སྤོབས་པ་མཐའ་ཡས།
གཡུལ་དུ་ཤི་བའི་དཔའ་བོ་ནི་མིའི་རིགས་ཀྱི་ཆེས་ཕུལ་དུ་བྱུང་བའི་མིག་དཔེ་དང་བསྟོད་པའི་གླུ་དབྱངས་ནམ་ཡང་རྒྱུན་ཆད་མ་མྱོང་བའི་མཛེས་སྡུག་གི་སྣང་བརྙན་རྟག་བརྟན་ཞིག་ཡིན། གཡུལ་དུ་ཤི་བའི་དཔའ་བོ་ལ་གུས་བཀུར་ཡོད་པའི་དུས་སུ་མི་སྡེ་དེ་ཉིད་ཕམ་པ་དང་ཉམ་ཉེས་པའི་གོ་སྐབས་ཤིན་དུ་ཉུང་། གཡུལ་དུ་ཤི་བའི་དཔའ་བོ་དག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་མིའི་རིགས་ཀྱི་ཚོ་སྡེ་མང་པོ་ཞིག་ཕྱོགས་ལས་རྣམ་པར་རྒྱལ་བའི་ངང་ནས་འཚོ་ཞིང་གཞེས་པ་ཡིན། གཡུལ་དུ་ཤི་བའི་དཔའ་བོ་ལ་གུས་བཀུར་དང་བསྟོད་གླུ་ཉུང་བའི་མིའི་ཚོགས་སྡེ་རྣམས་ནི་ཕམ་པ་དང་བཀྲ་མི་ཤེས་པའི་ངང་ནས་མི་རིང་བར་མིང་གི་ལྷག་མ་ཙམ་དུ་འགྱུར་བཞིན་ཡོད།
འཁྲུགས་ཆེན་གཉིས་པའི་སྐབས་ཀྱི་དངོས་བྱུང་གློག་བརྙན་དམག་དཔོན་ཨོ་བྷ་ཟེར་བ་ཞིག་ཉེ་ཆར་བཏོན་ཡོད། དེ་ནི་ཞི་བའི་རྒྱ་མཚོའི་ནང་གི་གླིང་ཕྲན་ཞིག་ཏུ་ཉི་ཧོན་གྱི་དཔའ་བོ་སྡེ་ཤོག་ཅིག་གིས་རང་སྲོག་བློས་བཏང་གིས་རང་ས་བརྟན་སྲུང་བྱས་པའི་སྐོར་ཞིག་ཡིན། གླིང་ཕྲན་དེ་ལ་རང་སྲོག་གཅོད་པའི་གླིང་ཕྲན་ཟེར་ཞིང་ཉི་ཧོན་མི་མང་གི་སེམས་གཏིང་ནས་ནམ་ཡང་མི་བོར་བའི་དཔའ་བོའི་རྟོགས་བརྗོད་ཀྱི་རོལ་དབྱངས་ཞིང་ཁམས་ཤིག་ཏུ་གྲུབ་ཡོད། གློག་བརྙན་དེར་ལྟ་སྐབས་དཔའ་བོ་དང་སྡར་མའི་སེམས་ཁམས་ཀྱི་གྲུབ་སྟངས་མི་འདྲ་བ་ཤེས་ནུས་ཤིང་དཔའ་བོ་ལ་གུས་བཀུར་ཡོད་མེད་ནི་མིའི་ཚོགས་སྡེ་ཞིག་གི་དར་རྒུད་ལ་འབྲེལ་བ་ཅི་ལྟར་ཡོད་པ་དང་མཐོང་ནུས།
བོད་བཙན་པོའི་ཆབ་སྲིད་མངའ་ཐང་དར་བའི་རྩེ་མོར་སོན་པའི་དུས་སུ་བོད་ཀྱི་མི་སྡེའི་ཁྲོད་དུ་དཔའ་བོ་དག་ལ་རིན་ཐང་དང་གདེངས་འཇོག་ཆེས་ཆེར་མཐོ་ཞིང་གུས་ཤིང་བཀུར་བའི་འོས་སུ་གྱུར་ཡོད། གནའ་བོའི་ཁྲིམས་ཡིག་ལས་ཀྱང་། དཔའ་བོ་སྟག་གིས་མ་བསྟོད་ན།།མཛངས་དང་སྡར་མའི་ཤན་མི་འབྱེད།།སྡར་མ་ཝ་ཞྭས་མ་སྨད་ན།།ཕྱིན་ཆད་ལེགས་པ་སུ་ཡིས་བྱེད།།སོགས་གཞུང་ལུགས་ལས་བསྟན་ཡོད། དཔའ་བོ་གཡུལ་དུ་ཤི་བའི་མི་སྣ་ལ་གདེངས་འཇོག་ཚད་མཐོན་པོའི་སྒོས་སྟོད་ཀྱི་དཔའ་བོའི་སྡེ་དང་སྨད་ཀྱི་དཔའ་བོའི་སྡེ་སོགས་གཟེངས་བསྟོད་ཀྱི་ཆོ་ལོས་ཇི་སྲིད་བར་དུ་བསྔགས་པ་ཡིན།
ནང་པ་སངས་རྒྱས་པའི་སྟོན་པ་ཤཱཀྱ་ཐུབ་པ་ནི་དཔའ་བོའི་རིགས་སུ་འཁྲུངས་ཤིང་གཞོན་ནུའི་དུས་སུ་དམག་གི་དྲག་རྩལ་ལ་སྦྱངས་པ་ཕུལ་དུ་ཕྱིན། འཕགས་པའི་ཡུལ་གྱི་དཔའ་བོའི་བསྟོད་དབྱངས་རིང་མོ་དཔལ་ལེགས་ལྡན་ནག་པོའི་གླུ་ལ་སོགས་པའི་དཔའ་བོའི་གཞུང་ལུགས་དག་གིས་བག་ཆགས་ཟབ་མོ་བཞག་ཡོད་པར་ངེས། དེར་བརྟེན། ཁོང་གིས་བདེན་པ་བཞི་ལས་བརྩམས་པའི་བཟང་སྤྱོད་རིག་པ་དང་། སེམས་ཁམས་རིག་པ། མཚན་ཉིད་རིག་པའི་ཆོས་ཟབ་མོ་འདི་ཉིད་ཀྱི་ནང་དུ་ཡང་དཔའ་བོ་དང་དྲག་པོ་གཡུལ་གྱི་ཐ་སྙད་ཆེས་མང་པོ་ཞིག་བེད་སྤྱོད་བྱས་ཡོད། ཁོང་གི་རྗེས་འཇུག་པ་ཚོས་སྟོན་པ་བསྟོད་པའི་དུས་སུ་ཡང་། དཔའ་བོ་ཁྱོད་དང་དཔའ་བོ་ཆེན་པོ་སོགས་ཀྱི་མཚན་སྦྱར་ཡོད། ཁོང་གི་སྐྱེས་རབས་ཀྱི་རྣམ་པར་ཐར་པའི་ལོ་རྒྱུས་གཏམ་རྒྱུད་ཆེས་མང་པོ་ཞིག་ཀྱང་སེམས་ཁམས་ལ་གཡོ་འགུལ་སློངས་བའི་དཔའ་བོའི་རྟོགས་བརྗོད་ཤ་སྟག་ཡིན།
གནའ་བོའི་བཟང་སྤྱོད་རིག་པའི་གྲུབ་མཐའ་ལྟར་ན་ཡུལ་སྡེ་གང་ཞིག་དཔའ་བོ་དཔའ་མོ་དག་གིས་སྲུང་ཞིང་སྐྱོང་བའི་ཡུལ་དེ་ནི་དུས་རྟག་ཏུ་ཆོས་སྐྱོང་སྲུང་མ། གཙང་རིས་མགོན་པོ། ཕོ་ལྷ་ཝེར་མ། ནོར་ལྷ་ཁྱིམ་ལྷ། ཐབ་ལྷ་ཕྲག་ལྷ་སོགས་ལྷ་ཡིས་རིགས་ཀྱིས་ཀྱང་འགོ་ཞིང་སྲུང་སྐྱོབ་བྱེད་པ་ཡིན་པས་དཔའ་བོ་ལ་བརྩི་བཀུར་ཡོད་པའི་མི་སྡེ་དག་ཀྱང་ལྷ་ཡིས་མཐུན་གྲོགས་དང་ནམ་ཡང་ཁ་མི་འབྲལ་བ་ཡིན། ལུགས་ཀྱི་བསྟན་བཅོས་ལས་ཀྱང་། གང་ན་ལྷ་ཡིས་མགོན་བྱས་པའི།།མི་དེ་གཅིག་པུར་གྱུར་ན་ཡང་།།སྟོང་ཕྲག་དུ་མའི་མི་དག་དང་།།ནུས་པ་མཉམ་པར་གྱུར་པ་ཡིན།།སོགས་འབྱུང་།
ཆོས་སྐྱོང་སྲུང་མ་དག་ནི་དཔའ་བོ་ལ་དགྱེས་ཤིང་དཔའ་བོ་ལ་འཁོར་བ་ཡིན་པའི་ཕྱིར་ན་ཆོས་སྐྱོང་གི་རྟེན་མཁར་དང་སྲོག་རྟེན་གྱི་དམ་ཚིག་གི་རྫས་ལ་ཡང་དཔའ་བོ་གཡུལ་དུ་ཤི་བའི་སྙིང་ཁྲག་སོགས་དགོས་པ་ཡིན། དེ་ཡང་དཔའ་བོ་གཡུལ་དུ་ཤི་བའི་སྙིང་ཁྲག་ཅེས་པ་དེ་ནི་ནང་པ་སངས་རྒྱས་པའི་ལྟ་སྟངས་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་རང་སྲོག་ཤོར་བའི་སྙིང་ཁྲག་ལ་གོ་དགོས། ངག་རྒྱུན་ལས་ཐོས་པ་ལྟར་ན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔལ་ལྡན་མགོན་པོའི་རྟེན་རྫས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྙིང་བཞུགས་ཡོད་ཟེར་སྲོལ་འདུག དེ་ཡང་སྡེ་སྲིད་བཀའ་དྲིན་ཅན་དེ་ཉིད་ཀྱིས་རང་གི་སྲོག་ལ་ཡང་ཅི་མི་སྙམ་པར་བོད་མི་མང་གི་ཁེ་ཕན་ཁོ་ན་ཐུགས་ལ་བཅངས་པའི་གཡུལ་ས་མདུན་མ་བློས་མ་བཏང་པ་དེར་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་ཉིད་ཀྱིས་གདེངས་འཇོག་དང་གུས་བཀུར་བླ་ན་མེད་པས་ཁོང་གི་སྐུ་ཕུང་གི་དུམ་བུ་ཙམ་ཡང་ཆོས་སྐྱོང་སྲུང་མ་འདུ་བའི་མཁར་རྫོང་ཉིད་དུ་ངོས་འཛིན་གནང་བ་ཡིན་པར་ངེས།
གང་ཞིག་གཡུལ་དུ་ཤི་བའི་དཔའ་བོའི་རུས་གོང་དུམ་བུ་ཞིག་ཡིན་ཡང་ཇི་སྲིད་བར་དུ་ཕྱག་འཚལ་བའི་འོས་སུ་གྱུར་པ་དང་། གང་ན་གཡུལ་དུ་ཤི་བའི་ས་ཕྱོགས་དེ་ཡང་མཇལ་སྐོར་གྱི་གནས་སུ་གྱུར་པ། གང་དག་གཡུལ་དུ་ཤི་བའི་དཔའ་བོའི་མིང་ཙམ་ཡང་སྔགས་ཀྱི་གྲངས་སུ་བགྲངས་བར་འོས་པའི་བསྔགས་འོས་བསྔགས་པའི་ཚུལ་གྱི་ཚིག་ཉུང་ངུ་དེ་ཡང་འདི་ནས་མཇུག་བསྡུའོ།།
ལུས་དར་སེམས་དཔའ་མིག་རྒྱང་རིང་དགོས་ཏེ། །
དཔའ་བོ་རྣམ་གྲངས་ཁ་ཤས་ཡོད་དགོས་སྙམ། །
རང་ཉིད་སེམས་ཀྱིས་བློས་བཏང་དཔའ་བོ་དང་། །
རང་ཉིད་གཞན་དོན་བཀོལ་བའི་དཔའ་བོ་དང་། །
སྲོག་ཀྱང་གཞན་གཏོང་བྱས་པའི་དཔའ་བོ་སོགས། །
བོད་མི་དཔའ་བོའི་མི་རིགས་དར་རྒྱས་ཤོག །
སྤོབས་པས་འཇའ་པན་གྱི་སྒྲུང་ཞིག་ཟུར་བཤད་བྱས་པ་དེ་མིག་གིས་མཐོང་ན་ཧ་ཅང་གི་ཡིད་སྐྱོ་བ་ཞིག་ཡོད།
གླིང་ཕྲན་དེ་ནས་དུས་ཡུན་ཉིན་བཅོ་ལྔའི་ནང་འཇའ་པན་པ་སྟོང་ཕྲག་ ༢༥ ལྷག་གི་རང་སྲོག་ཤོར་པ་རེད།
ཨ་རིའི་དམག་གིས་གླིང་ཕྲན་མཐའ་ནས་བསྐོར་ཏེ་མེ་སྒྱོགས་དང་རྒྱང་འཕེན་མེ་སྒྱོགས། མེ་སྲེག་མེ་མདའ། ལྕགས་ཁྲབ་འཁོར་ལོ་སོགས་བེད་སྤྱད་དེ་ འཇའ་དམག་རིག་ཚད་མཐོང་ཚད་དམར་བསོད་བཏང་སྟེ་མཐའ་ལ་སླེབས་སྐབས་འཇའ་དམག་བརྒྱ་ཕྲག་མང་པོས་རང་སྲོག་རང་གིས་བཅད་ཡོད་པ་དང་། རང་སྲོག་མ་བཅད་གོང་ཉེ་འཁོར་གྱི་རྒན་བྱིས་སྐྱེ་མེད་བུ་ཕྲུག་དང་བཅས་པ་སྡེབས་གསོད་བཏང་རྗེས་མཐའ་མཇུག་རང་ཉིད་རང་གིས་གསད་པ་སོགས་བྱས་ཡོད་པ་རེད། ལ་ལས་གྲི་དང་། ལ་ལས་འབོམ། ལ་ལས་ལག་མདའ་བེད་སྤྱད་དེ་རང་སྲོག་རང་གིས་བཅད་པ་ཡོད་རེད།
ཁོང་ཚོས་དེ་ལྟར་བྱེད་དོན་ནི་རང་ཉིད་གསོན་པོར་དགྲ་ལག་ཏུ་མི་ཤོར་བའི་ཆེད་དུ་དང་། རྒྱལ་ཁ་མ་ཐོབ་ན་གསོན་པོར་འདུག་འདོད་མེད་པས་ཀྱང་རེད།
སྤོབས་པ་མཐའ་ཡས་ཀྱིས་དངོས་ཡོད་བདེན་པའི་སྐད་ཆ་བཤད་པར་བསྔགས་བརྗོད་ཡོད། དེང་ཤེས་ཡོན་པའི་སྡེ་ནང་ལ་མིག་ལོང་སེམས་བཟང་ཅན་ཁག་ཅིག་ཡོང་གི་ཡོད་པ་ནི་ཉེན་ཁ་ཞིག་ཏུ་མཐོང། གང་ལྟར་ང་ཚོས་གནས་ཚུལ་བདེན་པ་བདེན་ཐོག་སྒང་ལ་འགྲོ་དགོས། བོད་མི་རིགས་ཀྱི་དཔའ་བོ་ནི་དཔའ་བོ་རང་ཡིན་པས་ཁོང་ཚོའི་མཛད་རྗེས་ལ་སྙིང་ཁུངས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་དགོས་པ་ནི་དངོས་ཡོད་བདེན་པ་ཡིན།
༄༅ ། ། སྐུ་ཞབས་སྤོབས་པ་མཐའ་ཡས་ཀྱིས་མུ་མཐུད་རྩོམ་ཡིག་གམ་དཔྱད་བརྗོད་འདི་རིགས་མང་ཙམ་ང་ཚོ་བོད་ཡིག་ཀློག་མཁན་ཚོའི་ཆེད་དུ་སྤེལ་གནང་ཡོང་བ་མཁྱེན་ནོ། བཀའ་དྲིན་ཆེ།
སྤོབས་པས་གསུང་བར་གནས་ལུཊ་འདུག མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།
སྐུ་ཞབས་སྤོབས་པས་གསུངས་པ་ལ་མངོན་པར་བསྟོད་དོ།
ཀུན་མཁྱེན་འཇམ་བཞད་སྡེ་སྲིད་སངས་རྒྱས་རྒྱ་མཚོར་དེ་འདྲའི་གདེངས་འཇོག་དང་བརྩི་བཀུར་ཡོད་པ་ཞིག་ཏུ་ངས་མཐོང་གི་མེད། འོན་ཀྱང་སྤོབས་མཐའ་ལགས་ནས་ཀུན་མཁྱེན་འཇམ་བཞད་དང་སྡེ་སྲིད་སངས་རྒྱམ་གྱི་སྐོར་དེ་འབྲེལ་བ་དེ་ཙམ་མེད་ས་ཞིག་ལ་གསལ་ཁ་དམིགས་བསལ་བྱས་ནས་བཏོད་སྟངས་ལ་བལྟས་ན་འདིའི་སྐོར་ལ་གཅིག་བཤད་རྒྱུ་ཡོད་པ་འདྲ།
དཔའ་བོ་ཁྱོད་ཀྱིས་བྱང་ཆུབ་ཤིང་དྲུང་དུ།།
མཁྱེན་བརྩེའི་དཔུང་གིས་ཡིད་སྲིབས་བདག་པོའི་སྡེ།།
མ་ལུས་ཟིལ་གྱིས་གནོན་པར་མཛད་པ་ནི།།
དྲག་པོའི་རླུང་དང་ཉེ་བའི་སྤྲིན་ནག་བཞིན།།
མདའ་མཚོན་གོ་ཆ་མ་བཟུང་བར།།
རང་ཉིད་གཅིག་བུས་བྱེ་བའི་བདུད།།
མ་ལུས་ཕམ་མཛད་གཡུལ་གྱི་ལས།།
ཁྱོད་ལས་གཞན་པ་སུ་ཡིས་ཤེས།།
ཞེས་གསུངས་པ་ལྟར་དཔའ་བོ་དེ་འདྲ་བྱུང་ན་དཔའ་བོའི་ནང་གི་དཔའ་བོ་ཕུལ་བྱུང་ཟེར། ནམ་ཡང་རྒྱལ་བ་ལས་ཕམ་མི་སྲིད།
སྤོབས་པས་སྤོབས་པའི་གད་རྒྱངས་སྒྲོགས་པ་ན། །
རང་གི་ཁ་ཕོར་ཙམ་ཞིག་དོན་ཆེན་དུ། །
སྒོམ་པའི་ལོག་སྤྱོད་ཨོ་ཉི་ཕྱོགས་དང་བཅས། །
ས་འོག་རིམ་པ་དགུ་ཡི་ཞབས་སུ་བྲོས། །
སྤོབས་པས་སྤོབས་པའི་གད་རྒྱངས་སྒྲོགས་པ་ན། །
མ་བཟོད་རང་གི་ཁ་ཕོར་ཙམ་གཉེར་བའི། །
སྙིང་མེད་ཨོ་རྒྱན་ཉི་མ་ཕྱོགས་གཏོགས་བཅས། །
ས་འོག་རིམ་པ་དགུ་པའི་ཞབས་སུ་བྲོས། །
ཀུན་སློང་ཡག་ནའང་ཉ་ཉུང་མཉམ་བསྲེས་བྱས་པའི་ཚིག་ཉོག་ཙམ་ལས་གང་ཡག་མི་འདུག་སྙམ།
སྤོབས་པས་སྤོབས་པའི་གད་རྒྱངས་སྒྲོགས་པ་ན། །
རང་གི་ཁ་ཕོར་ཙམ་ཞིག་དོན་ཆེན་དུ། །
སྒོམ་པའི་ལོག་སྤྱོད་ཨོ་ཉི་ཕྱོགས་དང་བཅས། །
ས་འོག་རིམ་པ་དགུ་ཡི་ཞབས་སུ་བྲོས། །
མེ་ཏོག་དཀར་པོ་གངས་རིའི་སྟེང་ལ་ཤར་ཡོད་ལ་ཨ་ཡ་འ་ལ་ང་ཡི་སེམས་པ་