བཙན་མེ་སྟག
ཀ༽
སྐད་ཆ་དྲང་མོ་བཤད་དགོས་པ་ནི་རྩོམ་པ་པོའི་དཔུང་ཁག་གི་གྲལ་མཐར་ལྷུང་བའི་མི་བུ་ཞིག་གི་མ་མཐའི་སྐྱ་ཐིག་ཞིག་ཏུ་འཁུམས། མི་དང་སྤྱི་ཚོགས། མི་དང་རང་བྱུང་ཁམས། མི་དང་མིའི་བར་གྱི་འབྲེལ་བ་ལ་དངོས་ཡོད་ཀྱི་དཔྱད་བསྡུར་བྱ་དགོས་པ་ལས་གཏན་ནས་རྫུན་བཤད་མི་ཉན། རྩོམ་པ་པོས་མི་བུ་མཚན་ཉིད་པ་ཚུར་སྣང་བྱ་དགོས་པ་ལས། དབང་སྡུད་ཀྱི་རྐུབ་སྟེགས་ཤིག་ལ་བློས་བསླངས་བྱས་པ་ནི་འཐད་པར་མ་སྣང་། རྩོམ་པ་པོ་ནི་སྒྱུ་རྩལ་གྱི་བདག་པོ་ཡིན་པ་ལས་ཆབ་སྲིད་པའི་ལག་ཆ་མིན། ཆབ་སྲིད་པས་རྫུན་ཁོ་ན་ལས་སྐད་ཆ་དྲང་མོ་བཤད་པའི་གོ་སྐབས་གཞར་ཡང་མེད་སྙམ། རྒྱུ་མཚན་ཆབ་སྲིད་པ་ཡིན་པས་རེད། ཆབ་སྲིད་པས་ཁ་གཏད་ས་ནི་རྫུན་གཏམ་གྱིས་བཞེངས་བསྐྲུན་བྱས་པའི་སྟེགས་བུ་དེ་དང་དབང་སྡུད་ཀྱིས་རྒྱས་བཏབ་པའི་ཤོག་བུ་ལེབ་མོ་དེ་གཉིས་ཡིན་པར་ངེས། མཐར་ཐུག་གི་དམིགས་ཡུལ་དེ་འགྲུབ་པ་ལ་ནམ་ནམ་ཞར་ཞར་ལ་རྫུན་མ་རྐྱང་རྐྱང་གིས་འུར་གཏམ་བསྒྲག་དགོས། འདི་ནི་སུས་ཀྱང་བསྒྱུར་དུ་མི་བཏུབ་པའི་ཆབ་སྲིད་པའི་ལྟ་གྲུབ་མཁྲེགས་པོ་དེ་ཡིན། ཆབ་སྲིད་པའི་ལྟ་གྲུབ་དེ་ལེགས་མིན་དང་འགྲིག་མིན་གྱི་སྐད་ཆ་བསྙད་པའི་སྤོབས་པ་ཁོ་བོར་མེད་ནའང་། རྩོམ་པ་པོས་འདི་ལ་ནམ་ཞར་མིག་དཔེ་བལྟ་མི་རུང་། སྐབས་འཚོལ་རིང་ལུགས་པ་དང་དེ་བས་ཀྱང་རིང་དུ་གྱེས་ན་བཟང་སྙམ།
ཁ༽
རྩོམ་པ་པོས་སྐྱ་ཟད་སྔོ་སྡུག་གི་འཚོ་བ་ལ་རྒྱུས་ལོན་བྱས་ཏེ་སྒེར་ཚུགས་ཀྱི་བསམ་བློའི་གཏེར་མཛོད་ཕངས་སེམས་མེད་པར་སྦྱིན་གཏོང་བྱ་དགོས། འདི་ནི་རྩོམ་པ་པོ་རྣལ་མ་ཞིག་གི་བསམ་བློའི་ཁྱབ་ཁོངས་སུ་བཙུད་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དེ་ཡིན་སྙམ། རྩོམ་པོ་པོས་རང་ཉིད་དང་ཤ་ཚུགས་མཚུངས་པའི་མི་བུ་ཚོ་ཞབས་འདེགས་བསྒྲུབ་དགོས་པ་ལས། ཡིད་མུག་པའི་ཉམ་ཆུང་ཚོར་གཏན་ནས་བཤུ་གཞོག་བྱ་མི་ཉན། རང་ཉིད་ཀྱི་ཡོད་ཚད་ལ་ཚད་བཀག་མེད་པར་འགྲོ་བ་མིའི་རིགས་ཀྱི་གཤིས་ལུགས་ལ་བསྟིམས་དགོས། ཕུགས་བསམ་གྱིས་སྟོང་ཞིང་ཁེ་ཕན་གྱི་སླད་དུ་མངོན་པར་རྒྱུགས་པའི་ངང་ཚུལ་དེར་ངེས་པར་དུ་ཡིད་གཟབ་བྱ་དགོས། ཁེ་ལས་གཙོ་གཉེར་བ་ཚོས་ནམ་དུའང་ཁེ་ཕན་ལ་རྩོད་ལེན་བྱེད་ཀྱི་ཡོད། འདི་ནི་ཁོ་བ་ཚོའི་རིག་པའི་གཞུང་ལུགས་ཀྱི་མ་ལག་གལ་ཆེན་ཞིག་ཡིན་ཡང་སྲིད་མོད། ཀུན་སྤྱོད་ལས་རིང་དུ་བརྒལ་བ་ནི་མཐར་ཐུག་གི་རིགས་པ་མ་ཡིན། ཚད་གཞི་ལས་འགོངས་པའི་ཁེ་བཟང་ཞིག་རང་སེམས་ལ་སྒོམ་སྟོབས་ཀྱིས་ཉེ་བར་དྲངས་ཏེ་དབུལ་བོ་ཚང་གི་ཕོར་བ་ལའང་ལག་སྙོབ་བྱེད་ཀྱིན་ཡོད། འདི་ནི་རྩོམ་པ་པོས་སྒྱུ་རྩལ་གྱི་ཁྱབ་ཁོངས་ལ་དང་ལེན་བྱ་འོས་པ་ལས་གུ་ཡངས་ཀྱི་བུ་ཁ་མ་བརྟོལ་རོགས།
ག༽
རྩོམ་པ་པོས་མིའི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་དང་ཤེས་ནུས་འཇོན་གསུམ་ལ་འཚོལ་ཞིང་བསྙེག་སྟེ་མིའི་རིན་ཐང་བཞེངས་བསྐྲུན་བྱ་དགོས་པ་ལས། དད་པ་དང་ཡིད་ཆེས་ཙམ་ལ་འཆེལ་ནས་རྣམ་རྟོག་གིས་བཟོས་པའི་འཇིག་རྟེན་ཆ་མེད་ཅིག་ལ་ཉེར་བསྡོགས་བརྩམ་མི་ཉན། རྩོམ་པ་པོ་ནི་རང་དབང་གི་ཡུལ་གྲུ་ཞིག་ན་འཁྱམས་ཉུལ་བྱེད་པའི་ཁེར་རྐྱང་གི་མི་ལྡོམ་དེ་ཡིན་པ་ལས། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཕོ་བྲང་ན་སྐྱིད་ཉལ་བྱེད་བཞིན་རེ་སྨོན་འབུམ་ཕྲག་གི་དངོས་གྲུབ་ལ་བསྒུག་མཁན་དེ་མིན། ཆོས་ལུགས་པ་ལ་མེད་ཐབས་བྲལ་བའི་སྔོན་འགྲོའི་ཆ་རྐྱེན་ནི་དད་པ་ཡིན་ལ། གློ་བ་ཉེ་ཞིང་ཡིད་ཆེས་པའི་དད་པ་དང་ལྡན་པའི་སྐྱེས་བུ་སུ་ཞིག་ཡིན་རུང་ཐར་བའི་སྒོ་གླེགས་བརྟོལ་བའི་ནུས་པ་ཡོད་ཟེར། ཁོ་བ་ཚོའི་སྟོན་པ་གང་དེས་ཅི་ཞིག་གསུང་ཡོད་མེད་མི་གཙོ་བར་གང་ཞིག་ལ་དད་པ་བྱ་དགོས་པ་དེ་གཙོ་གནད་དུ་འཛིན་པ་ཡིན། དེ་ནི་ལྟ་གྲུབ་གང་ཞིག་གི་ཡང་སྙིང་ཡིན་མིན་ཇི་ལྟར་ཡང་ཁོ་བ་ཚོས་འདུ་ཤེས་དེ་འོད་སྣང་གིས་གྲུབ་ཡོད། ཕུགས་བསམ་གྱི་འོད་སྣང་དེ་ནི་ནམ་ཞིག་མངོན་དུ་འགྱུར་ཐུབ་བམ། རིག་པའི་སྡེ་ཚན་རེ་ལ་ཁྱབ་ཁོངས་ཀྱི་མ་ལག་མི་འདྲ་བ་རེ་ཡོད་པ་མྱོང་གྲུབ་ཡིན་ཙ་ན། གཅིག་ཚབ་གཅིག་གིས་བྱ་མི་རིགས་པ་ནི་ཆོས་ཉིད་དུ་གྲུབ་པའི་གཏན་ཚིགས་ཡིན། ཆེད་ལས་པ་ཚོས་རང་ཉིད་ཀྱི་བདམས་པའི་རིག་ཚན་དེ་གཙོ་གནད་དུ་བཟུང་སྟེ་སྐད་ཆ་བསྙད་ན་ལོས་འགྲིག་མོད། ཡོངས་སུ་ཁྱབ་པར་རློམ་པའི་ཨ་འཐས་ཀྱི་ལྟ་བ་དེ་ངེས་བར་དུ་གཙང་བཟོ་བྱ་དགོས། ཤེས་རིག་གི་སྡེ་ཚན་རེ་རེ་གསར་དུ་བསྐྲུན་པའི་འཕྲུལ་ཆས་ཤིག་ཡིན་པའི་དབང་དུ་བཏང་ན་དེའི་ལྟ་གྲུབ་ཀྱི་བསམ་བློའི་ཆ་ཤས་རེ་རེ་འཕྲུལ་ཆས་ཀྱི་ལྷུ་ལག་སྙོམས་སྒྲིག་བྱེད་པའི་གཅུ་གཟེར་རེ་རེ་ཡིན་རྒྱུ་རེད། རིག་འདེད་ཀྱི་བསམ་བློ་འདི་མི་བུ་བྱིངས་ཀྱི་སེམས་ངོར་འབྱར་མ་ཐུབ་པས་གང་ཞིག་གཏོར་བཅོམ་དང་ཅི་ཞིག་ལ་ཕོག་ཐུག་བཟོ་བཞིན་ཡོད། ཞེ་སྨྲེང་བའི་ཕམ་དོང་གི་མུན་ནག་ལས་གྲོལ་ཏེ་ཡངས་ཤིང་རྒྱ་ཆེ་བའི་མི་ཡུལ་གྱི་འཇིག་རྟེན་འདིར། རང་ཉིད་ལ་ལྷན་སྐྱེས་སུ་མངའ་བའི་མིག་ཟུང་གིས་ལོངས་སུ་སྤྱོད་ཐུབ་ན་ཅི་མ་རུང་སྙམ་པ་དེ་རྩོམ་པ་པོ་ཞིག་གི་བསམ་གཞིགས་ཀྱི་རྨང་སྟན་ཡིན།
༡༽སྐད་ཆ་དྲང་པོ། ༢༽སྐད་ཆ་ཚ་པོ། ༣༽སྐད་ཆ་གྲང་མོ་གསུམ་སོ་སོར་མི་འདུག་གམ། ལགས།
གང་ལྟར་རྩོམ་པ་པོ་ཞིག་ཡིན་ན་སྤོབས་པ་དང་བློ་ཁོག་དགོས་པ་ནི་མ་མཐའི་ཆ་རྐྱེན་ཡིན་པར་འདོད། གཙན་མེ་སྟག་ལགས་ཀྱིས་བསམ་ཚུལ་རང་བཞིན་གྱི་འབོལ་རྩོམ་ཡག་པོ་ཞིག་བྲིས་འདུག
རྣམ་པ་གཉིས་ཕེབས་པ་མགུ་ནས་ཡོད།
འབོལ་རྩོམ་དེ་དངོས་ནས་དྲང་པོ་དང་བདེན་པ་བརྗོད་བྱ་རུ་བཟུང་བ་ནི་ཡིད་རང་མ་བྱས་
ཐབས་མེད་དུ་སྣང།
རྩ་བའི་རྩོམ་ཡིག་འབྲི་སྐབས་བློས་བསླངས་ཚུལ་སོགས་བློར་ཧ་ཅང་འབབ་ཀི ཡིན་ནའང་ཆབ་སྲིད་པ་ཡིན་ན་རྫུན་བཤད་དགོས་པའི་ངེས་པ་གཏན་ནས་མེད། ཆབ་སྲིད་པ་དྲང་མོ་ཡང་ཡོད་རེད་ལ། རྒྱལ་བས་དུས་རྒྱུན་ཆབ་སྲིད་ལ་དཀར་ནག་གཉིས་གསུངས་པ་ལ་དགོས་པ་དང་རྒྱུ་མཚན་ཡོད། ཁམས་འདྲི་ཞུ།
ཕེབས་པར་དགའ། ཁྱབ་པ་གཅོད་པ་ནི་རིག་ཚན་གཞན་ཞིག་གི་ཁྱབ་ཁོངས་ཡིན་པ་ལས་འདིར་འབྲེལ་བ་གཏན་ནས་མེད། དགོངས་པ་མ་ཚོམ། ཡོད་ཚད་རྒྱབ་ལྗོངས་མ་འདྲ་བས་ཡིན།
ཁྱེད་ཀྱིས་བལྟས་ན་རྩོམ་པ་པོ་ཞིག་ལ་མཚོན་ན། ཛ་དྲགས་ཀྱི་སྐབས་འདིར་ཁ་སངས་ནས་སེམས་ཀྱི་སྐད་ཆ་ཤོད་དགོས་པ་ཞིག་ཨེ་རེད། ཡིན་ནའང་རྩོམ་ཡིག་འབྲི་མཁན་རེ་ཟུང་མ་གཏོགས་རྩོམ་པ་པོ་བྱིངས་གནད་དོན་དེ་དང་རིང་དུ་གྱེས་པའི་ཚོར་སྣང་ཞིག་འདུག་གམ།