ཀླུ་སྨྱོན་ཧེ་རུ་ཀ།
ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོར་གནང་བའི་སྙན་ངག།
འདི་ནས་བརྩིས་པའི་མི་ལོ་མང་པོའི་སྔོན།།
ལྡི་ལི་གསར་པར་འབར་བའི་མེ་ལྕེ་དེས།།
སེམས་ཤུགས་ཅན་གྱི་སེམས་ཤུགས་སྤར་བ་དང་།།
ལ་རྒྱ་ཅན་གྱི་ལ་རྒྱའི་དཔུང་ཡང་བསྟད།།
ན་ནིང་ད་ལོའི་མདོ་དབུས་ཁམས་གསུམ་དུ།།
མཚམས་མེད་འབར་བའི་མེ་ལྕེ་དམར་པོ་འདི།།
ལོ་རྒྱུས་ཁྲག་གིས་བྲིས་པའི་ལྡོག་འོད་དེ།།
འདི་ཡིས་གངས་སེང་དཀར་མོའི་གཡུ་རལ་བསྲེགས།།
མེ་ཡིས་པོ་ཏ་ལ་ཡང་དྲོས་སུ་བཅུག
མེ་ཡིས་གནམ་བདེའི་སྒོ་ཆེན་བསྲེག་ལ་ཁད།
མེ་ཡིས་ཕོ་བྲང་དཀར་པོར་ཚ་རླབས་བསྐྱིལ།
མེ་ཡིས་རྒྱལ་ཚོགས་ལས་ཁུངས་ཚ་དམྱལ་བཞིན།
མེ་ཡིས་བོད་མི་ས་ཡར་བརྡ་ཞིག་གཉིད་ལས་བསླངས།།
མེ་ཡིས་རྒྱ་མི་དུང་ཕྱུར་འཇིགས་པ་བྱིན།།
མེ་ཡིས་འཛམ་གླིང་མི་དམངས་འགྲམ་ལྕག་གཞུས།།
མེ་ཡིས་བདེན་དོན་འཇིག་པ་མེད་ཅེས་འབར།།
མེ་ཡིས་རིན་ཆེན་མི་ལུས་ཐལ་བར་བསྲེགས།།
མེ་ཡིས་ཕ་མ་དུ་མའི་མིག་ཆུ་བསྐམས།།
མེ་ཡིས་ན་ཆུང་མང་ཞིག་བརྩེ་བ་འབར།།
མེ་ཡིས་ད་ཕྲུག་དུ་མའི་མི་ཚེ་བྲིས།།
མེ་འདི་འབར་དོན་ཅི་ཡིན་བོད་ལ་གསལ།།
མེ་འདི་འབར་རྐྱེན་ཅི་ཡིན་རྒྱ་ཡིས་ཤེས།།
མེ་འདི་ཇི་ལྟར་འབར་ཚུལ་འཛམ་གླིང་རྟོགས།།
མེ་འདི་ག་དུས་འབར་བ་ཚང་མས་དཔྱོད།།
མེ་ཡིས་ཤ་ཚིགས་རུས་ཚིགས་རྐང་ཡང་ཚིགས།།
མེ་ཡིས་གླུ་བླངས་བྲོ་བརྡུངས་གཞས་ཀྱང་འཁྲབས།།
མེ་ཡིས་མདོ་དབུས་ཁམས་གསུམ་ཡོངས་རྫོགས་ཁྱབ།།
མེ་ཡིས་མི་རིགས་ཤིག་གི་ལོ་རྒྱུས་སྦར།།
མེ་འདི་གྲོང་ཁྱེར་ཆེན་པོའི་དཀྱིལ་ནས་འབར།།
མེ་འདི་གྲོང་བརྡལ་ཆུང་ཆུང་སྲང་ནས་འབར།།
མེ་འདི་དགོན་ཆེན་ཆོས་རའི་མཐིལ་ནས་འབར།།
མེ་འདི་སྡེ་ཆེན་གྲོང་གི་ཟུར་ནས་འབར།།
མེ་འདི་འབྲོང་གཡག་དར་མའི་རྭ་བཞིན་འབར།
མེ་འདི་གཡང་དཀར་ལུག་གི་བལ་བཞིན་འབར།
མེ་འདི་མདོ་རིག་རྟ་བོའི་བང་བཞིན་འབར།
མེ་འདི་མཐིང་སྨུག་སྦྲ་ཡི་གཡང་བཞིན་འབར།།
མེ་འདིའི་རྗོད་བྱེད་དཔའ་བོའི་གད་རྒྱངས་ཡིན།།
མེ་འདིའི་བརྗོད་བྱ་བོད་ཀྱི་ལས་དབང་ཡིན།།
མེ་འདིའི་འབར་མཚམས་ཆད་དང་མི་ཆད་དེ།།
མེ་འདིའི་བདག་པོའི་རེ་འདུན་འགྲུབ་མིན་ཐུག།
འདི་ཙམ་ལས་འབྲི་ཐུབ་མ་སོང་བས་དགོངས་དག་ཞུ
མེ་དེ་བོད་མི་བླ་སྡར་མིན་པའི་དཔང་པོ་ཡིན།། མེ་དེ་ཕྱི་རབས་བོད་མིའི་བརྗེད་མེད་དྲན་རྟེན་ཡིན།། མེ་དེ་ཕ་མ་བསད་པའི་དགྲ་བོར་ཤ་ལེན་ཡིན།། མེ་དེ་རྒྱུ་ནོར་འཕྲོག་པའི་ཇག་པར་ར་འདའ་ཡིན།།
ངོ་སོ་བསྟོད་རྒྱུ། ཀླུ་སྨྱོན་ཁྱོད།
མེ་འདིས།
མེ་འདིས་མའོའི་གདུག་རོ་བསྲེགས་ན་ཨང་། །
མེ་འདིས་ཏིང་སོགས་ལས་ངན་སྦྱངས་ན་ཨང་། །
མེ་འདིས་ཧུ་སོགས་བྱུས་ངན་བསྲེགས་ན་ཨང་། །
མེ་འདིས་ཞི་ཕིན་ཕན་སེམས་སྤར་ན་ཨང་། །
རྒྱལ་ཁ་ཐོབ་དང་མ་ཐོབ།
རྩོད་ནི་ཡོད་དང་མེད་རེད།
རྒྱལ་ཁབ་རེག་དང་མི་རེག།
འཕྲོག་ནི་ཡོད་དང་མེད་རེད།
འབར་སོ་འབར་སོ་ལུས་པོ་མེ་ཡེས་འབར་ཀྱང།
བསེམས་པས་བདག་གི་བདེ་གེ་གཞན་ལ་གཏོང་བ་དང་
གཞན་གི་སྡུག་བསྔན་རང་གི་འཁུར་པ་དེ།
རྒྱས་སྲས་བྱངས་ཆུབ་བསེམ་པའི་ཉམས་ལེན།
སྐྱབས་སུ་ཆེའོ་ཆེའོ་རྗེ་རྩུན་དམ་པ་རྣམས་།
འབར་སོ་འབར་སོ་ལུས་པོ་མེ་ཡིས་འབར་ཀྱང་།
ཞལ་ནས་བདེན་དོན་གསུངས་པ་རྙིང་སྟོབས་ཆེ་བས་སོ་
འཛམ་གླིང་ཀུན་ལ་གྲགས་སོ་ངོམ་སུ་ཕྱོགས་པ་བྱུང་སོ།
ཚད་མཐོའི་ཞི་བའི་དངོས་ཐོན་ལས་འགུལ་
ས་གཞི་ཆེན་པོའི་རྒྱན་རེད་གོ་སུ་བོད་མིའི་རྒྱན་།
ཆོས་སྲིད་གཉེས་ལ་ཕན་པ་ཨེ་མ་ཧོ།
བརྗོད་བྱེད་ཚིག་གི་ལོ་མ་རི་ལྟར་སྤུངས།
བརྗོད་བྱ་དོན་གྱི་སྙིང་བོ་ཡུངས་ཀར་བརྡལ།
རིགས་ལ་ཞེན་པའི་སྙིང་སྟོབས་མེ་ལྟར་འབར།
ཐབས་དང་ཤེས་རབ་བྲལ་བས་ཉམས་ལེན་དབེན།
ཚིགས་དེ་ལས་ངན་བོང་བུའི་རྣ་བར།
གོ་བའི་སྐལ་བ་མེད་ཀྱང།
བརྗོད་བྱ་དོན་གྱི་སྙིང་བོ་།
སྐལ་ལྡན་དངས་བ་འགྲེན་པའི་མིག་རྐྱན་།
རིགས་ལ་ཞེན་པའི་སྙིང་སྟོབས་མེ་ལྟར་འབར་བས་
ཐབས་དང་ཤེས་རབ་བྲལ་ཡང།
བདེན་པའི་བདེན་ཀྱོང་བཤད་པ།
བུ་ཆུང་དགོངས་པ་མ་ཚུངས་
ཐུགས་དམ་དཀྱིལ་དུ་ཞོགས།
ཨ་ལལ་ཧོ།
མེ་འདིས།
མེ་འདིས་གྲི་གུམ་རྟ་རྫིའི་ངན་སྡིག་བསྲེགས། །
མེ་འདིས་བོན་བན་དམ་ཚིག་ཉམས་པ་བསྲེགས། །
མེ་འདིས་བན་ཆོས་ནང་དམེས་བྱས་སྡིག་བསྲེགས། །
མེ་འདིས་རྒྱ་ཡི་དམར་པོའི་ངན་གཡོ་བསྲེགས། །