རེབ་ཐོག་མདའ།
སྐྱ་རེངས་བུ་མོའི་གདོང་ལ་བྱིལ་བྱིལ་བྱེད་བཞིན།།
ཁེར་རྐྱང་ཚོར་བར་འགྲོགས་པའི་འགྲུལ་བཞུད་རིང་མོ།།
གནམ་ས་རྡུལ་གྱིས་བཀབ་པའི་ས་དེར་སླེབས་ཡོད།།
མ་བོས་དེ་རིང་མགྲོན་པོའི་ཚུལ་གྱིས་སླེབས་ཡོད།།
རྡི་ལིའི་ནམ་མཁའ་ཡངས་པོ་རྡུལ་གྱིས་ཁེངས་འདུག།
མ་ཅང་ཀྲེ་ལ་གཏི་མུག་གྲོང་ལ་ཆས་འདུག།
ང་དང་སྲང་ན་ལྷག་པའི་ཁྱི་རྐྱང་ལྡོམ་པོ།།
ཆ་མེད་གྲོང་གི་མགྲོན་པོ་ཐོག་མ་རེད་འདུག།
ཇོ་ནང་ཚང་ལ་སྡོད་སའི་གནས་ཤིག་གཡར་ཡིན།།
ཨ་མ་ཚང་ནས་ཞིམ་པའི་བྲོ་ཞིག་ཟོས་ཡིན།།
མི་རྐྱང་སེམས་པ་ཁྲོམ་གྱི་ཚོང་ལ་འཁོར་ནས།།
དལ་ལྷོད་གོམ་ཁ་ངེས་མེད་ཕྱོགས་ལ་སྒྱུར་དུས།།
གཏམ་ངན་རྒྱང་ནས་འབྱོར་བ་རྣ་ལ་ལྷུང་ཐལ།།
སེམས་པའི་ཟབ་ས་དེ་ལ་གཟེར་ཞིག་བརྒྱབ་སོང་།།
གཞིས་ཀྱི་མི་བུ་དེ་ཚོ་སེམས་ལ་འཁོར་ན།།
སྐྱོ་གདུང་སེམས་ནས་མ་ཁོག་མིག་ནས་ལྷུང་ཐལ།།
ཨ་མའི་བུ་དེ་ཁེར་འགྱོ་གཉིས་འགྱོ་རེད་འདུག།
ཨ་ཕའི་ཚིག་དེ་མི་རིགས་ལ་རྒྱ་རེད་འདུག།
ང་དང་ཁ་བ་བོད་པའི་བདེ་སྡུག་མཁྱེན་པས།།
རེ་བ་ཕྱི་ལ་རྒྱག་ས་མེད་འདི་སྐྱོ་བ།།
ཨ་མའི་བུ་ཞིག་གངས་རིའི་གྲོང་ནས་འབར་ཀྱང་།།
མ་ཅང་ཀྲེ་ལའི་ཁྲོམ་གྱི་མྱི་ཚོགས་འདི་ཚོ།།
སེམས་པ་སྐྱིད་སྐྱིད་འདྲ་བའི་སྣང་བའི་ཁྲོད་ན།།
སྒེར་གྱི་དོན་ལ་འདུར་བའི་ཚུད་འདི་སྐྱོ་བ།།
སྐྲ་ལོ་དཀར་བོ་ཅན་གྱི་རྒན་མོ་ཞིག་དང་།།
ལག་ལ་ཕྲེང་བ་ཐོགས་པའི་རྒན་པོ་གཅིག་གིས།།
མེ་ལྕེ་ལྟེམས་ལྟེམས་འབར་བའི་མཆོད་ཁྲིའི་འགྲམ་ན།།
མྱ་ངན་མགོ་བོ་སྨད་བཞིན་ཡིག་དྲུག་སྐྱོར་གི།
ཅ་ལག་ལྕི་མོ་ཐོགས་པའི་ཨ་ནེ་དེ་ཚོ།།
གང་ཞིག་གནས་ལ་བྲེལ་བའི་དབྱིངས་ལ་འཐིམ་འདུག།
སྦྱིན་བདག་མཐའ་ན་བསྐོར་བའི་དགེ་བཤེས་དེ་ཡང་།།
ཚོང་ཁང་ཉུལ་བཞིན་གདོང་ལ་འཛུམ་གྱིས་ཁེངས་འདུག།།
ཚོང་ཁང་ཟ་ཁང་དེ་ཚོ་རྒྱུན་ལྡན་རེད་འདུག།
ཕོ་གསར་མོ་གསར་གླེང་གཞི་ནུབ་ཕྱོགས་རེད་འདུག།
གངས་རིའི་སྨད་ཀྱི་ཕུ་ནུ་མིང་སྲིང་དྲན་བཞིན།།
མ་ཎི་ངག་ན་ཡོད་མཁན་ཉུང་ཉུང་རེད་འདུག།
གཞོན་ནུའི་རྒྱང་སྒྲོག་དེ་ལ་མཚམས་ཤིག་མི་འདུག།
མི་ཚོགས་རྣ་བ་གཏད་དེ་ཉན་མཁན་མི་འདུག།
མི་འདུག་མ་ཅང་ཀྲེ་ལའི་ཁྲོམ་ལ་ཉུལ་དུས།།
གངས་རིའི་ལས་དབང་གླེང་བ་གོ་རྒྱུ་མི་འདུག།
ཕྱི་མཛེས་ནང་སྟོང་ཅན་གྱི་ཕོ་གསར་མང་གི།
ཉིན་མཚན་སྲང་ལ་འཁྱམ་པའི་བུ་མོ་མང་གི།།
མང་པོ་མཉམ་ཏུ་འདུས་པའི་ངང་ཚུལ་ཡག་ཀྱང་།།
ཀ་ཁ་སུམ་ཅུར་དུངས་བ་ཟབ་མཁན་མི་འདུག།
རྡ་སའི་རི་ན་བཞུགས་པའི་བླ་མ་དྲན་གི།།
རང་ལུས་མེ་རུ་སྤར་བའི་ཕུ་ནུ་དྲན་གི།།
དྲན་གདུང་མྱ་ངན་ལྕི་མོ་རུམ་ལ་འཁུར་བཞིན།།
ཁ་བའི་མདུན་ལམ་ཅུང་ཙམ་གླེང་ན་འདོད་ཀི།།
༢༠༡༢ ཟླ ༡༡ ཚེས ༢༡ ལ་མ་ཅང་ཀྲེ་ལ་ནས་ཉིན་མཚན་གཅིག་གི་མཐོང་ཐོས་མྱོང་གསུམ།
མ་ཅང་ཀྲེ་ལ་་་་་་མཇ་ནུ་ཀ་ཊི་ལ་་་་རེད། maj nu ka tila
དྲ་གྲོགས་ལགས། (མ་བྱུང་བྲེལ་ལ)ཞེས་བྲིས་ན་གང་འདྲ་འདུག ཧ་ཧ་ཧ།
New York ལ་མི་གཡོག་ཟེར་བ་ལྟར་སྙིང་རྗེ་པོ་འདུག ཧཧཧ
ཡག་པོ་འདུག
maj nu ka tila མཇྣུ་ ཀ་ལ་ཞེས་མི་དགོས་སམ། མེ་དཀར་ལགས།
maj nu ka tila མཇྣུ་ ཀ་ལ་
འདི།
maj nu ka tila མཇྣུ་ཀ་ ཊི་ལ། ལ་བཅོས།
མི་སྐྱིད་བྲེལ་ལར་སོང་བའི་མཐོང་ཐོས་དེ།
བཟང་གི་ཕྱོགས་ནས་གླེང་བ་མེད་པ་འདི།
ཁྱེད་དགའི་མྱི་གཤིས་འདི་འདྲ་མ་ཡིན་ན།
དེ་འདྲའི་སྡུག་རྐྱལ་ཞིག་ནི་ངས་མ་ཚོར།།
མ་བྱུང་དྲིལ་ལ། མ་བྱུང་བ་ཐམས་ཅད་འདྲིལ་སའམ་འདུག་ས་ཡིན་པས་ན་དེ་ལྟར་བརྗོད།
གང་མ་བྱུང་ན། ཨ་བསྐྱོད་མཐོང་ཆེན་མ་བྱུང་ས་དང། བོད་བསྐྱོད་མཐོང་ཆེན་མ་བྱུང་ས། ནུབ་བསྐྱོད་མཐོང་ཆེན་མ་བྱུང་ས། ཐེ་བསྐྱོད་མཐོང་ཆེན་མ་བྱུང་ས། སློབ་བསྐྱོད་རྒྱུགས་སྤྲོད་མ་བྱུང་ས། ལོག་གཡེམ་གྱིས་འཕྲོད་བསྟེན་ལེགས་པོ་མ་བྱུང་ས། ནག་ཚོང་ལེགས་པོ་མ་བྱུང་ས། ཡིན་པས་ན་མ་བྱུང་ཞེས་དང། དྲིལ་ལ་ཞེས་པ་ནི། ལམ་འགྲོ་མ་བྱུང་བའི་མི་བུ་ཐམས་གནས་དེར་འདྲིལ་ཞིང་བསྡོད་པའི་ས་ཡིན་པས་ན། དྲིལ་ལ་ཞེས་གྲགས་སོ།