རས་པ།
—“རྩོམ་རིག་གི་རྐང་རྗེས་ལ་ཕྱིར་མིག་བལྟ་བའི་”འདུ་འཛོམས་སྟེང་གི་མཐོང་ཐོས།
ཕྱི་ལོ་༢༠༡༢ ཟླ་ ༡༡ ཚེས་ ༢༡ དགོང་མོ་ཆུ་ཚོད་ ༦ ཕྱེད་ཀ།
ཞོགས་པར་གུས་པོ་ལས་ཁུངས་སུ་མ་སོང་བའི་སྔོན་ཏག་ཏག་ཏུ་གྲོགས་པོ་བོན་རྒྱ་བསྟན་རབ་པས་ཁ་པར་ཞིག་སླེབས་སོང་།“དེ་དགོང་ཁྱོད་ལ་ཁོམ་པ་ཡོད་དམ། སྐུ་ཞབས་ཀླུ་སྨྱོན་ལགས་འདིར་ཕེབས་འདུག་པས་མཉམ་འཛོམས་ཤིག་བྱེད་འཆར་ཡོད་”ཟེར། མཉམ་འཛོམས་ནི་“རྩོམ་རིག་གི་རྐང་རྗེས་ལ་ཕྱིར་མིག་བལྟ་བ་”ཟེར་བའི་བརྗོད་གཞིའི་སྟེང་དུ་རེད་འདུག སྟོན་མཇུག་གི་གནས་ངོ་འདི་ནི་སྐྱ་ཐང་ཐིང་གི་སེམས་གཤིས་རི་མོར་བྲིས་པ་དང་འདྲ་ཞིང་། སུན་སྣང་ཞིག་གིས་ཐང་སྟོང་འཇག་སྐྱ་རླུང་གིས་དཀྲོལ་བའི་ཤུགས་གླུ་རིང་མོ་སེམས་ཁོངས་སུ་རྒྱུན་པར་གྲགས་ཀྱི་འདུག གནས་བབ་འདི་ལྟ་བུར་མཉམ་འཛོམས་བྱེད་པར་སྤྲོ་སྣང་དེ་ཙམ་མེད་ཀྱང་། དྲ་ཐོག་གི་ཚ་ཚ་འུར་འུར་དང་འགྲོགས་པའི་ཀླུ་སྨྱོན། ཀླུ་སྨྱོན་ནི་ཕྱི་ཡུལ་གྱི་བོད་མི་དྲ་འཇུག་པའི་ཚབ་མཚོན་མི་སྣའི་གྲས་སུ་ཤུགས་རྐྱེན་ཆེ་བའི་གྲྭ་བ་ཕྱེད་ཀ་ཡིན་ཟེར་མཁན་གྱི་རྩོམ་པ་པོ་ཞིག་ཡིན། ཁོང་གིས་བོད་ཀྱི་གྲྭ་བ་མང་དག་ཅིག་གི་སྣང་ངོར་“སྐྱ་སྟོང་སྙན་ངག་”བྲིས་ཡོད་ཅིང་། བོད་ཀྱི་དུས་བབ་དང་། སེང་རྡོར་དྲ་བ། ད་དུང་ཁོང་སྒེར་གྱི་དྲ་བ་ཞིག་ཀྱང་ཡོད་ལ། ངོ་དེབ་ཀྱི་སྟེང་དུ་འདྲ་པར་རིས་མཉམ་དུ་སྙན་ཆ་ལྡན་པའི་ཚིག་བཅད་སྙན་ངག་འབྲི་བཞིན་པར་ཉེ་དུས་ནས་དོ་སྣང་བྱུང་། “ཨོ་རེད། ང་ཡོང་གི་ཡིན།”ངས་ཁོ་ལ་ལན་ཕུལ་བ་ཡིན།
ཕྱི་དྲོ་ཆུ་ཚོད་བཞི་བའི་སྟེང་དུ་ལས་ཁུངས་ནས་དགོངས་པ་ཞུས་ཏེ་ནོར་བུ་གླིང་ཀར་བསྐྱོད་མགོ་བརྩམས། ཁེར་རྐྱང་ངང་ལམ་ལ་ཆས་ཤིང་། སྤྱི་སྤྱོད་རླངས་འཁོར་ལས་ཆུ་ཚོད་ཕྱེད་ཀ་བརྒལ་བའི་འགྲུལ་བཞུད་ཀྱི་རིང་དུ་ངས་བོད་ཀྱི་གནའ་དེང་གི་རྩོམ་རིགས་ཀྱི་སྐོར་ལ་རང་གིས་ཤེས་ཚད་ཀྱིས་ཕྱིར་དྲན་བྱས་པ་ཡིན། འོན་ཀྱང་། འདུ་འཛོམས་ནི་བོད་ཀྱི་རྩོམ་པ་པོ་སྔ་རབས་པའི་རྐང་རྗེས་ཀྱི་ཐད་དུ་མ་ཡིན་པར་ང་ཚོ་མི་སྒེར་རེ་རེའི་སྟེང་དུ་བབ་འདུག་ཅིང་། མི་སྒེར་རེ་རེའི་སྒྲུང་མགོ་འཛུགས་མ་བྱས་པའི་ཐོག་མའི་དུས་རིམ་ནི་རྩྭ་ཐང་ཆུང་ཆུང་ཞིག་ནས་བྱུང་སོང་། ནོར་གླིང་ནས་ང་དང་རྨེའུ་དཀོན་རྒྱམ་ལགས་གཉིས་འདུ་འཛོམས་ས་གནས་སུ་ཕྱིན་པ་ཡིན། འདུ་འཛོམས་གནས་ཡུལ་མཐོང་ཡང་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག སྔ་དྲག་པའི་ཚོར་སྣང་དང་མཉམ་དུ་ངས་ལྷ་ཆབ་ལགས་མཐོང་བྱུང་། ཨོ སྐུ་ཞབས་ཀླུ་སྨྱོན་ལགས་ཀྱང་འདུག ངའི་ཚོར་སྣང་གིས་ཁོ་རང་ངོ་ཤེས་སོང་། ད་དུང་ཨ་རིག་དང་ཁོང་གི་དགའ་རོགས་ཀྱང་མཉམ་དུ་འདུག མཛེས་སྡུག་ལྡན་པའི་རྩྭ་ཐང་ཆུང་ཆུང་དེ་རུ་ངས་སྐུ་ཞབས་ཀླུ་སྨྱོན་ལགས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།
ཧ་ཅང་གཙང་ལ་ལྷུན་ཆགས་ཀྱི་ཁོང་གི་གཟུགས་པོ་ལས་ངས་ཐད་ཀར་མིག་མདངས་ལ་ཉུལ་ཞིབ་ཅིག་བྱས་ཀྱང་། སྟབས་མ་ལེགས་པ་ཞིག་ལ་སྤྱན་ཤེལ་དཀར་པོ་དེ་ནི་ཁོང་གི་མིག་མདངས་དང་ངའི་བསམ་གཞིགས་དབར་དུ་ཁྲ་ཀོར་རེ་འགྱིང་འདུག ཉི་མ་ནུབ་ཤུལ་གྱི་དཀར་འོད་ཁོང་གི་གདོང་དུ་འཕྲོས་འདུག་ཅིང་། སྟོད་གོས་སེར་པོ་དེའང་ང་ཚོ་དང་ཁོང་གི་ཁྱད་པར་སྟོན་པའི་དམིགས་གསལ་མཚོན་རྟགས་ཤིག་དང་། མཚོན་རྟགས་འདི་ལྟ་བུ་ལ་བརྟེན་ནས་ཁོང་དང་མཇལ་མ་མྱོང་བའི་ང་ཚོ་ཚང་མས་རྩོམ་པ་པོ་ཁོང་ངོ་ཤེས་ཐུབ་བྱུང་བ་རེད།
ཀླུ་སྨྱོན་ལགས་རྒས་འདུག ངས་ཁོང་གི་སྐྲ་འདབས་སུ་ཚས་དཀར་མངོན་པའི་སྐྲ་ལོའི་སྣང་ཚུལ་ལ་དོ་སྣང་བྱུང་སོང་། འོན་ཀྱང་། ཁོང་གི་སྙན་ངག་ནི་སྐྲ་ལོ་དཀར་པོར་འགྱུར་བཞིན་པའི་སྙན་ངག་པ་གཞན་དག་གི་བརྩམས་ཆོས་དང་མི་འདྲ་བ་ཞིག་ཡིན། ཁོང་གིས་འཆར་ཡན་གྱི་རིག་རྟོག་ལ་མོས་པ་བྱེད་པ་མ་ཟད། སྙན་ངག་འབྲི་དུས་དགེ་སློང་ཀླུ་སྨྱོན་ལགས་ནི་དགའ་རོགས་འཚོལ་ཞིང་སྙིང་གཏམ་གླེང་བ་ལ་ང་ལས་རྦད་དེ་ལྷག་པོ་འདུག མ་ཟད། ཉིན་ཞིག་ཁོང་ཉིད་འབྲུག་པ་ཀུན་ལེགས་སུ་གྱུར་འདུག་ཅིང་། འབྲུག་མོ་ཚོར་ཐར་བ་ཐོབ་བྱེད་ཀྱི་མཐུན་མཇུག་གི་ལོངས་སྤྱོད་དེའང་གནང་ཚར་འདུག རྒྱུ་མཚན་འདི་དག་གིས་ངས་ཀླུ་སྨྱོན་རྒས་མེད་པའི་གཏན་ཚིགས་རྙེད།
ང་ཚོ་མི་ཁ་ཤས་རྩྭ་ཐང་ཆུང་ཆུང་འདིར་འཛོམས་པ་ན་ལབ་གླེང་ཁྲོད་དུ་མེ་ཕུང་སྐོར་བའི་སྤྲོ་སྐྱིད་གླེང་ཞིང་། མཚན་མོ་མེ་ཕུང་སྐོར་བའི་འཆར་གཞི་གསར་བ་དེ་ལ་ཚང་མ་འདོད་པ་ཆེན་པོ་བྱུང་། ང་ཚོས་འཆར་གཞི་ལྟར་ལས་སླ་བོ་བྱས་ནས་ཉེ་འཁོར་ནས་མཚན་གྱི་ཆུ་ཚོད་བཅུ་གཅིག་བར་བསྐྱལ་ཐུབ་པའི་འབུད་ཤིང་སྒྲུག་ཐུབ་པ་བྱུང་།
མགྱོགས་མྱུར་གྱི་དུས་ཚོད་དང་བསྟུན་ནས་ང་ཚོ་འཚོགས་ཡུལ་དངོས་སུ་འདུ་འཛོམས་བྱས་ཤིང་། ཆབ་སྲིད་ཚོགས་པ་ཉམ་ཆུང་ཞིག་གི་གྲོས་ཁང་དང་འདྲ་བའི་ཚོགས་ཁང་འདི་ནི་ཧ་ཅང་སྟབས་བདེ་ཡིན་པ་མ་ཟད། འདུ་འཛོམས་ཀྱི་སྦྱར་བྱང་ངོས་སུ་གནའ་དཔེ་རྙིང་བ་ཁ་ཤས་རང་རང་སར་ལྷུན་ཆགས་ཀྱིས་ཡོད་པའི་པར་རིས་དེ་ངའི་མིག་ཟུང་གིས་དུས་ཡུན་ཐུང་ཐུང་རིང་བློས་གཏོང་མི་ཐུབ་པའི་ཚོར་བ་བྱུང་། འདུ་འཛོམས་དངོས་སུ་མགོ་འཛུགས་བྱེད་པར་སྐར་མ་ཉི་ཤུ་ལྷག་ཕྱིར་འགྱངས་ཀྱིས་སྙན་ངག་པ་རྒན་གྲས་བཅུད་པར་གཡང་མཁོ་རྒྱལ་ལགས་ལ་ངང་སྒུག་བྱས། དུས་ཚོད་འདིའི་ནང་དུ་ང་ཚོས་འདུག་སྟེགས་ལ་བསྡེབས་སྒྲིག་ཅིག་བྱས་པ་ཡིན། བསྡེབས་སྒྲིག་འདི་ནི་ཆེད་དུ་བུད་མེད་ཀྱི་ངན་གཤིས་ལ་གཏོར་བཤིག་བཏང་བ་ཡིན་ཟེར་ཡང་ཆོག བུད་མེད་རྣམས་ཕྱོགས་གཅིག་ཏུ་མགོ་སྒུར་ཞིང་པུས་མོ་གཉིས་ཐོད་གཏུགས་ནས་ཤབ་ཤུབ་སྐད་ཆ་རྫོགས་མཐའ་མེད་པ་དེ་སྤྱི་བའི་མདུན་ཅོག་གི་སྟེང་དུ་ཐུན་མོང་གི་བགོ་སྐལ་དུ་ཐོབ་ཆེད་ཁོ་ཚོ་ཁ་གཏོར་བ་ཡིན། ངས་བསམ་པ་ལ་མོས་མཐུན་མེད་ཚེ་དེ་ཡང་རང་དབང་རེད་བསམ་མོད། བུད་མེད་རྣམས་ཀྱིས་དང་ལེན་གནང་བ་མ་ཟད་ཁོ་མོ་ཚོའི་ཐུར་དུ་རྒུར་བའི་མགོ་བོའང་གཞི་ནས་ཡར་བཀྱགས་བྱུང་།
ཐག་གཅོད་ཀྱི་དུས་ཚོད་ཟིན་མཚམས་འདུ་འཛོམས་དངོས་སུ་མགོ་བཙུགས་སོང་། བོད་ཀྱི་མཚན་ཉིད་རིག་པའི་སྙན་ངག་”འབེལ་རྩོམ་”གྱི་མཁན་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་འདུ་འཛོམས་ཀྱི་གཏམ་བཤད་གནང་ཞིང་། ང་ཚོ་རེ་རེ་བཞིན་ངོ་སྤྲོད་བྱས། ཁོང་ནི་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ནང་གྲགས་པ་ཆེན་པོ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། མཚན་ཉིད་རིག་པའི་སྙན་ངག་འབེལ་རྩོམ་གསར་གཏོད་བྱེད་མཁན་ཀྱང་ཡིན། འབེལ་རྩོམ་ཡི་སྐོར་ལ་ཁོ་བོས་<< བོད་ཀྱི་མཚན་ཉིད་རིག་པའི་སྙན་ངག་འབེལ་རྩོམ་ལ་ཐོག་མར་དཔྱད་པ་>>ཞེས་པ་ཞིག་བྲིས་ཡོད་ལ་མི་འགྱངས་པར་སྤྱན་བསྟར་ཞུ་རྒྱུ་ཡིན། འདུ་འཛོམས་མགོ་ཚུགས་ནས་ཅུང་ལས་མ་འགོར་བར་གཟུགས་པོ་ཆེ་ཞིང་། ཁ་སྣ་གསལ་བོར་བཏོན་པ། སྐྲ་ལོ་རྒྱབ་ཏུ་བསྡམས་པའི་རྩོམ་པ་པོ་བཅུད་པར་གཡང་མཁོ་རྒྱལ་ལགས་དང་། ཕྱི་ཡུལ་གྱི་བོད་མིའི་ཁྲོད་གྲགས་ཆེ་བའི་སྲིད་དོན་པ་ཀླུ་མཁར་བྱམས་ལགས་རྣམ་གཉིས་ཕེབས་སོང་། ཁོང་རྣམ་པ་གཉིས་ནི་རང་རང་གི་ཁྱད་ཆོས་མ་འདྲ་བར་ཡོད་པའི་མི་སྣ་གཉིས་ཡིན་ཞིང་། བཟའ་ཟླ་གཉིས་ཀྱང་རྩོམ་པ་པོ་རེད། གཡང་མཁོ་རྒྱལ་ལགས་ཀྱི་བཟའ་ཟླ་ནི་བུད་མེད་རྩོམ་པ་པོ་གྲགས་ཅན་གཟུགས་ཕྱུག་སྐྱིད་ལགས་ཡིན་པ་དང་། ཀླུ་མཁར་བྱམས་ལགས་ཀྱི་བཟའ་ཟླ་ནི་རྩོམ་པ་པོ་དང་ཡིག་བསྒྱུར་བ་པདྨ་ཆོས་སྒྲོན་ནམ་གངས་སྒྲོན་ལགས་རེད། འོན་ཀྱང་། ཁོང་མོ་རྣམ་པ་གཉིས་འདུ་འཛོམས་འདིར་མཉམ་ཞུགས་གནང་ཐུབ་མེད། ང་ཚོས་མུ་མཐུད་དུ་ཕྱིར་མིག་གི་སྐད་ཆ་འཕྲོ་མཐུད་པ་ཡིན།
རི་ཁྲོད་པ་ཅིག་གི་འཁྲིས་ནས་ཐོན་པའི་ཀླུ་སྨྱོན།
འདུ་འཛོམས་པའི་རེ་བ་ལྟར་ཀླུ་སྨྱོན་ལགས་ཀྱིས་ཁ་གྲགས་སོང་། རྩེད་མཚར་ལྡན་པའི་མི་སྣ་ངོ་སྤྲོད་ཀྱི་རྗེས་སུ་ང་ཚོས་གཟབ་ནན་གྱིས་ཁོང་ལ་ཉན་པ་ཡིན། “ང་ནི་རི་ཁྲོད་པ་ཅིག་གི་འཁྲིས་ནས་རྩོམ་ཡིག་འབྲི་བའི་མགོ་བརྩམས་པ་ཡིན།” ངའི་ཚོར་སྣང་ནི་མི་ལ་རས་པ་དང་། ཤར་སྐལ་ལྡན་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ་ལྟ་བུའི་རས་པ་རྐྱང་རྐྱང་གི་མདུན་དུ་ཁྲིད་སོང་། ཁོང་གིས་འདི་ལྟར་བཀའ་མོལ་མགོ་བཙུགས། ཕལ་ཆེར་རི་ཁྲོད་པ་ཁོང་ནི་བོད་ཀྱི་ཆོས་པའི་ཁྲོད་དུ་མགུར་གླུ་ལེན་མཁན་གྱི་རྗེས་རབས་པ་ཞིག་དང་། ཡིག་ཐོག་ཏུ་འབྲི་བའི་སྔོན་ཐོན་པ་ཞིག་ཡིན་ཚོད་འདུག རི་ཁྲོད་པ་ཁོང་གིས་ཉིན་རེའི་སེམས་ཀྱི་མཐོང་སྣང་དང་རྟོག་པའི་འགྱུ་བ་མཐའ་དག་ཡིག་ཐོག་ཏུ་བཀོད་ཅིང་། དེ་ཉིད་དབྱངས་ལ་གྱེར་བའི་གདངས་ཀྱི་ཀློང་ནས་ཀླུ་སྨྱོན་གྱི་སྙན་ངག་ལ་བླ་འགུགས་བྱེད་པའི་མགོ་བརྩམས་ཞིང་། དུས་ཡུན་གང་འཚམས་ཀྱི་རྗེས་ནས་ཀླུ་སྨྱོན་གྱིས་མགུར་ཞིག་ཡིག་ཐོག་ཏུ་བྲིས་ཏེ་རི་ཁྲོད་པ་ཁོང་ལ་ཕུལ།“འདི་ལམ་ཁ་ནས་རྙེད་པ་ཡིན། གང་འདྲ་འདུག་ལགས།” ཀླུ་སྨྱོན་གྱིས་ཐབས་ཤེས་སྣ་དགུར་བརྟེན་ཏེ་རང་ཉིད་ལ་ཚོད་དཔག་བྱེད་པའི་རྩོམ་ཡིག་འདི་ལམ་ཁ་ནས་རྙེད་པའི་སྐད་ཆ་ཡིས་རི་ཁྲོད་པ་དེ་ཁོང་འཛུམ་ཤོར་ཡོད་སྲིད། ཁོང་གིས་གསུངས་རྒྱུར་”ཁྱོད་ཀྱིས་ད་དུང་བོད་ཡིག་ཡག་པོ་སྦྱང་དགོས་ཀྱི་འདུག” ཀླུ་སྨྱོན་གྱི་ཞེད་སྣང་དེ་ཞིང་འཇམ་དུ་གྱུར།
དེ་ནས་བཟུང་ཁོས་མུ་མཐུད་དུ་རྩོམ་ཡིག་བྲིས། རྩོམ་ཡིག་འགྲེམས་སྤེལ་བྱེད་སའི་དུས་དེབ་དང་ཚགས་ཤོག་ཡོད་པ་ཤེས་རྟོགས་བྱུང་། སྐབས་འདིའི་རྗེས་སུ་ཁོའི་ལག་པར་སྤྲོ་སྣང་ལྡན་པའི་ཡིག་ལྐོགས་ཤིག་འབྱོར་ཞིང་། ཁོ་ཉལ་ས་དང་འགྲོ་ས་གང་ལའང་ཡིག་ལྐོགས་ཀྱིས་བཏུམས་པའི་རིན་པོ་ཆེ་དེ་མཉམ་འཁྱེར་བྱས། དེ་ནི་ཁོང་གི་མགུར་གླུ་ནས་གློ་བུར་དུ་ལྷུག་རྩོམ་དུ་ཐོལ་བརྒལ་བྱས་པའི་རྩོམ་ཡིག་ཅིག་<<མཚོ་སྔོན་བོད་ཡིག་གསར་འགྱུར་>>སྟེང་བཀོད་འདུག་པ་དེ་རེད། ཀླུ་སྨྱོན་གྱི་དགེ་རྒན་ཡིན་པའི་རི་ཁྲོད་པ་ཁོང་འདི་ལྟ་བུ་ལ་ཐུགས་དགྱེས་པོ་མེད་པ་མ་ཟད། དོན་གྲུབ་རྒྱལ་ལྟ་བུ་ལ་ཁྱོན་ནས་མི་དགའ་བ་རེད།
ཀླུ་སྨྱོན་གྱིས་ཉིན་རེ་བཞིན་རྩོམ་ཡིག་བྲིས་ཤིང་། རྩོམ་ཡིག་རྣམས་བསྟུད་མར་<<སྦྲང་ཆར་>>རྩོམ་སྒྲིག་ཁང་དུ་བསྐུར། “ལོ་གསུམ་བསྟུད་མར་བསྐུར་ཡང་ང་ལ་ཕྱིར་ལན་ཙམ་ཡང་མ་བྱུང་།” ཁོང་གིས་འཛམ་མདངས་དང་བཅས་ང་ཚོར་འདི་ལྟར་བཤད། འདི་ལས་སླ་བོ་ཞིག་མ་རེད། ཁོང་ཡིད་ཐང་ཆད་མེད་པ་མ་ཟད། རང་ཉིད་ཀྱི་ཁོར་ཡུག་ཏུ་<<ལྗང་མྱུག་>>ཅེས་པའི་དཔེ་དེབ་ཅིག་གསར་གཏོད་བྱས།
“འདི་ནི་དཔེ་མི་སྲིད་པ་ཞིག་རེད། དགོན་པའི་གྲྭ་བ་ཞིག་གིས་དེབ་འདི་འདྲ་བཏོན་འདུག་”ལྷིང་འཇགས་ཀྱི་དགོན་པ་དེར་ཞོགས་པའི་དུང་སྒྲ་ཡལ་རྗེས་སྐད་ཆ་འདི་འདྲ་ཞིག་དུང་སྒྲ་བཞིན་གྲགས། སྟབས་ཡག་པ་ཞིག་ལ་སྐད་ཆ་དེ་ནི་སྟོང་གསུམ་གྱི་གནམ་ས་གཡོ་བའི་གཞོན་ནུ་ཟླ་མེད་ཀྱི་དུང་སྒྲ་ལྟ་བུ་ཞིག་མ་ཡིན་པར། གཉིད་ཁུགས་གྲབས་བྱེད་སྐབས་དུག་སྦྲང་ཚེ་ཟད་ཅིག་གིས་རྣ་ཁར་སྡུག་སྐད་བཏོན་པ་དང་འདྲ་བོ་བྱུང་འདུག ཁོའི་རྩོམ་ཡིག་ནི་མགུར་ནས་ལྷུག་རྩོམ་དུ་གྱུར་ཞིང་། སྙན་ངག་དང་བརྩམས་སྒྲུང་ཡང་བསྟུན་མར་བྱུང་།
ཉིན་ཞིག་ཁོང་གི་གཅེན་པོ་དང་མཉམ་དུ་གྲྭ་ཤག་ནས་འཐེན་ཐུག་བསྐོལ་ཞིང་། སྟོད་གོས་ཕུད་ནས་ཁང་བའི་ར་སྐོར་དུ་ཟས་ལ་རོལ་དུས་ཁོང་ལ་གློ་བུར་བའི་འཆར་སྣང་ཞིག་བྱུང་། དེ་ཉམས་སྣང་ཞིག་ཡིན་ཡང་སྲིད། འཆར་སྣང་དེའི་འཛེས་རིས་ནི་སྙན་ངག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་གདེང་འཇོག་ཆེན་པོ་བྱེད་པའི་བརྩམས་སྒྲུང་<<ཁ་བ་ནག་པོ་>>ཟེར་བ་དེ་རེད། ཁོང་གིས་བཤད་རྒྱུར། “སྐལ་ལྡན་ལོ་བདུན་བརྒྱད་ཅིག་རེད། ང་དང་གཅེན་པོས་འཐེན་ཐུག་འཐུང་སྐབས་གློ་བུར་བའི་ཚོར་བ་ཞིག་སླེབས། དེ་མ་ཐག་ནང་དུ་སོང་ནས་ཤོག་བུ་དང་སྨྱུ་གུ་འཁྱེར་ཡོང་ནས་བྲིས་པ་ཡིན། རྗེས་ལ་དེ་དུས་དེབ་ཅིག་ཏུ་བསྐུར་ཞིང་། འདིར་སླེབས་རྗེས་དུས་དེབ་སྟེང་དུ་བཏོན་འདུག སྐབས་དེར་ང་འདིར་ཡོང་བའི་འཆར་གཞི་སྒྲིག་བཞིན་ཡོད།” ཟེར།
སྙན་ངག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་བཤད་རྒྱུར། “བརྩམས་སྒྲུང་དེ་ནི་སྒྱུ་འཕྲུལ་གྱི་བརྩམས་སྒྲུང་ཞིག་རེད། སྒྱུ་འཕྲུལ་གྱི་རྩོམ་རིགས་ནི་གློ་བུར་དུ་བྱུང་གི་ཡོད།” འདིའི་སྔོན་དུ་ལྷ་ཆབ་ཀྱིས་ཁོང་ཉིད་ཉི་མ་བླ་བྲང་དུ་སྡོད་དུས་བྲིས་པའི་སྒྱུ་འཕྲུལ་སྙན་ངག་གི་མྱོང་བའི་སྐོར་བཤད་ཅིང་”སྒྱུ་འཕྲུལ་སྙན་ངག་བྲིས་ཚར་བའི་རྗེས་སུ་སྙིང་དོན་ཅི་ཡིན་གསལ་བོ་རང་ལའང་བཤད་རྒྱུ་མེད་ལ། སྙན་ངག་གི་ནང་དུ་སྐྱོན་ཡོད་པའི་གནད་དོན་སུ་ཞིག་གིས་ཀྱང་བཤད་མི་ཐུབ། སྒྱུ་འཕྲུལ་སྙན་ངག་ནི་བབ་སྒྲུང་དང་འདྲ།” ཨོ ངས་གསལ་བོར་ཤེས་སོང་། ལྷ་ཆབ་ཀྱིས་བཤད་པའི་ཉམས་སྣང་གི་དོན་གནད་འདི་རུ་འདུག འོན་ཀྱང་། ང་ལ་སྒྱུ་འཕྲུལ་སྙན་ངག་གི་གོ་བ་ད་དུང་གསལ་བོ་མ་ཆགས།
རྒྱ་གར་ལྷོ་ཕྱོགས་ཀྱི་བྱེའུ་ཞིག་གི་སྐད།
“ལྷོ་ཕྱོགས་སུ་ས་སྲོད་ཀྱི་མཚམས་སུ་བྱེའུ་ཞིག་གི་སྐད་ལ་བརྟེན་ནས་སྐྱོ་སྣང་གི་ཚོར་བ་ཤུགས་ཆེན་པོ་སླེབས་ཀྱི་འདུག ངས་ཕལ་ཆེར་ཉིན་རེ་བཞིན་ས་སྲོད་ཀྱི་མཚམས་སུ་སྙན་ངག་རེ་བྲིས་པ་ཡིན། དེ་དག་དྲན་སྣང་དང་སྐྱོ་གདུང་གིས་གྲུབ་པའི་སྙན་ངག་ཡིན། ཐའེ་ཀོར་གྱི་སྙན་ངག་ཅིག་གི་ནང་དུའང་བྱེའུ་དེ་ཡོད་པ་རྗེས་སུ་ཤེས་རྟོགས་བྱུང་། བྱེའུ་དེའི་སྐད་དང་ཟླ་འོད་ལྷན་དུ་རོལ་ཚེ་སུན་སྣང་ཅན་གྱི་དབུལ་ཕོངས་འཚོ་བ་ནི་སྐྱོ་གདུང་གི་སྙན་ངག་ཅིག་ཏུ་རང་བཞིན་གྱིས་གྲུབ་ཡོང་གི་རེད།“ ཁོང་གི་སྙན་ངག་གིས་དྲན་གདུང་དང་སྐྱོ་ངལ་འཁུར་ནས་འཚོ་བའི་ནང་དུ་ཡོང་འདུག ཞེ་འཕངས་པ་ཞིག་ལ་ངས་ཁོང་གི་དྲ་ཐོག་སྙན་ངག་ལས་བཀླགས་མྱོང་མེད།
རྩོམ་པ་པོ་ཀླུ་སྨྱོན་གྱིས་ལག་པ་ག་ལེར་འགུལ་བསྐྱོད་བྱེད་ཅིང་། དེ་ནི་རྒྱ་ནག་གི་མི་དཔོན་ཚོས་ཚ་བའི་དུས་སུ་བསིལ་གཡབ་གཡུགས་པ་དང་འདྲ་བོ་འདུག ང་ཁོང་གི་བྱེའུའི་སྐད་སྒྲུའི་ཀློང་གི་སྐྱོ་སྣང་ལ་མཉམ་ཞུགས་བྱེད་ཐུབ་པ་བྱུང་། ཐ་ན་ངས་བྱེའུ་དེའི་སྐད་ཀྱང་གསལ་བོ་ཐོས་བྱུང་། འདི་རྫུན་ཡིན་ཡང་སྲིད། འོན་ཀྱང་། ང་ལ་དེ་ལྟ་བུའི་ཚོར་བ་འགོག་ཏུ་མེད་པ་ཞིག་སླེབས་པ་མ་ཟད། རྒྱ་གར་གྱི་སྟོན་ཟླའི་འོག་གི་སྐྱོ་སྣང་དེ་རླུང་བུ་ཡངས་མོས་རམ་འདེགས་བྱས་པའི་སྣ་གླུ་ཐན་ཐན་དང་མཉམ་དུ་ངས་ཀྱང་བླངས་མྱོང་།
ཁོ་ཞུམ་པ་མེད་པར་མདུན་དུ་བསྐྱོད་ཅིང་། མི་ཚེའི་ནང་ཡང་བསྐྱར་འགྱུར་བ་ཞིག་བཏང་། ཁོང་གིས་དེབ་དང་པོ་དཔར་དུས་ཧ་ཅང་དཀའ་ངལ་ཆེ་བ་མ་ཟད། མཐོང་ཆུང་དང་བརྙོས་བཅོས་མཉམ་དུ་སླེབས་འདུག “ང་བལ་ཡུན་ནས་བོད་པ་རྒྱུ་ཆེན་ཚོའི་ཁྱིམ་ཚང་རེ་རེ་བཞིན་སློང་མོ་རྒྱག་གི་སོང་བ་ཡིན། ཁ་ཤས་ཀྱིས་ངའི་སྟེང་དུ་ཁྱི་གློད་ཀྱི་འདུག ཁ་ཤས་ཀྱིས་སྒོར་མོ་ཉུང་ཉུང་རེ་སྤྲོད་ཀྱི་འདུག མཐོང་ཆུང་གི་རྣམ་འགྱུར་ལས་ང་ཡོངས་སུ་རྒྱལ་ཏེ་དེབ་དང་པོ་འདོན་ཐུབ་སོང་། དེ་ནས་བཟུང་ད་བར་དེབ་གྲངས་བཅུ་གཉིས་བཅུ་གསུམ་ཞིག་དཔར་ཡོད། དེབ་དང་པོའི་རྗེས་ནས་དཀའ་ངལ་དེ་འདྲ་འཕྲད་མ་སོང་།” ངས་ཤེས་ཚོད་ལྟར་ན་དེ་དུས་ཁོས་རྩོམ་སྒྲིག་པའི་ལས་ཀ་བྱེད་ཀྱི་འདུག ཁོང་གིས་ད་ལྟ་དེབ་གསར་བ་ཞིག་འདོན་འཆར་གྱི་གསལ་བསྒྲགས་བྱས་ཡོད་ཅིང་། དེའི་མིང་ལ་<<གད་སྙིགས་>>ཟེར། ངས་ཀླུ་སྨྱོན་མུ་མཐུད་ནས་བཤད་ཐུབ་ཀྱི་མི་འདུག ཁོང་དང་མཉམ་དུ་སྐད་ཆ་བཤད་པའི་མཐའ་མའི་དུས་སྐབས་མ་ཟིན་པའི་སྔོན་ཏག་ཏག་ཏུ་ཆོས་པའི་སྐད་ཀྱི་ཐེག་ཆེན་དང་ཐེག་དམན་ལུགས་ཀྱི་ ཉམས་ལེན་སྐོར་གྲོགས་རྨེའུ་དཀོན་རྒྱམ་དང་ཁོང་གིས་གླེང་མོལ་བྱས་སོང་བས། ངའི་ཁོང་གི་བྱ་སྤྱོད་ལ་ཚོད་དཔག་བྱེད་པའི་སྒོ་རྒྱབ་པ་ཡིན། གང་ཡིན་ཟེར་ན་ངས་ངོ་མས་ཆོས་ཤེས་ཀྱི་མེད་ལ་ཆོས་པའི་བྱ་སྤྱོད་ལ་སྒྱུ་རྩལ་གྱི་ཚོར་སྣང་གིས་འགྲེལ་བཤད་ཀྱང་སྐྱོན་འདོད་མེད། འོན་ཀྱང་། ཧ་ཅང་སྟབས་བདེ་ལ་ཡིད་ལ་འཇུག་བདེ་བོ་ཞིག་ནི་ཁོང་གིས་”ཆོས་པའི་མཐར་ཐུག་གི་བསམ་བློ་གཏོང་ས་ནི་སྡིག་པ་ཡོད་མེད་དེ་རེད། སྡིག་པ་མེད་པའི་ལས་ཀ་ཡིན་ན་ང་ཚོ་སེམས་ལྷོད་ལྷོད་བྱས་ནས་བསྡད་ཆོག་”ཟེར། ཁོས་མེ་ཕུང་མཐའ་རུ་ཁ་ཁུ་སིམ་པོའི་ངང་ཞལ་འདོན་གསུངས་ཀྱི་འདུག མཚམས་དང་མཚམས་སུ་སྐད་ཆ་རེ་བཤད། “ཆོས་པ་དང་རྩོམ་པ་པོ་སུ་ཡིན་ཡང་རྩོམ་འབྲི་བའི་དུས་སྐབས་སུ་རེ་དོགས་ཡོད་མི་རུང་”ཁོས་འདི་ལྟར་བཤད་རྗེས་སླར་ཡང་ཞལ་འདོན་གསུངས་སོང་།
ཕྱིར་མིག་ནི་སྣ་འཛོམས་ཤིག་རེད།
ངས་འདུ་འཛོམས་འདིར་མི་གྲངས་ག་ཚོད་ཡོད་མེད་གྲངས་ཀ་རྩིས་མེད། ང་ཚོས་ཡི་གེ་ཇི་ལྟར་སྦྱང་བ་ནས་རྩོམ་ཡིག་ཇི་ལྟར་བྲིས་པའི་བར་མི་རེ་རེའི་སྐར་མ་བཅུའི་དུས་ཡུན་རིང་བཤད་པ་ཡིན། མིའི་མི་ཚེ་ནི་ཁྱད་མཚར་དང་བློ་ཡུལ་དུ་མ་ཤོངས་པའི་གནས་བབ་མང་པོ་བརྒྱུད་ནས་སླེབས་འདུག ཐ་ན་ཚོད་ལྟ་མ་ཡིན་པའི་འགྲན་བསྡུར་ལ་བརྟེན་ནས་རྩོམ་ཡིག་བྲིས་པའི་རྩོམ་པ་པོའང་འདུ་འཛོམས་འདིར་བྱུང་འདུག སྤྱིའི་ཆ་ནས་འདུ་འཛོམས་འདིར་ཞུགས་པའི་རྩོམ་པ་པོ་རྣམས་ལ་ཉམ་ཆུང་གི་གཤིས་ཀ་ཧ་ཅང་མངོན་གསལ་དུ་ཡོད་པ་མ་ཟད། རང་ཉིད་ཀྱི་དེ་སྔའི་ང་རྒྱལ་དེ་ད་ལྟའི་ངོ་ཚ་དང་ཐ་ན་ཁངས་ར་བྱེད་ཡུལ་དུ་གྱུར་འདུག ང་འདི་ལ་གཏན་ནས་མི་དགའ། འདི་ནི་འདུ་འཛོམས་ལ་ཞུགས་པའི་ཕོ་མོ་གཉིས་ཀས་ཡང་ནས་ཡང་ཏུ་བཟླས་སྐྱོར་བྱེད་ཀྱི་འདུག
ངས་འདུ་འཛོམས་ཕྱི་རོལ་གྱི་མཚན་མོའི་སྐར་ཚོགས་ལ་ལོངས་སྤྱོད་བྱས་པ་ཡིན། ཁ་ཁུ་སིམ་པའི་མཚན་མོར་འདིར་རྩོམ་རིག་སྒྱུ་རྩལ་ལ་དད་འདུན་ཆེ་བའི་མི་སྐོར་ཞིག་གི་ལབ་གླེང་ལས་ཕྱིར་ཐོན་རྒྱུ་ནི་ལས་སླ་བོ་ག་ལ་ཡིན། ངའི་སེམས་སུ་དེ་དག་བློས་གཏོང་བྱས་ཀྱང་མཚན་མོའི་སྐར་ཚོམ་གྱི་ལོངས་སྤྱོད་འདི་ནི་ཧ་ཅང་བག་ཕེབས་པ་མ་ཟད། རྒྱུ་རྐྱེན་མི་གསལ་བའི་བྲེལ་འཚུབ་དེ་ཡང་ཞི་འཇགས་སུ་བཏང་། སྙན་ངག་པ་ལྷ་ཆབ་དང་ཁྲོ་གཏུམ་ཡང་ང་དང་འདྲ་བར་ཕྱི་རོལ་ཏུ་ཕེབས་ཤིང་། གྲང་བསིལ་བསིལ་གྱི་ཁ་དབུགས་ཅུང་རྔུབ་ནས་ང་ཚོ་ཕྱིར་ནང་དུ་སོང་བ་ཡིན།
ཕྱོགས་མང་དག་ཅིག་ནས་མཚུངས་ཆོས་སུ་ཡོད་པའི་ང་ཚོའི་འདུ་འཛོམས་པའི་ཁྲོད་དུ་རྩོམ་པ་པོ་གཡང་མཁོ་རྒྱལ་དང་ཀླུ་མཁར་བྱམས་གཉིས་ཀྱིས་སྔ་རྗེས་སུ་སྐད་ཆ་བཤད་སོང་། རྩོམ་པ་པོ་བཅུད་པར་གཡང་མཁོ་རྒྱལ་ལགས་ཀྱིས་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་ཐད་གསལ་བཀྲོལ་གནང་ཞིང་། བདག་དབང་དང་འབྲེལ་བ་ངེས་ཅན་ཡོད་པའི་བཀའ་མོལ་འདི་ལྟ་བུ་ནི་དེ་སྔ་སྟག་འཚེར་རིན་པོ་ཆེ་དང་། བོད་མི་རྩོམ་པ་པོ་ཚེ་རིང་ཤཱཀྱ་ལགས་ཀྱིས་ཀྱང་གསལ་འདོན་གནང་ཡོད་ལ་དེ་ལས་གཞན་དག་གིས་ཀྱང་བཤད་ཡོད། ཁོང་གིས་ཀྱང་ལྟ་བ་དེ་ལྟ་བུར་དང་ལན་བྱེད་པ་མ་ཟད། ཉམས་མྱོང་ཅན་གྱི་སྐད་ཆའི་བྲོ་བ་ཡིས་ང་ལ་བདེ་སྣང་གི་ཚོར་བ་སྦྱིན་བྱུང་། ཧ་ཅང་ངོ་མཚར་བ་ཞིག་ལ་ཀླུ་མཁར་བྱམས་ལགས་ཀྱིས་མིའི་ཚོར་སྣང་གི་འགྱུར་བའི་ཐད་བཀའ་མོལ་གནང་ཞིང་། བཀག་བསྐྱིལ་དུས་སྐབས་ཀྱི་ཚོར་སྣང་ལ་བརྟེན་ནས་ལྷ་སྒྲུང་རང་བཞིན་གྱི་སྒྱུ་རྩལ་རྩོམ་རིག་འབྲི་ལོས་ཐུབ་སྙམ་ཞེས་ཟེར་ཞིང་། ཚོར་བ་འདི་བཤད་དུས་ཁོ་གཞི་ནས་འཆར་ཡན་གྱི་ཕུན་སུམ་ཚོགས་པའི་དཀྱིལ་འཁོར་ནང་འཐིམས་འགྲོ་གི་འདུག་པ་མ་ཟད། སྲིད་དོན་པ་འདིས་རྨི་ལམ་གྱི་ལུང་བསྟན་ལྟ་བུའི་བཀའ་མོལ་ཀྱང་གནང་གི་འདུག ང་ལ་འདི་ལྟ་བུའི་མིའི་ལྐོག་གྱུར་གྱི་སེམས་ཁམས་ལ་ཉམས་མྱོང་ཅི་ཡང་མེད་པས་ཉན་ནས་བསྡད་པ་ཡིན། བྱང་ཆ་ལྡན་པའི་ཁོང་གི་གཏམ་བཤད་དེ་དགོང་ཟས་དང་མཉམ་དུ་རོལ་དགོས་བྱུང་།
རོ་བྲོ་ཕུན་སུམ་ཚོགས་པའི་དགུང་ཟས་ལ་ལོངས་སྤྱོད་བྱེད་པ་དང་མཉམ་དུ་སྙན་ངག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་གསུང་བཤད་མགོ་བཙུགས་སོང་། ཨོ གནམ་རྒན་མ། ངས་ཁྲག་ཡིག་གི་ལོ་རྒྱུས་དམིགས་གསལ་བ་ཞིག་གོ་བྱུང་། ལྷ་ཆབ་ཀྱིས་བཤད་རྒྱུར་”སྐབས་དེ་དུས་ངེད་ཚང་ལ་ཤོག་བུ་དང་སྨྱུ་གི་ཡོད་པ་མ་རེད། ངའི་པཱ་ལགས་ཀྱིས་རས་དཀར་པོ་ཞིག་འཁྱེར་ཡོང་ཞིང་། ལག་ངར་སྟེང་དུ་གྲི་བཙུགས་ཏེ་ག་ལེར་ཁྲག་བཏོན་སོང་། པཱ་ལགས་ཀྱི་ཁྲག་དེ་སྣག་ཚའི་ཚབ་བྱས་ནས་ང་ལ་རས་དཀར་སྟེང་དུ་གསལ་བྱེད་སུམ་ཅུ་བསླབ་པའི་མགོ་བཙུགས།” ལྷ་ཆབ་ཀྱི་སྐད་ཡིག་ནི་འདི་ལྟ་བུའི་རིན་ཐང་གཞལ་དཀའ་བ་ཞིག་རེད། ང་ལ་མཚོན་ན་ཐོག་མའི་གསལ་བྱེད་སུམ་ཅུ་སུ་ཞིག་གིས་བསླབ་པ་མི་ཤེས་ལ་བསླབ་པའི་གོ་རིམ་ཡང་ད་ལྟ་བཤད་རྒྱུ་མི་འདུག
འབྲོང་དར་རྒྱས་ལགས་དང་། མེ་འོད། འབྲོག་རུ་ཆོས་དར། ཆོས་རྫོང་བསྟན་པ་སོགས་ཀྱིས་རིམ་པར་རང་གི་མྱོང་བ་བཤད་ཅིང་། སྤྲོ་འཛུམ་གྱིས་ཡོངས་སུ་ཁེངས་པའི་འབྲོང་དར་རྒྱས་ལགས་གསར་རྩོམ་ལ་འཇུག་པའི་སྤྲོ་སྣང་ནི་སྐབས་དེའི་སྒོར་མོ་གཉིས་ཀྱིས་བསྐྱེད་འདུག་ཟེར་ན་བཤད་ཁག་ཀྱང་། རྩོམ་ཡོན་སྒོར་མོ་གཉིས་ལྷག་གིས་ཁོང་ལ་ལོ་ཆུང་གསར་རྩོམ་པ་ཞིག་གི་སྤྲོ་སྣང་ཡོངས་སུ་བསྩལ་འདུག ཁོང་གི་ཕྱིར་དྲན་འདི་ལ་བརྟེན་ནས་ངས་ཀྱང་རང་གི་འདས་དོན་ཞིག་དྲན་ཞིང་། ངས་ཁུ་སིམ་སིམ་གྱི་ངང་ནས་སྤྲོ་སྣང་ཞིག་རྙེད་སོང་། མེ་འོད་ནི་ང་ཚོའི་གྲས་ཀྱི་མི་འབད་བརྩོན་ཅན་དེ་ཡིན་པ་འདྲ། ཁོང་གིས་རྩོམ་ཡིག་འབྲི་སྦྱོང་གི་ཆེད་དུ་ཟླ་གཅིག་གི་རིང་བཅད་རྒྱ་བྱས་ནས་བསྡད་འདུག་ཅིང་། ཚགས་ཤོག་ཅིག་གི་སྟེང་བཀོད་པའི་རྩོམ་ཡིག་དེ་ཐོན་མེད་ཚེ་ཁོས་ད་དུང་ཁང་མིག་ཆུང་ཆུང་ཞིག་ཏུ་དབྱངས་ཅན་མར་གསོལ་བ་འདེབས་ཀྱི་ཡོད་སྲིད། ཁོ་བཅད་རྒྱ་ལས་ཕྱི་རོལ་ཏུ་ཐོན་ནས་ཅང་མ་འགོར་བར་བརྩམས་སྒྲུང་ཞིག་བྲིས་འདུག་ཅིང་། བརྩམས་སྒྲུང་དེས་ཅུང་མིན་ན་ཁོང་གི་ཁྲ་ཀོར་ཀོར་གྱི་མིག་ཟུང་དེ་ང་ཚོའི་མཐོང་ཡུལ་དུ་མངོན་རྒྱུ་མེད་པ་བྱས་འདུག
“ང་ལ་མཚོན་ན་ཁ་གཏད་ས་མེད་ན་རྩོམ་ཡིག་འབྲི་རྒྱུ་མེད་པ་འདྲ་ཞིག་འདུག་”འབེལ་རྩོམ་གྱི་མཁན་པོ་བོན་རྒྱ་བསྟནའཛིན་རབ་རྒྱས་ལགས་ཀྱིས་རྩེད་མཚར་ཅན་གྱི་བཀའ་མོལ་མགོ་ཚུགས་སོང་། ཁོང་གིས་དེ་སྔ་དགོན་པའི་སྤྱི་ཚོགས་ནང་དུ་ངར་ཤུགས་ཧ་ཅང་ཆེ་བའི་<<འབེལ་རྩོམ་སྲིན་པོའི་གད་རྒྱངས་>>བྲིས་ཡོད་པ་རེད། མི་འདི་ནི་བློ་སྤོབས་ཀྱིས་ཁེངས་ཡོད་པ་མ་ཟད། རྩོམ་ཡིག་གི་ཁ་བྱང་ཀྱང་འཇིགས་སུ་རུང་བ་རྐྱང་གིས་བཞེངས་བསྐྲུན་བྱས་ཡོད། ང་ཚོས་ལག་ལ་ཐོགས་ཚད་ཀྱིས་ཁོང་གི་རྩོམ་བྱང་རེ་འཁྱེར་ཡོང་ཀྱང་<<འབེལ་རྩོམ་དོམ་ནག་སྨྱོན་པ་>>ལྟ་བུ་ལས་སླ་བོར་རྙེད་ཀྱི་རེད། ཁོས་དགོད་སྒྲ་དང་མཉམ་དུ་”ང་བོད་ན་ཡོད་དུས་རྩོམ་ཡིག་འབྲི་བའི་གྲྭ་བ་མ་རབས་ཤིག་མིན། རེབ་གོང་༸སྐྱབས་མགོན་གྱི་མཚན་ཉིད་ཞབས་ཞུ་བ་དང་། འཛིན་གྲྭའི་སྐྱོར་དཔོན་སོགས་བྱེད་པའི་གྲྭ་བ་ཡ་རབས་ཤིག་ཡིན། འདིར་སླེབས་ནས་དཀའ་ངལ་རིམ་པར་འཕྲད་ཅིང་། སེམས་གཏམ་བཤད་སའི་གྲོགས་པོ་ཡང་བོད་ནང་བཞིན་མེད་པས་སྙིང་གཏམ་ཡོད་ཚད་ཡིག་ཐོག་ཏུ་འབྲི་མགོ་བརྩམས་པ་ཡིན། དེ་དང་བསྟུན་ནས་མ་རབས་ཀྱི་མིང་དེའང་སླེབས་”ཟེར། སྒྱུ་རྩལ་དང་གཏན་ཚིགས་ཀྱི་མཉམ་བསྡེབས་ལས་བྱུང་བའི་ཁོང་གི་འབེལ་རྩོམ་གྱིས་ཁོ་རང་གྲྭ་ས་ནས་ཉམས་ཞིབ་པའི་ལས་གནས་སུ་རྒྱང་འཕུད་བཏང་། ཁོང་ཡང་ཀླུ་སྨྱོན་དང་འདྲ་བར་དྲ་ཐོག་གི་ཚ་ཚ་འུར་འུར་གྱི་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། སྲིད་དོན་རྩོམ་ཡིག་ཀྱང་འབྲི་གི་རེད། ཁོས་གཏམ་བཤད་ཀྱི་མཇུག་བསྡུས་རྗེས་ང་ཚོས་གཞི་ནས་བུད་མེད་ཀྱི་སྐད་གདངས་ལ་རོལ་མྱོང་བྱས་པ་ཡིན།
“ང་ལ་དམིགས་གསལ་གྱིས་རྩོམ་རིག་གི་རྐང་རྗེས་ལ་ཕྱིར་མིག་བལྟ་རྒྱུ་མི་འདུག་བསམ། འོན་ཀྱང་། ངས་རྩོམ་ཡིག་མང་པོ་བཀླགས་མྱོང་། འདིར་ཡང་རྩོམ་པ་པོ་རྣམས་པའི་མྱོང་བ་ལ་ཉན་འདོད་ཆེན་པོས་ཡོང་བ་ཡིན། ངའི་པཱ་ལགས་ཀྱིས་ང་ལ་བོད་ཡིག་ཤེས་དགོས་པའི་རེ་བ་ཆེན་པོ་བྱེད་པ་མ་ཟད། ཁོང་གིས་བོད་ཡིག་གི་དཔེ་དེབ་མང་པོ་ཉོས་ཡོང་གི་རེད། ཉིན་ཞིག་པཱ་ལགས་ཀྱིས་རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལགས་ཀྱིས་<<ཕུག་རོན་གྱི་རྣམ་ཤེས་>>དང་། <<སྐྱ་བྷའི་རྩོམ་བཏུས་>>སོགས་དེབ་ཁག་ཅིག་ཉོས་ནས་སླེབས་སོང་།<<ཕུག་རོན་གྱི་རྣམ་ཤེས་>>ཀྱིས་ང་ལ་བག་ཆགས་ཆེན་པོ་བཞག་པ་མ་ཟད། དེབ་དེ་བཀླགས་པ་ལ་བརྟེན་ནས་རང་གི་སེམས་ཚོར་ཡིག་ཐོག་ཏུ་འབྲི་བའི་མགོ་བརྩམས་པ་ཡིན། ལྷག་པར་ཏུ་ང་རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལགས་ཀྱིས་ལྷུག་རྩོམ་ལ་དགའ། དཔེ་ཀློག་རིམ་པར་བྱས་པའི་བརྒྱུད་རིམ་ནང་དུ་ཞོགས་དུང་སོགས་ཀྱི་དཔེ་དེབ་ལའང་དགའ་བོ་བྱུང་།” སྐད་ཆ་འདི་ནི་བློ་སྤོབས་ཅན་གྱི་གཞོན་ནུ་མ་ཀླུ་མོ་འཚོས་བཤད་ཅིང་། མོའི་སྨྱུག་མིང་དུ་ཀླུ་དཀར་མོ་ཟེར། ཁོ་མོས་གཞི་རྒྱ་ཆེ་བའི་སྙན་ངག་གྱེར་འདོན་གྱི་འདུ་འཛོམས་ཤིག་ལས་ཨང་གཉིས་པའི་གཟེངས་རྟགས་བླངས་ཤིང་། ད་ལྟ་མཐོ་རིམ་སློབ་མ་ཡིན་པ་རེད། འདུ་འཛོམས་པ་ཡོངས་ཀྱིས་ཁོང་མོའི་ཕྱོགས་སུ་ཉན་ཞིང་། ཞེད་སྣང་མེད་ཅིང་དབུས་སྐད་ཅུང་ཙམ་འདྲེས་པའི་ཨ་མདོའི་སྐད་གདངས་གསལ་བོ་དེ་ཡིས་ཕོ་གསར་མང་པོ་ཞིག་ལ་ཚོར་བ་གཞན་ཞིག་སྤྲད་ཡོད་སྲིད། མོའི་གཏམ་བཤད་མཇུག་གྲུབ་མཚམས་ཀླུ་མཁར་བྱམས་ལགས་ཀྱིས་དབྱིན་སྐད་ཀྱིས་ Good ཞེས་ཐལ་མོ་བརྡབས་སོང་། འདི་ནི་འདུ་འཛོམས་པ་ཡོངས་ཀྱིས་ཁོ་མོར་ཕུལ་བའི་བསྟོད་པ་ཞིག་ཡིན་ངེས་ཤིང་། ང་ཚོ་ཚང་མར་འཛུམ་ཤིག་ཤིག་གི་ལབ་གླེང་ཉུང་ཙམ་བྱུང་།
གློ་བུར་དུ་རང་མོས་སྙན་ངག་ལ་གློ་བ་དཀར་བའི་ཁྲོ་གཏུམ་ལགས་ཀྱིས་ཟུར་ཁ་ཅན་གྱི་གཏམ་བཤད་མགོ་བཙུགས་སོང་། “ང་དེ་རིང་འདིར་སླེབས་མ་ཐག་སྦྱར་བྱང་ངོས་སུ་དེབ་རྙིང་གི་པར་ཞིག་མཐོང་སོང་། ཡང་སྙན་ངག་མེ་ལོང་མ་གླེང་རྒྱུ་རེད་བསམ་མོད། དེ་ལྟར་མ་ཡིན་པས་དགའ་ཡོད།” བསྟན་རབ་གད་མོ་ཆེན་པོ་ཞིག་བགད་སོང་། ཁོང་ཡང་འཛུམ་ཙམ་བྱས་ཏེ་སྐད་ཆ་མུ་མཐུད་དུ་མཇུག་མཐུད་ཅིང་། རྩོམ་འབྲིའི་ལས་ལ་ཞུགས་པ་ངོ་སྤྲོད་བྱས་རྗེས། ངས་རང་གི་ཕྱིར་མིག་ཕྲན་བུ་དེ་བཤད་པ་ཡིན། ཁོ་ཚོས་ང་ལ་ཅི་ལྟར་བལྟ་བཞིན་པའི་ཉམས་འགྱུར་ལ་དོ་སྣང་བྱེད་མ་ཐུབ་ཅིང་། ངས་ཁ་གཏད་ཀྱི་མི་རེ་གཉིས་ཀྱི་གདོང་ལ་བལྟ་བཞིན་རང་ཉིད་ཡི་གེ་དང་འགྲོགས་པའི་ལོ་ངོ་ཁ་ཤས་བཤད་པ་ཡིན། དེ་ནི་དྲ་བར་བཀོད་ཟིན་པའི་<<སྙན་ངག་གྲོག་རོང་ནང་གི་མིའི་ཚེའི་གདངས་གླེང་བ་>>ཅེས་པའི་སྐད་ཆ་བསྐྱར་བཤད་ཅིག་ལས་མེད་པས་འདིར་རྒྱས་སྤྲོས་བྱེད་ཀྱི་མིན། འོན་ཀྱང་། སྒྱུ་རྩལ་རྩོམ་རིག་ནང་གི་འཆར་ཡན་གྱི་ཧམ་སེམས་དེ་ང་ཚོས་སྲོལ་རྒྱུན་རྩོམ་རིག་ཀྱི་དོ་ཟླར་ཡོང་གི་མེད་པའི་སྐོར་གྱི་ལྟ་ཚུལ་ཞིག་ཀྱང་བཤད་པ་ཡིན།
གཅན་ཡུ་མོ་ལགས་ཀྱི་བཀའ་མོལ་ངའི་བགོ་སྐལ་དུ་མ་ཐོབ་ཅིང་། ཕལ་ཆེར་ངས་སྐར་ཚོགས་ཀྱི་གདུངས་སེམས་རོལ་དུས་མོས་ངོ་ཚའི་ཉམས་འགྱུར་དང་བཅས་བཤད་ཟིན་ཡོད་སྲིད། ཆོས་དབྱངས་དང་། གཟུགས་འདུས་སྐྱིད་གཉིས་ཀྱི་གཏམ་བཤད་གྲུབ་མཚམས་ང་ཚོས་མཉམ་འཛོམས་ཀྱི་འདྲ་པར་བསྐྱོན་ཞིང་། རང་རང་ས་ནས་ཉམས་ཆེན་པོས་རང་ཉིད་འདྲ་རིས་ངོས་སུ་དྲན་རྟེན་དུ་བཞག་པ་ཡིན།
མེ་ཕུང་མཐའ་ཡི་མྱི་ཚོགས།
ང་ཚོས་རྩྭ་ཐང་ཆུང་ཆུང་དེའི་སྟེང་དུ་ཧམ་པ་ཆེན་པོས་གཏོར་བརླག་ཅིག་བྱས་ཡོད་པ་ནི་མེ་ལྕེ་ལྷམ་ལྷམ་འབར་བྱུང་བ་དེ་ཡིན། ངོས་འཛིན་འདི་ནི་རྩྭ་ཐང་ལ་དུངས་ཞེན་གྱི་དབང་གིས་བཤད་པ་ལས་རྒྱ་གར་བའི་ལུགས་སྲོལ་དང་འགལ་བའི་གནས་ཚུལ་ཅི་ཡང་མེད། གསར་འགོད་རིག་པར་དགའ་མོས་བྱེད་མཁན་གྱི་རྨེའུ་དཀོན་རྒྱམ་ལགས་དང་། ཀླུ་སྨྱོན་རྣམ་པ་གཉིས་ཀྱིས་མེ་འབར་བའི་སྟབས་སྟབས་བརྙན་ལེན་དང་པར་ཏུ་འདེབས་བཞིན་འདུག་ལ། ཆོས་དབྱིངས་ལགས་ཀྱིས་མེ་ཕུང་ལས་བྱུང་བའི་སྣང་ཚུལ་རེ་རེའི་ཐད་ཀླུ་མཁར་བྱམས་ལགས་སུ་འཆར་ཡན་གྱི་ཚོར་བ་བཀའ་འདྲི་ཞུ་བཞིན་འདུག “མེ་ལྕེ་རེ་རེ་རྣམ་ཤེས་རེ་རེ་”ཚིག་འདི་མེ་ལྕེའི་དགུང་དུ་འཕྱོ་བའི་སྟངས་སྟབས་དང་མཉམ་དུ་ངའི་རྣ་ལམ་དུ་སླེབས་སོང་། འོན་ཀྱང་། སུ་ཞིག་གིས་གྱེར་འདོན་བྱས་པ་ང་ལ་གསལ་ཆ་མ་བྱུང་། མེ་ལྕེ་ཤུགས་ཆེན་པོར་འབར་བ་དང་མཉམ་དུ་འཁྲིས་ནས་འདུག་ཐབས་དཀའ་བའི་ཚ་ཤེད་རྒྱག་གི་འདུག་པ་དང་། མེ་ལྕེའི་མཐའ་རུ་ང་ཚོ་ཚང་མར་སྤྲོ་སྣང་གིས་ཁེངས་པའི་འཛུམ་ཆུང་རེ་མངོན་འདུག
ང་ཚོས་མེ་ལྕེའི་མཐའ་རུ་སྐོར་དང་སྐོར་བྱས་ཏེ་གླེང་མོལ་བྱས་པ་ཡིན། གང་མཚམས་ཀྱི་རྗེས་སུ་མེ་ཕུང་མཐའ་རུ་བསྐོར་ཏེ་བཀའ་མོལ་རྣམས་སྤྱི་བའི་དབུས་སུ་འཕེན་པར་རེ་འདུན་བོཏན་པ་ཡིན། རེ་འདུན་འདིའི་རྗེས་སུ་རྩོམ་མཁན་ཁྲོ་གཏུམ་མི་དགའ་བའི་<<མེ་ལོང་མ་>>གླེང་བྱུང་། འབྲོག་རུ་ཆོས་དར་དང་། མེ་འོད། བོན་རྒྱ་བསྟན་རབ། ཀླུ་མཁར་བྱམས། ལྷ་ཆབ་སྦྱིན་པ་སོགས་ཚང་མས་འདིའི་སྐོར་བཤད་ཅིང་། <<མེ་ལོང་མ་>>འདུག་ས་འགྲོ་ས་མེད་པ་བཟོ་བཞིན་པའི་སྐབས་སུ་ངས་ག་ལེར་བོད་ཀྱིས་<<མེ་ལོང་མ་>>སྦྱང་མྱོང་མི་འདུག་ཅེས་གླེང་མོལ་གྱི་ཁ་ཕྱོགས་ལ་དཀྱོག་ཅིག་འཕངས་པ་ཡིན། “གལ་སྲིད་བོད་ཀྱིས་<<མེ་ལོང་མར་>>སྦྱང་བ་བྱས་ཤིང་ཤུགས་རྐྱེན་ཐེབས་ཡོད་ཚེ་ཀོ་རུ་ཡའི་བརྩེ་དུང་གློག་བརྙན་ལས་ལྷག་པའི་སྐད་གྲགས་ཅན་གྱི་བརྩེ་དུང་མཚོན་པའི་བརྩམས་ཆོས་བོད་ལ་ཡོད་སྲིད།”ལྷ་ཆབ་སྦྱིན་པ་ལགས་ཀྱིས་ངའི་འདི་ལ་གསལ་བཀྲོལ་གནང་སོང་། བོད་ཀྱི་མཁས་རྒན་རྣམས་ཀྱིས་<<མེ་ལོང་མའི་>>འགྲེལ་བ་ཡང་འགྲེལ་བྲིས་ཏེ་བོད་ཀྱིས་དེ་ལ་སྦྱང་བ་ལས་<<མེ་ལོང་མའི་>>རྩ་བ་རང་ལ་དེ་ཙམ་སྦྱང་མྱོང་མི་འདུག་ལ་ཤུགས་རྐྱེན་ཡང་ཆུང་ཆུང་རེད། གལ་སྲིད་སྦྱང་ཡོད་པ་ཡིན་ན་བོད་རྩོམ་ནི་བསྟོད་པ་རྐྱང་བའི་ནང་དུ་ཡོད་པའི་གནའ་རྩོམ་དེ་དག་ལྟ་བུ་ཞིག་ཡིན་རྒྱུ་མ་རེད། ལྷ་ཆབ་ཀྱིས་ང་ལས་རྦད་དེ་བསམ་གཞིགས་མང་པོ་བཏང་འདུག་ལ་བཀའ་མོལ་གནང་ཕྱོགས་འདི་ལ་རྒྱུ་མཚན་དང་ངར་ཤུགས་ཀྱིས་ཁེངས་པ་ཞིག་ཀྱང་རེད། འོན་ཀྱང་། ངེད་གཉིས་ཀྱི་སྐད་ཆ་འདི་ལ་བདག་སྤྲོད་བྱེད་མཁན་མི་གཅིག་ལས་མ་བྱུང་། ང་ཚོས་མུ་མཐུད་དུ་གོ་སྐབས་འཕྲོག་རེས་ཀྱིས་སྐད་ཆ་བཤད་ཅིང་། བོན་རྒྱ་བསྟན་རབ་ཀྱིས་<<མེ་ལོང་མ་ནི་བརྡ་སྤྲོད་ཅིག་རེད་>>ཅེས་པའི་རྩོམ་ཡིག་ཅིག་བྲིས་འདུག་ཅིང་། འདིར་ཡང་འདིའི་ཐད་གླེང་སློང་བྱས་སོང་། མེ་འོད་ཀྱིས་འདི་ལ་དགག་ཕྱོགས་གནང་ཞིང་། རྩོད་མཚམས་ལ་ཀླུ་སྨྱོན་ལགས་ཀྱིས་བསམ་ཚུལ་བཤད་སོང་། “ངས་བསམ་ན་ཁྱེད་གཉིས་ཀྱི་དེ་བདེན་པ་རེད།”
བུད་མེད་རྩོམ་པ་པོ་རྣམས་གཉིད་ཀྱིས་འབོད་པ་བཏང་བའམ་དྲན་སྣང་ཅི་ཞིག་གིས་སྐུལ་བ་ལྟར་གྱེས་ཕྱག་ཕུལ་ཞིང་། ང་ཚོ་མི་ཁག་ཅིག་གིས་ཧ་ཅང་སྣ་མང་གི་གླེང་མོལ་བྱས་ཏེ་མཚན་གུང་ཆུ་ཚོད་བཅུ་གཅིག་བར་བསྡད་པ་ཡིན། བོད་དང་ཡང་ན་རྒྱའི་རྩོམ་རིག་གི་ཐད་བསྡུར་བ་བྱས་ཤིང་། ནུབ་གླིང་དང་བོད་ཀྱི་བསྡུར་བའང་སླེབས་ཡོད། “ཚང་མས་འདུ་འཛོམས་འདིའི་སྐོར་ལ་རྩོམ་ཡིག་རེ་འབྲི་ཨེ་ཐུབ་བལྟ་རོགས་”ཆུ་ཚོད་བཅུ་གཅིག་ཟིན་མཚམས་ཀླུ་སྨྱོན་ལགས་ཀྱིས་འདུ་འཛོམས་ཀྱི་མཇུག་མཐའི་བཀའ་མོལ་གནང་སོང་།
ཕྱི་ལོ་༢༠༡༢ ཟླ་ ༡༡ ཚེས་༢༣ ཉིན།
མེ་དཀར་གྱིས་བཀླགས།
ངའི་ཆུ་ཚོད་འཕྲོ་བརླགས་སུ་བྱིན་པར་སྐྱིན་ཚབ་སྤྲོད་རོགས་གནོངས།
ཆུང་ཆུང་ཞིག་ཆེན་པོ་བཟོ་བ་དང་། མ་ཡིན་པ་ཞིག་ཡིན་པར་བཟོ་བ་འདི་རྩོམ་རིག་པའི་མི་གཤིས་དང་རྒྱབ་འགལ་རེད་ལ། མི་ཡ་རབས་དང་དྲང་མོ་འབོད་པའི་ཡུལ་ནའང་སླེབས་མེད་པ་རེད། འདི་སེམས་ལ་ཉར་རོགས་གནང་།
གྲོགས་རས་པའི་ཟིན་རྩོམ་འདི་བཀླགས་པས་བྲོ་བ་ཆེན་པོ་བྱུང་། ཆ་ཚང་བཀླགས་པ་ཡིན།
པྰ་ལགས་མ་འབྲི། ཕ་ལགས་བྲིས།
ཐེངས་འདིའི་བགྲོ་གླེང་བྲོ་ཟོ་ཆེ།
རིང་ཐུང་ལ་མ་འཛེམ་པར་ཕྱེད་ཙམ་བཀླགས་པ་ཡིན་ཧ་ཅང་སྙན་སྣང་བྱུང།
ཀླུ་སྨྱོན་གྱིས་རྩོམ་ཡོན་ཞིག་གནང་ཡོད་ན་མ་གཏོགས་འུར་བཤད་རེད་འདུག
ཞོགས་པ་ཉལ་ས་ནང་ནས་བཀླགས་པ་ཡིན། ཞོགས་ཇ་ཞིམ་པོ་ཞིག་གི་གོ་ཆོད་ད། མེ་ཕུང་་་མེ་ལྕེ་་་་སྙན་ངག་པ་རེ་རེའི་ཁ་ནང་ན་་མེ་ལྕེ་རེ་རེ་འགྱུ་བ་མཐོང།
བཀླགས་ཚར་བ་ཡིན། ཚིག་སྐྱོན་རེ་གཉིས་དང་དག་ཆ་ཁ་ཤས་ཤིག་མ་གཏོགས་སྤྱི་ཡོངས་ནས་ཞིབ་ཚགས་ཡག་པོ་ཞིག་བྲིས་གནང་འདུག ཐུགས་རྗེ་ཆེ་ཞུ།
བཀླགས་གནང་མཁན་དང་མཆན་པོ་རྣམས་ལ་ཐུགས་རྗེ་ཆེ། ཆུ་ཚོད་འཕྲོ་བརླག་ཏུ་མི་འགྲོ་བ་རང་ཉིད་ཀྱིས་བཟོ་དགོས། མི་སོ་སོའི་ཆུ་ཚོད་རང་རང་གིས་བེད་སྤྱོད་གཏོང་ཤེས་བྱེད་དགོས་པ་ངས་མ་བཤད་ཀྱང་མཁྱེན་གྱི་རེད། གཞན་ཞིག་ནི་ཆུང་ཆུང་ཞིག་ཆེན་པོ་གཞར་ཡང་བཟོས་མེད་ལ་བཟོ་ཤེས་པ་ཞིག་ཀྱང་མིན། གང་མཐོང་བའི་གནས་ཚུལ་ལ་བསམ་ཚུལ་ང་ལའང་ཡོད་ནི་རེད། ངའི་བསམ་ཚུལ་གྱིས་གཞན་གྱི་ཚབ་བྱེད་ཀྱི་ཡོད་ཟེར་ནས་འདིར་བཤད་མེད།
དངོས་གནས་སྙན་པོ་བྱུང་། འདི་ལྟ་བུའི་ཟིན་རྩོམ་འབྲི་མཁན་ཡོད་ན་ཅི་འདྲ་རིང་ཡང་བཀླག་རྒྱུར་དཀའ་སྣང་དང་སུན་སྣང་མི་འདུག ཐུགས་རྗེ་ཆེ།
ཚོགས་ཞུགས་པ་རེ་རེའི་ཕྱི་ཉམས་དང་གཤིས་ཀ རྩོམ་གྱི་དགའ་ཕྱོགས། གླེང་མོལ་བྱེད་སྟངས་དང་། རྩོམ་པ་པོ་རང་གི་མཐོང་ཚུལ་དང་བསམ་ཚུལ། མེ་ཕུང་མཐའ་ཡི་མཚན་ལྗོངས་བཅས་ཕན་ཚུན་རྒྱུ་སྤུན་གྱི་ཚུལ་དུ་བསྡེབས་འདུག
ཚིགས་སྤྱོར་ལེགས་པ། སྙན་འཇེབས་ལྡན་པ། གོ་རིམ་ལྡན་པའི་དཔྱད་བརྗོད་འདི་འདྲ་ཞིག ད་སྔ་ཁ་བརྡ་དྲ་བའི་སྟེང་ཀློག་མ་མྱོང་། དེར་བརྟེན་རས་བ་འབོད་པ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྩོམ་རིང་འདི་མགོ་མཇུག་བར་དུ་ཚར་ཁ་ཤས་ཞིག་ལ་ཀློག་རྒྱུ་བྱུང་། འདི་ལྟར་རྩོམ་པ་ཁྱུ་གཅིག་ཛ་དྲགས་ཀྱི་གནས་སྟངས་ནང་ལྷན་འཛོམས་བྱུང་བའི་གོ་སྐབས་ཁྲོད། བདག་ཡིད་འདྲེན་བྱེད་ཀྱི་ལྕགས་ཀྱུ་དེ་གོང་གི་ཆ་རྐྱེན་གསུམ་པོ་འདི་ལས་གཞན་ཞིག་མེད་སོང་བ་ཡིན་ནམ། ང་རང་ཉིད་ཀྱི་ཀློག་སྦྱོར་བྱེད་སྟངས་ལ་ཐེ་ཚོམ་ཞིག་སྐྱེས་བྱུང་། རས་བ་ལགས་ཀྱི་བརྗོད་ལུགས་ཀྱི་ཆ་ནས་ཡིན་ནམ་རྩོམ་པ་པོ་འདི་དག་གི་བརྗོད་དོན་གྱི་ཆ་ནས་ཡིན་ནམ། ཕྲན་རང་རྩོམ་པ་པོའི་རིགས་ལ་དུང་སྣང་ཟབ་པའི་སྐྱོན་ཡིན་ནམ། རྩོམ་པ་པོ་ཁྱུ་ཚོགས་འདིས་ཅི་ཞིག་གླེང་ཀྱིན་པ་ཡིན་ནམ། གང་ཞིག་རྟོགས་ཡོད་པ་ཡིན་ནམ། ཅི་ཞིག་བསམ་ཀྱིན་པ་ཡོད་དམ། རས་བ་ལགས་ཀྱི་ནམ་མཁའི་སྐར་ཚོགས་ཀྱི་གྲུབ་ལུགས་ལ་ཚོག་དཔག་བྱས་བ་ནང་བཞིན། ང་རྩོམ་རིང་འདིའི་ཀློང་ནས་དྲི་བ་དང་དྲི་བ། ཡང་བསྐྱར་དྲི་བ། སླར་ཡང་དྲི་བ་ལ་གདོང་ཐུག་རྐྱང་རྒྱག་བཞིན་འདུག
རྩོམ་འདི་རིང་ལ་སྙན་པ། ཚོགས་དེ་འཁྲུག་ལ་འཛོམས་པ།
དངོས་ནས་སྙན་པོ་འདུག ངའང་དེའི་གྲལ་ན་ཡོད་པའི་ཚོར་སྣང་བྱིན་བྱུང་།
འབྲི་ཐབས་ཁྱད་པར་བ་ཞིག་རེད། ཁ་རྩང་སེང་དྲའི་ཐོག་ནས་བཀླགས་ཟིན།
ཁ་རྩང་། ཁ་སང་། ཁ་ས། ཁེ་ས་སོགས་བཞག་ནས། Yesterday ལ། མདང་། ཞེས་པའི་མིང་ཚིག་གཅིག་གིས་གོ་ཆོད།
ཚར་གཉིས་བཀླགས་ཡིན་བསམ་ཚུལ་སང་དྲ་ནང་གི་དེ་མིན་་མི་འགོད་རྒྱུ་བྱེད།
མགོ་ཉོགས་པོ་ཞི་པོ་ཞིག་བྲིས་འདུག། ག་རེ་སླབས་ཀྱི་ཡོད་དམ། what is the point?
གུ་ཡང་བའི་ཚིག་སྦྱོར་གྱི་ལམ་ཞིག་ནས་མི་སྣ་མང་པོའི་གནས་བབས་དང་། དགའ་ས། བརྩོན་ས། ཁྱད་ཆོས་སོགས་ངོ་སྤྲོད་གནང་བའི་ཞོར་དུ་རྩོམ་རིག་ཤེས་བྱའི་མེ་ཆུང་ངུ་ཞིག་བུད་ཡོད་པ་དང་། ཞོར་དུ་རྡ་རམ་ས་ལའི་དུ་བ་རབ་རིབ་ཡང་འཛིན་རྒྱུ་འདུག་པས་སྙན་པོ་བྱུང་།
དྲ་གྲོགས་མང་དག་ཅིག་གིས་མཆན་གནང་བ་ལ་ཐུགས་རྗེ་ཆེ།
བོད་ཀྱི་སློབ་སྦྱོང་ཟེར་བ་འདི་ད་དུང་ཡང་འདི་ལྟ་བུའི་ཚད་ཅིག་ནས་འདུག་གི་རེད་དམ། མིག་ཕྱེས་ནས་གཟིགས་རོགས། བོད་ཡིག་གི་ཐོག་ན་འཛམ་གླིང་གི་རྒྱུན་ཤེས་ཙམ་ཡང་མེད་པ་འདི་རེད། འཛམ་གླིང་གི་རྒྱུན་ཤེས་ཙམ་ཤེས་རྒྱུ་ལའང་སྐད་ཡིག་གཞན་ཞིག་ལ་བསྟེན་དགོས་པ་རེད། ད་རྩོམ་རིག་རྩོམ་རིག་གསུངས་ནས་འདུག་རྒྱུ་ཡིན་ནམ། ང་ཚོའི་མི་ཐོག་གཅིག་ནི་རིག་གནས་གསར་བརྗེའི་མི་ཐོག་རེད། ཀ་ཁ་མི་ཤེས་ཀྱང་ཤེས་ཡོན་ཅན་རེད། དེ་ནས་མི་ཐོག་གཅིག་ནི་ལང་ཚོའི་རྦབ་ཆུ་དང་བསྡུས་གྲྭའི་མི་ཐོག་རེད། ལང་ཚོའི་རྦབ་ཆུ་དང་བསྡུས་ར་སྦྱངས་ཚར་ནས་ཤེས་ཡོན་ཅན་གྱི་མིང་ཐོགས་པ་རེད། ད་དེང་སང་ཚད་དེ་ལས་བརྒལ་ཚར་འགྲོ་གི་འདུག གཟིགས་དང་། བོད་ནས་འབུམ་རམས་པ་ཐོན་པ་དེ་ཚོའི་དཔྱད་རྩོམ་ལ་གཟིགས་དང་། ལང་ཚོའི་རྦབ་ཆུ་ལས་ཐག་རིང་པོར་གྱེས་ཚར་འདུག གཉིད་ལམ་ལ་ལྷ་མོ་ཞིག་རྨིས་པ་དེ་རྩ་ཆེན་དུ་བརྩིས་ནས་འདུག་ཚོད་ཅིག་མ་རེད།
“བོད་ཀྱི་མཁས་རྒན་རྣམས་ཀྱིས་<>འགྲེལ་བ་ཡང་འགྲེལ་བྲིས་ཏེ་བོད་ཀྱིས་དེ་ལ་སྦྱང་བ་ལས་<>རྩ་བ་རང་ལ་དེ་ཙམ་སྦྱང་མྱོང་མི་འདུག་ལ་ཤུགས་རྐྱེན་ཡང་ཆུང་ཆུང་རེད།” འདི་ག་རེ་ཟེར་དགོས་ཡོད་རེད། དཀོན་མཆོག་མཁྱེན།
ཡག་པོ་འདུག། དངོས་ཡོད་དང་ཐག་ཉེ་བ། ཀློག་ན་སྙན་པ། བསམ་ན་བདེ་བའི་རྩོམ་ཞིག་རེད། དེང་སང་སྙན་ངག་མཐོང་སྐབས་ཏོག་ཙམ་སྐྱུག་མེར་ལངས་ཀྱི་འདུག། ཨ་རི་དང་དབྱིན་ཡུལ་ལ་ད་སྙན་ངག་མང་པོ་དེ་འདྲ་འབྲི་མཁན་ཉུང་ཉུང་རེད། དངོས་ཡོད་འབྲི་ཐུབ་ན་སྤྱི་སྒེར་གཉིས་ལ་ཕན་པ་ཆེ།
ཨ་རིའི་ནང་ལ་སྙན་ངག་འབྲི་མཁན་ཡིན་ཟེར་ན་ཏོག་ཙམ་རྩ་མི་ཚང་བའི་འདུ་ཤེས་སྤྲོད་ཀྱི་འདུག། ཁ་སྔོན་རོགས་པ་ཞིག་གིས་ཁོ་པའི་སྒེར་གྱི་ལོ་རྒྱུས་ནང་ལ་སྙན་ངག་བྲིས་པའི་སྐོར་དེ་བསུབ་པ་ཡིན་ཟེར། ཅིའི་ཕྱིར་ཟེར་སྐབས། ལས་ཀ་སྤྲོད་མཁན་དེ་ཚོས་དེ་མཐོང་བ་དང་གདོང་པར་མིག་ཆེན་པོ་བལྟས། ཁྱེད་སྙན་ངག་འབྲི་ཤེས་ཀྱི་ཡོད་པས་ཅེས་མ་འདོད་པའི་རྣམ་འགྱུར་བཏོན་གྱི་འདུག། ལས་ཀ་རག་རྒྱུར་ཀྱང་ཕན་གྱི་མིན་འདུག་ཟེར། ཨ་རི་ལ་སྙན་ངག་འབྲི་མཁན་ཡིན་ཞེས་ངོམས་ས་མིན་འདུག། སྙན་ངག་འབྲི་མ་ཤེས་མཁན་སུ་ཡོད་རས་ཅེས་ཚུར་རྫིག་རྫིག་གཏོང་གི་འདུག་ཟེར།
“བོད་ཀྱི་མཁས་རྒན་རྣམས་ཀྱིས་འགྲེལ་བ་ཡང་འགྲེལ་བྲིས་ཏེ་བོད་ཀྱིས་དེ་ལ་སྦྱང་བ་ལས་རྩ་བ་རང་ལ་དེ་ཙམ་སྦྱང་མྱོང་མི་འདུག་ལ་ཤུགས་རྐྱེན་ཡང་ཆུང་ཆུང་རེད།” ཟེར་ན། གང་ཟེར་འདོད་དམ།
རྩ་བ་བློ་ཟིནད་ནས་ཆུ་མ་ཎི་ལྟར་ཡོད་ཀྱང་བོད་མིས་རྩ་བ་མི་སྦྱངས་ཟེར་ན་ཅི་ཟེར་འདོད་ཡོད། འཛམ་གླིང་ནང་ལ་རྩ་བ་ཟིན་ནས་སྦྱོང་ངཁན་ཁ་ཆེ་བླ་ཕྲུག་ཡོད་ན་མ་གཏོགས་བོད་གཅིག་པུ་ཡིན་པ་དེ། ཚན་རིག་པ་ཚོས་བོད་པའི་དགེ་བཤེས་ཚོར་ཧང་སང་ནས་་བསྡད་པ་ཁྱོད་ཀྱིས་མི་ཤེས་སམ།
ཀློག་ཡིན་།ཡག་བྱུང།