་དཔལ་དབྱངས་ཀྱིས་གསུངས། མི་མཉམ་པའི་དུས་སུ་དེ་ལྟར་ངེས་བ་མེད་ཅེས་གསུངས་བ་མ་ཡིན་ནམ། དབྱར་གྱི་ཟླ་བ་གཉིས་པ།།ཞེས་པའི་དབྱར་ཟླ་གཉིས་པ་ཁྲུམས་སྟོད་ཟླ་དང་དགུན་ཟླ་བཞི་པ་དབོ་ཟླ་ཡིན་པ་ནི་སོགས་ནི་དུས་ཚིགས་ལ་གསུམ་དུ་ཕྱེ་ནས་བཤད་པ་རེད། འདུལ་བ་ལས། དུས་ཚིགས་ལ་དྲུག་ཕྱེ་བ་དང་སྐར་ཁྱིམ་གྱི་དབང་དུ་བྱས་ནས་བཞིར་ཕྱེ་བ་མ་ཡིན་ནམ། ཀྱེ་ཀྱེ་དཔྱོད་ལྡན་ལགས། ཉི་མས་འཛམ་གླིང་ལ་བསྐོར་བ་རྒྱག་པ་འདི་དང་ཉིན་མཚན་རེས་མོས་ཀྱིས་གླིང་བཞི་འཇོག་ན་འཛམ་གླིང་ལྷོ་སྣེའི་Antractic་གླིང་ཕྲན་ལ་ཟླ་བ་དྲུག་ལ་མཚན་མོ་དང་ཟླ་བ་དྲུག་ལ་ཉིན་མོ་སྟེ་ལོ་གཅིག་གི་དུས་ཡུན་དང་ཉིན་ཞག་གཅིག་དུས་ཡུན་མཉམ་པས་ཁྱེད་ཀྱིས་འགྲེལ་བརྗོད་ཇི་ལྟར་བྱེད་ལགས། དུང་རྗེས་ལུས་ཀྱི་རྣམ་པ་ཞིག་མ་ཡིན་ནམ། སྒྲ་ཇི་བཞིན་དུ་ཁས་ལེན་པའི་གདེངས་ཚོད་ཅི་ཡོད། ཅིག་གསུངས་དང་།
ཀྱེ་ཀྱེ་རང་གྲོལ་ལགས། རྣམ་ཤེས་རྟེན་གང་ཡིན་པའོ།།ཞེས་པ་ལྟར་སྲོག་ནི་རྣམ་ཤེས་ཀྱི་རྟེན་ཡིན་པ་དང་ངེས་ལྡན་པ་ནམ་ཡང་བརྗེད་མི་རུང་། གཟུགས་དང་གཟུགས་མེད་ཀྱི་གང་ཟག་ལ་སྲོག་ཡོད་ཀྱང་ཕོ་མོའི་དབང་པོ་སོགས་མི་ལྡན་པ་ལ་རྟོག་དཔྱོད་ཙམ་ཡང་མ་ཞུགས་པ་ཅི་ཡིན་ནམ།
ལེགས་བཤད་ལགས། སངས་རྒྱས་ཀྱིས་ཆོས་གསུངས་པ་ནི་གདུལ་བྱའི་དབང་གིས་ཡིན་པ་སྨྲ་མི་དགོས་མོད། ཡུལ་དང་དུས་དང་གནས་སྐབས་དེ་དང་དེར་གདུལ་བྱ་ལ་འཚམས་པའི་སྒོ་ནས་སྨིན་གྲོལ་དུ་འགོད་པར་མཛད་པ་ཡིན་པ་ལས་གདུལ་བྱའི་བློ་དང་མི་འཚམས་པ་སྟོན་མི་རུང་བ་ནི་བདག་ཡོད་བར་སྟོན་པའི་མདོ་གཅིག་པུས་ཀྱང་དཔག་ནུས་པས། གླིང་འདིའི་ཕྱོགས་གཅིག་ལ་ཟླ་བ་ཁ་ཤས་ལ་ཉི་མ་ནུབ་པ་མེད་པ་བདེན་མོད། ཤར་གླིང་འདི་ལ་གནས་པའི་མི་རྣམས་ལ་ཁྱོད་ཀྱིས་ཉིན་གཅིག་གི་ཡུན་ཚད་ནི་ཟླ་དྲུག་གི་ཡུན་ཚད་དང་མཉམ་པ་རེད་ཅེས་ཤོད་དང་ཁྱོད་སྨྱོན་པའི་གྲལ་དུ་ཁྲི་མཐོ་པོ་ཞིག་བཤམས་ངེས་བ་ཡིན།
རང་གྲོལ་ལགས། ཨེ་ཤུ་ཡའི་གླིང་འདི་ལ་ཉིན་གཅིག་གི་ཡུན་ཚད་ནི་ཟླ་དྲུག་གི་ཡུན་ཚད་དང་མཉམ་པ་རེད་ཅེས་ནམ་ཡང་བདག་གིས་བཤད་མྱོང་མེད། ཀྱེ་ཀྱེ་དབུ་འཁྲུལ་བ་མིན་ནམ། དེར་མ་ཟད་མདོ་དྲན་ཉེ་ལས་འཛམ་གླིང་གི་མཐའ་ན་ཉི་མ་གཏན་མི་ཤར་བའི་གནས་ཡོད་པ་དང་། མདོ་མྱང་འདས་བམ་པོ་བཅུ་གཅིག་པར། ལྷ་རྣམས་ཉིན་རེ་བཞིན་ཟླ་འཛིན་མཐོང་བར་གསུངས་བ་འདི་དག་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བློ་དང་འཚམས་པར་གསུངས་པ་མ་ཡིན་ནམ། དེང་སང་ཚན་རིག་གིས་བྱང་མཐའ་དང་ལྷོ་མཐའི་གླིང་དང་ཐག་ཉེ་སར་ལོ་ཕྱེད་ལ་ཉི་མ་མི་ཤར་བ་དང་། ལོ་ཕྱེད་ལ་ཉི་མ་མི་ནུབ་པའི་དུས་ཡོད་པར་མཐོང་བ་དང་། བོད་ཡུལ་ཨ་མདོའི་ཁུལ་དུ་དགུན་ཉི་ཟློག་གི་དུས་དེར་གླིང་ཕྲན་དེ་ན་དགུན་ཉི་ཟློག་གི་དུས་ཡིན་པ་དང་། དཔྱིད་མཉམ་སྟོན་མཉམ་གྱི་ཉིན་དེར་ཡང་དེ་གཉིས་སུ་གོ་ལྡོག་ནས་ཡོད་པ་སོགས་མདོ་དང་རྒྱུད་སྡེ་ལས་བཤད་པ་རྣམས་དང་གཏན་མི་མཐུན་པའི་རྣམ་བཞག་འདི་དག་ལ་ཁྱེད་ནས་ལན་ཇི་ལྟར་འདེབས། ཅེས་མངོན་སུམ་ལ་སྙོན་འདིང་བ་ནི་མི་རིགས་པས། ཁྱེད་ཀྱིས་མཛོད་ཀྱིས་བཤད་པ་ལྟར་སྒྲ་ཇི་བཞིན་དུ་ཁས་ལེན་རྒྱུ་ཟེར་ན། སྐྱོན་འདི་དག་མགོ་ཐོག་ཏུ་འབབ་པར་གྱུར་རོ།།