གནས་ཚུལ་མཁོ་འདོན་པ། བསོད་ནམས།
ཕྱི་ཟླ་༡༡ཚེས་ ༡༧ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༤ ཡས་མས་སུ་རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱིས་རེབ་གོང་ཁུལ་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་ཁྲལ་བསྡུ་ལས་ཁུངས་ཀྱི་སྒོ་ཁ་ནས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། ཉིན་འགའི་སྔོན་ནས་ཁོང་གི་ཁྱིམ་ཚང་དུ་ཕྱོགས་གང་ས་ནས་མྱ་ངན་འཚམས་འདྲི་དང་གདུང་སེམས་མཉམ་བསྐྱེད་ཆེད་མི་མང་བརྒྱ་ཕྲག་མང་པོ་ཕེབས་བཞིན་ཡོད་འདུག ཁོང་གིས་མེར་བསྲེགས་གཏོང་སྐབས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། སྐད་ཡིག་རང་དབང་དགོས། ཞེས་སྐད་འབོད་གནང་འདུག་ལ། བོད་ཡིག་དང་རྒྱ་ཡིག་གཉིས་ཐོག་ཁ་ཆེམས་ཡི་གེ་ཞིག་བྲིས་ཡོད་པའི་ནང་དུ་ མི་རིགས་འདྲ་མཉམ་དང་། རྒྱ་ནག་གི་མགོ་ཁྲིད་གསར་བ་ཞི་ཅིན་ཕེན་གྱིས་ངེས་པར་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་དགོས། ཞེས་དང་། ཤོག་ངོས་ཀྱི་ཟུར་ལ་རྒྱ་ཡིག་ཏུ་་་་་་和平་་་་་དང་བོད་ཡིག་ཏུ་་་་ཞི་བདེ་་་་་ཞེས་བྲིས་ཡོད་འདུག ཉེ་དུས་ནས་རྒྱ་གཞུང་གི་དམག་མི་སྟོང་ཕྲག་མང་པོ་ཡོང་སྟེ། རྨ་ལྷོ་ཁུལ་དང་རེབ་གོང་རྫོང་གི་ས་གནས་གང་སར་འཐབ་ར་བརྩིགས་ཏེ་ས་གནས་མི་མང་ལ་དམ་དྲག་བྱེད་ཀྱིན་ཡོད་ནའང་། སྡེ་བ་དང་དགོན་པ་སོགས་གཞུང་སྒེར་སོ་སོའི་ངོས་ནས་ཉིན་རེར་སེར་སྐྱ་བརྒྱ་ཕྲག་མང་པོར་གདུང་སེམས་མྱ་ངན་ཆེད་ཕེབས་བཞིན་ཡོད་པ་མ་ཟད། འདས་མོའི་ནང་མིར་ཐུགས་གསོ་དང་། མར་མེ་ཞལ་འདེབས་སོགས་ཕུལ་བ་དང་། མྱ་ངན་ལ་ཕེབས་མི་དགེ་འདུན་པ་རྣམས་ཀྱིས་དཔའ་མོའི་སྐུ་ཕུང་གི་མདུན་དུ་བསྔོ་སྨོན་དང་འབྲེལ་ནས་རྒྱལ་བའི་ཞབས་བརྟན་གསུང་འདོན་དང་། ཁྱིམ་པ་རྣམས་ནས་ཡིག་དྲུག་དང་སྨོན་ལམ། ཤུལ་ལུས་ནང་མི་ལ་སེམས་གསོའི་སྐད་ཆ་རེ་བཤད་རྗེས་སེམས་པ་སྡུག་བསྔལ་གྱིས་ཁེངས་ནས་མིག་ཆུ་རང་དབང་མེད་པར་བཞུར་བཞིན་པའི་ཕར་འགྲོ་ཚུར་འོང་གི་བོད་རིགས་ཧ་ཅང་མང་པོ་ཡོད་འདུག རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་སོང་བར་བརྟེན་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེང་སང་ཡུལ་མི་རྣམས་ཀྱི་སེམས་ལ་རྒྱ་གཞུང་གི་སྲིད་ཇུས་ལ་སུན་སྣང་དང་། སྡུག་བསྔལ་གྱིས་ཁེངས་སྟེ་སང་ཉིན་ཡང་ཆག་སྒོ་ཅི་ཞིག་འབྱུང་མིན་ཆ་མ་འཚལ་བར་དངངས་སྐྲག་དང་འཇིགས་སྣང་ཡོང་གི་ཡོད་འདུག ཕྱི་ཚེས་༡༨ནས་བཟུང་འདས་མོའི་རང་ཁྱིམ་དུ་སྨད་པ་ཡིད་དགའ་ཆོས་འཛིན་དགོན་པའི་དགེ་འདུན་པ་དང་། སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་དགོན་པའི་དགེ་འདུན་པ་བརྒྱ་ལྷག་གིས་མགོན་པོ་འོད་དཔག་མེད་ཀྱི་སྟོང་མཆོད་དང་། བདེ་མཆོག་དང་སྨན་བླ། ཀུན་རིག་སོགས་ཀྱི་བདག་འཇུག་དང་ཁྲུས་ཆོག བླ་མ་མཆོད་པ། ལམ་རིམ་ཆེན་མོ་སོགས་གསུང་བཞིན་འདས་མཆོད་གནང་གིན་ཡོད་འདུག
རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱི་སྐྱེས་ཡུལ་ནི། རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་ནང་ཚན་རོང་བོ་དགུ་ཆུའི་སྨད་རྒྱུད་དུ་ཆགས་པའི་སྨད་པ་ཤོག་ཁའི་ཁོངས་གཏོགས་ཁ་རྒྱ་སྡེ་བ་ནས་ཡིན་པ་དང། ཁོང་གི་ཨ་ཕའི་མིང་ལ་འབྲུག་བྱམས་དང་ལོ་༧༦། ཨ་མའི་མིང་ལ་སྒྲོལ་མ་འཚོ་ལོ༧༡རེད་འདུག དཔའ་མོ་ཁོང་ནི་རང་ལོ་༢༦ཡིན་པ་དང་། བྱིས་པ་བུ་གཉིས་ཡོད་པ་ལས་ཆེ་བའི་མིང་ལ་འཕགས་མོ་རིན་ཆེན་དང་རང་ལོ་༦། ཆུང་བའི་མིང་ལ་ལྷ་དཔལ་དོན་འགྲུབ་དང་རང་ལོ་༥རེད་འདུག རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ནི་སློབ་ཆུང་མཐར་ཕྱིན་སྟེ་སློབ་འབྲིང་འགྲིམས་མྱོང་ཡོད་འདུག་ལ། ཁོ་མོས་ནམ་རྒྱུན་ཟི་ལིང་དང་རྩེ་ཁོག་བཅས་སུ་གླ་གཏོང་རླངས་འཁོར་བཏང་སྟེ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་ཀ་གཉེར་གྱིན་ཡོད་འདུག འདྲ་པར་དེ་གཉིས་ལས་གཅིག་ནི་ཁོ་མོས་མེར་བསྲེགས་བཏང་རྗེས་རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་གདན་འདྲེན་ཞུས་སྐབས་ཀྱི་སྐུ་ཕུང་རེད། འདྲ་པར་གཞན་དེ་ཁོང་མོའི་ཞལ་ཆེམས་ཡི་གེའི་ཤོག་ལྷེབ་ཀྱི་ཟུར་ཙམ་གྱི་རྣམ་པ་རེད་འདུག
༅།་དཔའ་མོ་ཁྱེད་ལ་སྙིང་ཁུངས་རུས་པའི་གཏིང་ནས་རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ།
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལ་སོགས། །
བདེ་བ་ཅན་གྱི་ཞིང་དུ་མྱུར་སྐྱེ་ཤོག །
པར་ནང་གི་རྒྱ་ཡིག་དོན། མི་རིགས་འདྲ་མཉམ།
རང་གི་རིགས་ལ་མ་ཡིས་བུར།
བརྩེ་བ་འཆང་བའི་དཔའ་མོ་ཁྱེད།
མྱུར་དུ་ཀུན་བཟང་ལམ་བརྙེད་ནས།
ཀུན་ཏུ་བཟང་པོའི་འཁོར་འགྱུར་ཤོག
བོད་དོན་ཁུར་ཏུ་བླངས་བའི་སྙིང་སྟོབས་དང་།།
གཅེས་པའི་བུ་ཕྲུག་འཚོ་བའི་རང་དབང་ཆེད།།
གཅེས་བའི་སྲོག་ཀྱང་ཕངས་མེད་བཏང་བ་ཡི།།
དཔའ་མོ་ཁྱེད་ལ་སྙིང་ནས་གུས་འདུད་ཞུ།།
ངོ་མ་སེམས་ནགུལ་ཐེབ་ཁི་འདུག་ད་ཡིན་ན་