བེ་རི་འཇིགས་མེད་དབང་རྒྱལ།
སྔོན་གླེང༌།
གང་ཞིག་མཐོང་ཐོས་དྲན་པའི་མོད་ལ་ཡང༌།།
འཇིགས་པ་བརྒྱད་སྐྱོབ་འཕྲིན་ལས་ལྷུན་གྲུབ་མ།།
གང་ཁྱོད་བདག་གི་ཚེ་རབས་སྔོན་མ་ནས།།
ལྷག་པའི་ལྷ་མཆོག་མཛད་པའི་བག་ཆགས་མཐུག།
སྔོན་ནས་ད་ལྟ་ད་ནས་མ་འོངས་པ།།
ཇི་སྲིད་མཆོག་གི་གོ་འཕང་མ་ཐོབ་པ།།
དེ་སྲིད་ལྷག་པའི་ལྷ་མོ་ཁྱོད་ཉིད་ཀྱིས།།
བརྩེ་བའི་སྤྱན་ཞགས་མ་གློད་ཏཱ་རེ་མ།།
ཆོས་རིག་བསམ་འཕེལ་ནོར་བུས་གཏམས་པ་ཡི།།
གངས་ཅན་རྩོམ་རིག་རྒྱ་མཚོའི་རླབས་ལྡན་མར།།
ཉེས་བྱས་བ་ཚྭའི་དྲི་མ་བསལ་བའི་སླད།།
རྩོམ་རིག་ཞན་ཆའི་ངོ་སྤྲོད་ཅུང་ཟད་གླེང༌།།
རྩོམ་རིག་ནི། བསྐལ་པ་ཡར་ཐོག་ནས་བྱུང་བའི་རིག་པའི་རྣམ་གཞག་གི་ཁྲོད་ནས་སྐབས་དེ་དང་དེ་དག་གི་སྤྱི་ཚོགས་ཁྲོད་ནས་བློ་ཁ་མཐོ་བ་དང་དྲན་ཚད་མྱུར་བ་ཚོའི་བསམ་བློའི་འཆར་སྒོ་དང་བསྟུན་ནས་བྱུང་བའི་རིག་པ་ཞིག་ཡིན་ལ། རིག་པ་དེ་ཉིད་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་རྒྱལ་ཁབ་འདྲ་མིན་དང་མི་རིགས་འདྲ་མིན་གྱིས་རང་རང་གི་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་མི་འདྲ་བ་དུ་མའི་ནང་དུ་བསྡུས་ཏེ། རྩོམ་རིག་གི་རྣམ་གཞག་རིམ་པར་བརྒྱུད་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་མི་འདྲ་བ་དུ་མ་སྣང་བའི་ཁྲོད་ནས། རང་རེ་བོད་ཀྱི་རྩོམ་རིག་ཀྱང་མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་གྲ་རྒྱས་སུ་སོང་བའི་རྒྱུད་རིམ་ཧ་ཅང་རིང་བ་ཡང་བཤད་ག་ལ་དགོས།
ང་རང་ཚོའི་སྤྱི་ཚོགས་འཚོ་བའི་ཚོར་འདུའི་རླབས་རིས་དང་འགྲོགས་ནས་སྒྱུ་རྩལ་གྱི་རྩོམ་རིག་ལའང་འཕེལ་གྲིབ་རྒྱ་མཚོའི་གཡོ་གྲུ་བཞིན་ངེས་མེད་ཅི་རིགས་སུ་གྱུར་དང་འགྱུར་བའི་རྣམ་གཞག་ཀྱང་བཤད་པས་རྫོགས་མཐའ་དང་བྲིས་པས་ཚར་ཐབས་མེད་པ་ཡང་དེ་བས་བཤད་ག་ལ་དགོས།
བྱ་བ་གང་ཞིག་གི་ལེགས་ཆ་གཏན་འབེབས་དང་རྒྱུན་སྐྱོང་དགོས་ན། དེའི་ལྡོག་ཟླ་ཉེས་པའི་ཞན་ཆ་དང་དེའི་རྒྱུད་རིམ་ཤེས་པ་སྔོན་དུ་བཏང་ནས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ཞེས་པའི་དཔེ་ལྟར། རང་རེའི་རྩོམ་རིག་གི་འཕེལ་ཁ་དབྱར་མཚོ་དང་སྟོན་ཟླ་ལྟར་བརྟས་པར་གེགས་ཆག་གི་འགལ་རྐྱེན་གང་དང་གང་ཞིག་ཡོད་པ་ངོས་འཛིན་དང༌། འགལ་རྐྱེན་དེ་དག་རྣག་ཐོག་བཙག་འཁེལ་གྱིས་ཐེར་འདོན་བྱེད་དགོས་པ་ཡང་གནད་ལ་འཁེལ་བའི་བླངས་བྱ་གལ་ཆེ་ཞིག་ཡིན་པས། དེས་ན་འདིར། བོད་ཀྱི་རྩོམ་རིག་གི་ཞན་ཆའི་སྐོར་ཅུང་ཟད་གླེང་པའང་དོན་དང་ལྡན་ངེས་སྙམ།
༡༽ གནའ་རྩོམ་གྱི་བག་ཆགས་ཀྱིས་དེང་རབས་ཀྱི་གནས་སྟངས་མཚོན་མི་ཐུབ་པའི་ཞན་ཆ།
ང་ཚོའི་བོད་ཀྱི་རྩོམ་རིག་ལ་ཁག་གསུམ་དུ་ཕྱེས་པའི་གནའ་རྩོམ་མམ་གདོད་མའི་རྩོམ་རིག་ནི། གནའ་བོའི་སྐབས་བཞིན་དེང་སང་བེད་སྤྱོད་གཏོང་མཁན་ཧ་ལམ་མེད་པས། རྩོམ་ཡིག་དེ་རིགས་ནི་ད་ལྟར་ལོ་རྒྱུས་ཙམ་དུ་ཟད་པས་དཔྱོད་པ་ཞུ་དགོས་དོན་གང་ཡང་མེད། བོད་ཀྱི་རྩོམ་རིག་གི་བསྟན་པ་བར་དར་གྱི་སྐབས་སམ་ཡང་ན་སྲོལ་རྒྱུན་རྩོམ་རིག་བོད་དུ་དར་བའི་མགོ་ཚུགས་པ་ནས། བོད་ལ་རྩོམ་རིག་གི་དར་སྲོལ་ཤིན་ཏུ་ཆེ་བ་བྱུང་ཚུལ་གྲགས་པས་གསལ་བཤད་མི་དགོས། རྩོམ་རིག་འདིའི་སྒྲོམ་གཞི་ལྟེ་བ་ནི། རྒྱ་གར་གྱི་མཁས་པ་དབྱུག་པ་ཅན་གྱིས་བྱས་པའི་སྙན་ངག་གི་གཞུང་མེ་ལོང་མ་འདི་ཉིད་ཡིན། གཞུང་འདི་མི་ལོ་ཆིག་སྟོང་ལྷག་གི་སྔོན་ནས་བྱུང་བའི་རྩོམ་རིག་གི་སྒྲོམ་ཞིག་ཡིན་ལ། སྐབས་དེའི་རྒྱ་གར་བའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཧ་ལམ་གལ་ཆེར་བརྩི་འོས་པའི་གཞུང་གསར་པ་ཞིག་ཡིན་པས་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་པའང་བཤད་ག་ལ་དགོས།
གཞུང་འདི་བོད་བསྒྱུར་གནང་བའི་དུས་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པའི་ནང་ཡིན། དུས་རབས་བདུན་པའི་ནང་རྩོམ་པའི་གཞུང་ཞིག་བརྩམས་ནས་མི་ལོ་ལྔ་བརྒྱ་ཡན་མན་ཙམ་སོང་རྗེས་གཞི་ནས་བོད་བསྒྱུར་བྱས་པ་དང༌། དེ་ཡང་ཡུལ་སྲོལ་གོམས་གཤིས་དང༌། དུས་རབས་སྔ་ཕྱི་སོགས་ཀྱི་ཁྱད་པར་མི་འདྲ་བ་དུ་མས། སྐབས་དེ་དུས་ནས་ཞན་ཆའི་རང་བཞིན་ཇི་སྙེད་ཅིག་བྱུང་ཡོད་པ་བཤད་མི་དགོས་པ་ཞིག་རེད། ཡིན་ནའང་ཕན་གནོད་སྲང་ལ་བཞལ་ན་ཕན་པའི་ཕྱོགས་ལྕི་བས། ང་ཚོས་མཆིལ་ཞགས་འཕེན་པ་དང་ངན་སྨྲོས་བྱེད་པའི་འོས་བབ་ནམ་ཡང་མེད།
དེ་ནས་ད་ལྟའི་བར་དུས་རབས་དང་མི་རབས་ཀྱི་དབྱེ་མཚམས་དེ་ཙམ་མང་པོ་ཕྱིན་ཟིན་པའི་རྗེས་སུའང༌། ད་དུང་དུས་རབས་བདུན་པའི་རྩོམ་སྒྲོམ་ཀྱི་རྭ་བ་ཟླུམ་པོ་ཞིག་གི་ནང་དུ་འཛུལ་ནས་སྡོད་མཁན་མི་ཉུང་བ་ཞིག་རང་རེའི་སྤྱི་ཚོགས་ནང་ཡོད་པ་དེ་རིགས་ཀྱིས། མེ་ལོང་མའི་གཞུང་གི་མཚན་ཉིད་དང་དབྱེ་བ་དེ་དག་གིས་དུས་རབས་གསར་པ་འདིའི་བསམ་བློའི་ཚབ་མཚོན་བྱེད་ཐུན་མིན་ཐོག་དཔྱོད་པ་གནང་བའི་དུས་ལ་བབ་འདུག་སྙམ།
དཔེ་མཚོན་གྱི་བརྗོད་གཞི་ནེ་ཙོ་དང་རི་བོ་མ་ལ་ཡ། འབིགས་བྱེད། ཙན་དན། ཆུ་བོ་གངྒཱ་ལྟ་བུས་བོད་ཀྱི་སློབ་གཉེར་མང་པོར་དཔེ་དོན་མཚོན་པའི་བསམ་བློའི་འཆར་སྒོ་དམིགས་བསལ་གང་ཡང་བསྐྲུན་མི་ཐུབ་ལ། དེ་བས་ལྷ་བྱ་ཁུ་བྱུག་དང༌། གངས་ཏི་སེ། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། ལྷ་ཤིང་ཤུག་པ་ལྟ་བུ་བཀོད་ན་དཔེ་ལ་ངེས་ཤེས་འདྲེན་པའི་ཐོག་ནས་དོན་ལ་བློ་ཁ་ཕྱོགས་པ་སོགས་ཀྱི་ཁྱད་ཆོས་ལྡན་སྲིད་ཀྱང༌། རྒྱ་གར་བའི་སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་མཐོང་ཐོས་ཡོད་པའི་དངོས་པོ་གང་མང་ཞིག་དཔེ་རུ་བཀོད་པའི་རྒྱུན་སྲོལ་འདི་ཚོ་ཡང༌། དུས་རབས་འདིར་བཤད་ན་རྩོམ་རིག་གི་ཞན་ཆར་ངོས་འཛིན་མི་བྱེད་ཀ་མེད་ཡིན།
དོན་མཚོན་པའི་བརྗོད་གཞི་ཐད་མེ་ལོང་མའི་ལམ་རྣམ་པར་ཕྱེ་བ་ནས་མཇུག་སྐྱོན་སེལ་བར། རྒྱལ་པོ་དང་བུ་མོ་ལ་བསྟོད་ར་གཏོང་ནས་མཇུག་བསྡུས་པ་དེས། བརྗོད་གཞིའི་དཔེ་མཚོན་གྱི་ཆ་ལག་ཡོངས་སུ་མ་ཚང་བའི་ཞན་ཆ་ཞིག་ཏུ་དུས་རབས་འདིར་ངོས་འཛིན་མི་ཞུ་ཀ་མེད་ཡིན། དེར་བརྟེན་དེ་སྔོན་ནས་མེ་ལོང་ལ་སྐྱོན་འཛུགས་གནང་མཁན་མི་ཉུང་བ་ཞིག་བྱུང་ཡང༌། རྗེ་ས་པཎ་གྱིས།
ཆོས་ཀྱི་གྲགས་པའི་རིགས་པ་ལ།།
བརྟེན་ནས་བདག་ཉིད་ཆེན་པོ་འགོག།
ནགས་ཀྱི་སྤྲེའུས་ཡལ་ག་ལ།།
ཞོན་ནས་ནགས་ལ་མི་གཙང་འདོར།།
ཞེས་པ་དང་ཁོག་འདྲ་བར། གཞུང་ལུགས་དེ་ལས་གཞན་པའི་སྒྲོམ་གཞི་གསར་པ་རང་རྐྱ་འཕེར་བའི་གཞུང་ལུགས་ཤིག་སུས་ཀྱང་བཟོ་ཐུབ་མེད་པ་དེ་ཡང་དུས་རབས་འདིའི་རྩོམ་རིག་གི་ཞན་ཆ་ཞིག་ཏུ་ངོས་འཛིན་མི་ཞུ་ཀ་མེད་ཡིན།
མེ་ལོང་མའི་སྒྲོམ་གཞི་ལ་སྙིགས་དོར་བཅུད་ལེན་གྱིས་དོན་གྱི་བརྗོད་གཞིའི་ཁོག་དབུབ་སྟངས་དང༌། དཔེའི་མཛེས་ཚོན་གྱི་རི་མོ་བཀྲ་སྟངས་ཐོག་བོད་རང་གི་སྤྱི་ཚོགས་ཁོར་ཡུག་ལ་དཔར་བཀབ་ནས་མེ་ལོང་མའི་མགོ་ལུས་ཡོངས་རྫོགས་གསེར་འགྱུར་གྱི་རྩི་དང་ལྕགས་ཀྱི་དཔེ་ལྟར། ལེགས་བསྒྱུར་དང་བཅོས་བསྒྱུར་གྱི་སྲོལ་འབྱེད་གནང་མཁན་དེ་སྔོན་བོད་ཀྱི་སྙན་ངག་མཁན་སུ་ཡང་མ་བྱུང་བ་དེ་ཡང་དུས་རབས་ཀྱི་རྩོམ་རིག་གི་ཞན་ཆའི་མ་ལག་གཅིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་ཡིན།
༢༽ དེང་རྩོམ་ཨ་གསར་གྱི་འཇའ་རིས་ལ་ཧེ་ལངས་པའི་ཞན་ཆ།
དོན་དངོས་ཐོག་དུས་རབས་ཀྱི་རྩོམ་ཡིག་གམ་དུས་རབས་ཀྱི་སྒྱུ་རྩལ་རྩོམ་རིག་ནི།
ཀ༽ དུས་རབས་ཀྱི་བསམ་བློའི་ཚོར་བ་མཚོན་པའི་ཁྱད་ཆོས་ལྡན་པ།
ཁ༽ མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་བསྒྱུར་བའི་ནུས་པ་ཡོད་པ།
ག༽ སྤྱི་ཚོགས་འཚོར་བའི་སྣེ་ཁྲིད་བྱེད་ཐུབ་པ།
ང༽ ངན་སྲོལ་འཐེར་འདོན་དང་སྐྱོན་ཡོན་ཡོ་སྲང་བྱེད་པའི་ཆ་ལག་ཚང་བ་བཅས་དགོས་པ་ནི།
དུས་རབས་རྩོམ་གྱི་རིག་པའི་གཞུང་ལུགས་སྨྲ་བའི་མཁས་པ་ཚོས་ཁ་ན་རླུང་ལྟར་གྲགས་པས་གསལ་བཤད་དགོས་པ་གང་ཡང་མེད།
འོན་ཀྱང་གཞིས་བྱེས་ཀྱི་རྩོམ་པ་པོའི་མིང་འཆང་མཁན་ཁག་གཅིག་གིས། རྩོམ་ལུས་གཅིག་གི་མགོ་མཇུག་བར་གསུམ་ལ་ཆོས་སྲིད་གཉིས་ལ་ཕན་པ་ཕར་བཞག ཐ་ན་འཇིག་རྟེན་ཕལ་པའི་ལུགས་ཀྱི་གོ་དོན་སྣ་གཅིག་ཙམ་ཡང་ངོས་འཛིན་རྒྱུ་མེད་པ་དེ་འདྲའི་རྩོམ་ཡིག་གི་དེབ་ཕྲེང་ཡང་མི་ཉུང་བ་ཞིག་བཏོན་དང་འདོན་བཞིན་པ་དེ་དག་དང༌། ཁ་ནས་གང་ཐོན་དང་ལག་ནས་གང་བྲིས་པ་ཐམས་ཅད་མི་རབས་སྔ་མ་དང་རིག་གཞུང་རྙིང་པས་མ་འགྲིགས་པ་ཤ་སྟག་ཐེར་འདོན་བྱེད་ཅིང༌། རང་ངོས་ནས་དེ་ལས་ལྡོག་པའི་བླང་བྱ་གསར་པ་དང་ལམ་སྟོན་གསར་པ་སྣ་གཅིག་བྱེད་པའི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱོང་སྟོབས་ཀྱི་ཡོན་ཏན་མེད་པའི་ཐོག
དགེ་འདུན་ཆོས་འཕེལ་གྱིས།
རང་སྐྱོན་རི་བོ་འགེབས་པའི་སྔ་རྒོལ་དང༌།།
གཞན་སྐྱོན་ཁབ་ཀྱིས་འཚོལ་བའི་ཕྱིར་རྒོལ་གཉིས།།
ཞེས་གསུངས་པ་དང་ཁོག་འདྲ་བར༌། སྨྱུ་གུ་ཤོག་ཐོག་ཏུ་བཙུགས་མ་ཐག་ནས་གཞན་སྐྱོན་འཚོལ་བ་ལྷུན་བླངས་པ་ལས། སྤྱི་ཚོགས་ཀྱི་འགན་ཁུར་མི་དགོས་པ་དེ་རིགས་ཕལ་ཆེ་བ་ཞིག་ཁྱབ་པ་ངེས་མིན་ལ་མ་བལྟོས་པར་དུས་རབས་གསར་རྩོམ་གྱི་ཨ་གསར་ལ་ཧེ་ལངས་པའྀ་ཞན་ཆ་ཞིག་ཏུ་ངོས་འཛིན་མི་ཞུ་མཐུ་མེད་ཡིན།།
༣༽ རྩོམ་པ་པོ་ལ་རང་དབང་མེད་པའི་རྩོམ་རིག་གི་ཞན་ཆ།
གཞིས་ཕྱོགས་སུ་བཞུགས་པའི་དུས་རབས་བོད་ཀྱི་མཁས་པ་དང་མཁས་པའི་མིང་ཅན་མི་ཉུང་བ་ཞིག་ཡུལ་དུས་གནས་བབ་ཀྱི་རྐྱེན་པས་རང་གི་ཕ་ས་མ་ཁང་དང༌། ཁ་རྗེ་དབང་ཐང་ཡོངས་རྫོགས་བཙན་འཕྲོག་བྱེད་མཁན་ལ། བསྟོད་ར་གཏོང་བའི་རྩོམ་ཡིག་མང་པོ་འབྲི་དགོས་བྱུང་བའི་ལོ་རྒྱུས་ཉུང་ཉུང་མིན། མཁས་པ་ཡིན་མིན་གང་ལྟར་ཡང༌། རྩོམ་པ་པོ་དེ་དག་གིས་རྩོམ་ཆོས་གང་ཞིག་སྤེལ་བའི་སྐབས། གནས་ཡུལ་རྒྱལ་ཁབ་གང་ཞིག་གི་ཆབ་སྲིད་ཀྱི་གནས་བབ་དང༌། མི་རིགས་འདྲ་མཉམ་མིན་པའི་མནན་ཤུགས་ཀྱི་འོག་ནས། རྩོམ་པ་པོའི་བསམ་བློའི་ལྟ་གྲུབ་དང༌། དངོས་ཡོད་གནས་སྟངས་མང་པོ་ཞིག་རྩོམ་འབྲི་བྱེད་རྒྱུའི་གོ་སྐབས་མེད་པའི་ཐོག བཙན་དབང་གི་འཆིངས་རྒྱའི་འོག་མི་འདོད་བཞིན་དུ་དངོས་ཡོད་གནས་སྟངས་ལ་རྒྱབ་ཀྱིས་ཕྱོགས་པའི་རྩོམ་ཡིག་འདྲ་མིན་འབྲི་དགོས་བྱུང་བ་དེ་རིགས་ལ་རང་དབང་མེད་པའི་རྩོམ་རིག་ཟེར་ཆོག རྩོམ་རིག་དེ་རིགས་ཀྱི་རྩོམ་པ་པོ་ཁག་གཅིག་བློ་ཁོག་གིས་མི་འདང་པའི་ཞན་ཆ་དང༌། ཞན་ཆ་དེས་རྐྱེན་བྱས་ནས་བྲིས་པའི་རྩོམ་ཡིག་ཁག་ལ་རང་དབང་མེད་པའི་རྩོམ་རིག་གི་ཞན་ཆ་ཟེར་ན་ཆོག་སྙམ། དཔེར་ན། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྙན་འགྲེལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས།
བགྲང་ཡས་མི་རིགས་སྡུག་བསྔལ་མུན་པཀུན།།
མུན་བཅོམ་གཏན་བདེ་ལམ་སྟོན་སྒྲོན་མེའི་འོད།།
འོད་ཆགས་ཉི་མ་དམར་པོའི་དཔལ་ལ་འགྲན།།
འགྲན་ཟླ་བྲལ་བའི་རླབས་ཆེན་གུང་ཁྲན་ཏང༌།།
གསལ་གསལ་མར་ལེ་རིང་ལུགས་དགོངས་པའི་ལམ།།
མཛེས་མཛེས་མེས་རྒྱལ་གསལ་བའི་གཟུགས་བརྙན་འབུམ།།
ལམ་ལམ་འགོད་མཁས་མཆོག་ཏུ་བསྔགས་པའི་ཡུལ།།
སྙན་སྙན་མགྲིན་པར་འཁྲོལ་བ་མའོ་ཙེ་ཏུང༌།།
ཡོངས་སུ་མི་མཉམ་མཛད་རྗེས་དྲི་བསུང་གིས།།
ཡོངས་རྫོགས་གཙོ་འཛིན་འདུས་པའི་ཙན་དན་ནགས།།
ཡོངས་སུ་མཛེས་བྱེད་ཙུང་ལི་བཟང་པོ་ཞེས།།
ཡོངས་ཀྱིས་སྙིང་ནས་བཀུར་བ་ཀྲོའུ་ཨེན་ལེ།།ལྟ་བུ།
གུང་ཁྲན་ཏང་དང༌། མའོ། ཀྲུའི་ཏེ་སོགས་ལ་བསྟོད་པའི་མཆོད་བརྗོད་དང༌། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལྟ་བུ་རྣམས་སོ། །རྩོམ་རིག་འདི་རིགས་ཀྱིས་སྤྱི་ཚོགས་ནང་བག་ཆགས་གང་ཞིག་བཞག་གི་ཡོད་ཅེ་ན། རྩོམ་པ་པོར་རྐྱེན་ངན་གང་འཕྲོད་པའི་གནས་སྟངས་འོག་རྩོམ་པ་མི་ཤེས་པའི་ཀློག་པ་པོ་ཁག་གཅིག་གིས། རྩོམ་ཡིག་དེ་ཉིད་ཀློག་པའི་རྒྱུད་རིམ་ཁྲོད་ནས། ཆབ་སྲིད་དང༌། དཔལ་འབྱོར། རིག་གཞུང༌། ལོ་རྒྱུས་སོགས། དངོས་ཡོད་གནས་སྟངས་མང་པོ་ཞིག་ནག་བསུབས་འགྲོ་བའམ། ཡང་ན་ནག་ཐིགས་ཚབ་ཆེར་ཐེབས་པའི་གནས་སྟངས་ཐབས་སྐྱོ་བོ་ཡོང་གི་ཡོད་པ་བཤད་མ་དགོས་པ་རེད། དཔེར་ན་དུང་དཀར་ཚང་གི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལས། བྱབྱཏཱ་ལའི་བཅུ་གསུམ་པའི་སྐབས་རང་བཙན་གྱི་རྨི་ལམ་ཐེངས་གཅིག་བཏང་མྱོང་པ་རེད།བྱབྱ ཟེར་བ་ལྟ་བུས་མཚོན་ནུས་པ་ཞིག་རེད།
རྒྱལ་ཁབ་གང་ཞིག་གི་མི་རིགས་དང༌། རིགས་གཞུང༌། དཔལ་འབྱོར། ཆབ་སྲིད། ལོ་རྒྱུས་བཅས་པའི་གནས་སྟངས་དངོས་ཡོད་ལ་བག་ཆགས་ངན་པའི་ཤན་ཤུགས་མི་ཐེབས་པའི་ཆེད། མིས་རྒྱུད་སྐུལ་གྱི་བཙན་ཤུགས་དང་བཀའ་བཀོད་དང་ལེན་མི་བྱེད་པར་རང་སྲོག་ལ་བཞི་ཤད་འཐེན་པའི་བསམ་བློ་བ་དང་རྩོམ་པ་པོ། ལུས་སྲོག་གཉིས་ཀ་བློས་བཏང་ནུས་པའི་དཔའ་བོ་ཡང་ལོ་རྒྱུས་ཐོག་མང་པོ་བྱུང་མྱོང་ཡོད་པ་དེ་དག་གི་བསམ་བློའི་ལྟ་གྲུབ་དང་སྙིང་སྟོབས་ལ་གདེང་འཇོག་ཇི་ལྟར་བྱེད་དགོས་པའང་འདིའི་ཞར་ལས་ཤེས་དགོས་པ་ཞིག་རེད་སྙམ།
༤༽ སྐབས་འཚོལ་བའི་རྩོམ་རིག་གི་ཞན་ཆ།
གཞིས་སྡོད་བོད་ཀྱི་མཁས་པ་དང་མཁས་མིང་ཙམ་ཐོབ་པའི་རྩོམ་པ་པོ་འགའ་ཞིག་གིས་ནས་རང་གི་ཕོགས་ཐོབ་དང༌། གོ་གནས། མདུན་ལམ་བཅས་ཀྱི་ཆེད་དུ་བསྟོད་རའི་རྩོམ་ཡིག་ཙམ་དུ་མ་ཟད། ལོ་རྒྱུས་དང་རིག་གཞུང་གི་རྣམ་གཞག་མང་པོ་ཞིག་ལ་གནས་ལུགས་ཁྱད་བསད་ཀྱི་རྩོམ་ཡིག་འདྲ་མིན་བྲིས་དང་འབྲི་བཞིན་པ་དཔེ་མཚོན་བཀོད་ན་ཐུགས་ཕོག་ཞབས་ཕོག་འགྲོ་དོགས་ཀྱིས་བཞག་དེ་རིགས་ནི་ཕ་མེས་ཀྱི་རྐང་འདྲེན། མི་རིགས་ཀྱི་བླ་བཙོང་བའི་རྩོམ་རིག་གི་ཞན་ཆ་ཡིན།
བཙན་བྱོལ་ནང་དུ་རང་ཉིད་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་གང་ཞིག་གི་ཁེ་བཟང་ལ་དམིགས་ནས་ངོ་བསྟོད་བྱེད་ས་ངོ་བསྟོད་བྱེད། མཆིལ་ཞགས་འཕེན་ས་མཆིལ་ཞགས་འཕེན། ད་དུང་བོད་ཀྱི་བསྟན་པ་ཆབ་སྲིད་ཐོག་རླབས་ཆེན་གྱི་མི་སྣ་ཁག་ལ་གཞི་རྩ་མེད་པའི་སྒྲོ་བཀུར་གྱི་སྐྱོན་འདོགས་ཉེས་འཛུགས་ཅི་རིགས་སྣ་ཚོགས་སྤེལ་བ་དང༌། རང་ཉིད་ལ་ཁེ་བཟང་གི་བགོ་སྐལ་ཞིག་ཐོབ་རྒྱུ་ཡོད་པའི་ཁོར་ཡུག་རེ་རག་ན། བསྟན་སྲིད་མི་རིགས་དང་བཅས་པ་ལ་ཕན་གནོད་ཀྱི་འབྲཻལ་བ་ག་རེ་ཆགས་ནའང་མཛོ་རྒན་ཤིག་གིས་ཟ་བའི་ཚོར་བ་ཙམ་ཡང་མེད་པའི་རྩོམ་ཡིག་དེ་དག་ཀྱང༌། སྐབས་འཚོལ་བའི་བསམ་བློས་ཤུགས་རྐྱེན་ཐེབས་པའི་རྩོམ་རིག་གི་ཞན་ཆ་ལ་ངོས་འཛིན་མི་བྱེད་མཐུ་མེད་ཡིན། འདི་དག་གི་མཚོན་གཞི་ཉུང་ཉུང་མིན།
༥༽ བཟང་པོ་མགོ་འཐམ་གྱི་རྩོམ་རིག་ཞན་ཆ།
དེ་སྔོན་སྐལ་བཟང་དུས་བཟང་སྐབས་རྩོམ་པ་པོ་ནི་རིག་པའི་གནས་ལ་མཁས་པ། ཡི་དམ་ལྷས་ཞལ་གཟིགས་པ། གསུང་གི་གནང་བ་ཐོབ་པ་སོགས་ཀྱི་ཁྱད་ཆོས་མང་དུ་བགྲང་རྒྱུ་ཡོད་ཀྱང༌། མིའི་སྤྱི་ཚོགས་འཚོ་བའི་རྒྱུད་རིམ་དང་རྒྱུད་རིམ་དེ་དང་འབྲེལ་བའི་བསམ་བློའི་ཚོར་བ་མཚོན་བྱེད་ཀྱི་རྩོམ་ཡིག་སྤེལ་བ་ལ་ཁྱད་ཆོས་དེ་ཚོ་དགོས་མིན་མི་ཤེས། རང་རེའི་རྩོམ་པ་པོ་དང་བསམ་བློ་བ། རླབས་ཆེན་མི་སྣ་སོགས་གནད་ཡོད་མང་པོ་ཞིག་རང་ཉིད་གཡོ་ཁྲམ་རྫུན་གསུམ་ལ་གོམས་པ་མེད་པ་དེ་ཉིད་དཔེ་ལ་བཀོད་ནས། འགྲོ་བ་མི་རིགས་གཞན་དང་གཞན་ལའང་གཡོ་ཁྲམ་རྫུན་གསུམ་གྱི་དྲི་མས་མ་གོས་པར་ཆ་བཞག་སྟེ། རང་ཉིད་ཀྱི་ཚོར་བའི་ཀློང་དུ་གང་ཤར་བ་དེ་མ་གཏོགས་དེའི་རྒྱབ་ལྗོངས་ལ་གཟིགས་པའི་སྤྱན་ཞགས་མི་འཕེན་པ་རང་སྣང་དག་པའི་འཆར་སྒོ་གཞི་ལ་བཞག་ནས་རྩོམ་པ་དཔེར་ན། མ་ཧཱ་པབྱབྱིཏ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱལ་མཚོས། ༼པདྨ་བཀོད་ཀྱི་གནས་ཡིག་སུམ་འབྱིན་རྫུན་ནག་མུན་སེལ་སྒྲོན་མེ་༽དང༌། གཞན་ཡང་རྩོམ་ཆོས་ལེ་ཚན་མང་པོའི་ནང༌། མའོ་ཙེ་ཏུང་འཇམ་དཔལ་དབྱངས་སྐུ་གསོན་པོ་ཡིན་ཚུལ་དང༌། གུང་ཁྲན་ཏང་གི་ལམ་ཕྱོགས་འདི་ཡང་དག་པ་ཡིན་ཚུལ་གྱི་ལྗགས་རྩོམ་རྣ་བར་སྙན་ཞིང་གསོན་ཉམས་ལྡན་པ་དུ་མ་བྲིས་གནང་བ་ལྟ་བུས་མཚོན། རྩོམ་པ་པོ་མཁས་པ་ཡིན་པ་ཙམ་དུ་མ་ཟད་སྐུལ་སློང་དང་བསམ་བློའི་ལྟ་གྲུབ་ཐོག་ནོར་འཁྲུལ་གང་ཡང་མེད་ཀྱང༌། གནས་ལུགས་འགའ་ཞིག་ཐོག གནས་ལུགས་དེའི་རྒྱབ་ལྗོངས་ཀྱི་གནས་བབ་ལ་ཞིབ་འཇུག་མ་གནང་བས་མགོ་འཐམ་པའི་རིགས་ཀྱང་མི་ཉུང་བ་ཞིག་བྱུང་འདུག
ད་དུང་ྋགོང་ས་མཆོག་སྐུ་ན་གཞོན་པའི་སྐབས། ནང་སོག་བཀའ་འགྱུར་དགོན་གྱི་སྤྲུལ་སྐུ་སྐལ་བཟང་ཟེར་བས་རྩོམ་སྐུལ་ཞུས་ནས་ལྗགས་རྩོམ་གནང་བ། མའོ་ཀྲུའུ་ཞི་པའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་བདེན་ཚིག་སྨོན་ལམ་ཞེས་པར།
བྱབྱཨོཾསྭསྟི། དཔལ་ལྡན་འཇིག་རྟེན་དགེ་བའི་ཕུན་ཚོགས་ཀུན། །
འདོད་རྒུ་ཆར་དུ་འཇོ་བའི་རིན་ཆེན་གསུམ། །
མི་མཉམ་པ་མེད་པའི་བཀྲ་ཤིས་ཀྱི། །
སྣང་བ་དམ་པས་རྟག་ཏུ་སྲུང་གྱུར་ཅིག །
ཚངས་ཆེན་པའི་འཇིག་རྟེན་མེས་པོའི་བྱེད་པ་དང༌། །
མང་བཀུར་རྒྱལ་པོའི་དཔལ་དང་མཉམ་ཉིད་དུ། །
ལེགས་བྱས་བྱེ་བས་བཀོད་པའི་མི་ཡི་གཙོ། །
འཛམ་གླིང་འཛིན་མ་གསལ་བའི་ཉི་མ་བཞིན། །
གཙུག་ལག་ནོར་བུའི་ཆུ་གཏེར་གཡོ་བའི་རླབས། །
རྒྱ་ཆེན་ནམ་མཁའི་ཕ་མཐར་འགྲིམ་པ་ཅན། །
དཔལ་གྱི་དབང་ཕྱུག་མའོ་ཀྲུ་ཞི་མཆོག །
མི་ཤིགས་རྟག་པའི་ཁམས་སུ་བརྟན་གྱུར་ཅིག །
འདི་ནི་བདག་ཅག་སྐྱོང་བའི་མའོ་ཞེས། །
འགྲོ་ཀུན་ཀུན་དགའི་རི་མོ་འགོད་པས་བྲེལ། །
ཉེ་འཁོན་ཀྲུརྡཿབྲལ་བའི་མཛའ་གཅུགས་ཀྱིས། །
ཞི་བའི་ལམ་བཟང་སྟོན་མཛད་རྟག་བརྟན་ཤོག །བྱབྱ
ལྟ་བུ་འདི་དག་ཀྱང་རྩོམ་པ་པོའི་དགོངས་ཀློང་ལ་བསྟན་འགྲོ་གཉིས་ཕན་རང་ལ་དགོངས་པ་མ་གཏོགས་ཉེས་པའི་དྲི་མ་གང་ཡང་མེད་ཀྱང༌། རྩོམ་ཡིག་གི་བརྗོད་གཞི་མའོ་ཡི་འཕྲལ་ཕུགས་ཀྱི་བསམ་བློའི་འཆར་འགོད་གང་ཞིག་ཡོད་པ་ལ་རྒྱུས་ལོན་བྱེད་ལོངས་མ་བྱུང་བར་རྩོམ་སྐུལ་བའི་འདོད་པ་ལྟར་བྲིས་པས་ནོངས་པར་ངོས་འཛིན་མི་བྱེད་ཀ་མེད་ཡིན།
༦༽ གནས་ཚད་མ་ལངས་པའི་རྩོམ་རིག་གི་ཞན་ཆ།
གཞིས་བཞུགས་བོད་ཀྱི་རྩོམ་པ་པོ་ཁག་གཅིག་དང་ལྷག་དོན་བྱེས་འབྱོར་བོད་ཀྱི་རྩོམ་པ་པོའི་དཔུང་སྡེར་འཛུལ་ཞུགས་བྱེད་མཁན་གྱི་རྩོམ་པ་པོ་ཁག་གཅིག་ལ། རྩོམ་ཡིག་གཞི་རྩའི་གནས་ཚད་མ་ལངས་པའི་ཞན་ཆ་འདི་ཁ་ཚ་དགོས་གཏུགས་ཀྱི་ཞན་ཆ་ཐེར་འདོན་དགོས་ངེས་ཤིག་ཡིན།
ཀ༽ སྒྱུ་རྩལ་གྱི་གནས་ཚད་མ་ལངས་པ།
ཁ༽ བརྡ་སྤྲོད་ཀྱི་གནས་ཚད་མ་ལངས་པ།
ག༽ བསམ་བློའི་གནས་ཚད་མ་ལངས་པ།
ང༽ ཤེས་ཚད་ཀྱི་གནས་ཚད་མ་ལངས་པ།
ཅ༽ ཉམས་མྱོང་གི་གནས་ཚད་མ་ལངས་པ།
ཆ༽ མཐོང་རྒྱ་དང་ཐོས་རྒྱའི་གནས་ཚད་མ་ལངས་པ།
གོང་གསལ་གནས་ཚད་མ་ལངས་པ་དེ་དག་གིས་རྐྱེན་བྱས་ནས་བྱེས་འབྱོར་སྤྱི་ཚོགས་ཁོར་ཡུག་ཆུང་ཆུང་འདིའི་ནང་ཀློག་པ་པོ་མང་པོ་ཞིག་རྩོམ་རིག་ལ་རང་བཞིན་སྤྲོ་སྣང་ཉམས་ནས་སུན་སྣང་སྐྱེ་བའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་འགྲེལ་བཤད་མི་དགོས་པའི་ཐོག་ནས་མཁྱེན་གསལ་རེད། དེ་ཡང་རྩོམ་ཡིག་ཁ་ཤས་ནི་དཔེ་དོན་སྦྱོར་ཚུལ་གྱི་འགྲོས་ཙམ་ཡང་མེད་པར། རྩོམ་ཡིག་གི་དེབ་ཆུང་བཏོན་པ་དེ་རིགས་དངོས་གནས་བྱས་ན་དང་པོ་སྒྱུ་རྩལ་རྩོམ་རིག་གི་རྣམ་གཞག་ལ་རང་ནུས་གངལྕོགས་ཀྱིས་བསླབས་ཤིང་འབྲེལ་ཡོད་གཞན་དང་གཞན་ལའང་འདྲི་གཏུགས་གནང་ནས་སྒྱུ་རྩལ་གྱི་ཁ་ཕྱོགས་ལ་མིག་རྒྱང་བསྲིངས་པ་དང་གོམ་ཁ་སྤོ་བའི་གདེང་ཚོད་ག་དུས་ཐོབ་པ་དེ་ནས་མགོ་འཛུགས་བྱས་ཏེ། རྩོམ་ཡིག་དཔེ་དེབ་འགྲེམས་སྤེལ་བྱས་ན། སྒྱུ་རྩལ་གྱི་གནས་ཚད་མ་ལངས་པའི་ཞན་ཆ་དེ་ལས་གྲོལ་ངེས་ཡིན། དེ་བཞིན་རྩོམ་ཡིག་ཁ་ཤས་བརྡ་སྤྲོད་ཚིག་ཕྲད་དང་བརྡ་དག་ཚུན་ཆད་ལ་ནོར་བ་རྒྱུན་འབྱམས་སུ་འགྲོ་བཞིན་དུ་ཨུ་ཚུགས་ཀྱིས་རྩོམ་ཡིག་སྤེལ་བ་དེ་རིགས་ཀྱི་ཞན་ཆ་འདི་མ་བཤད་ནའང་མཁྱེན་ངེས་རེད་སྙམ།
བསམ་བློའི་གནས་ཚད་དང་ཤེས་ཚད་མ་ལངས་པའི་རྩོམ་ཡིག་ཁག་གཅིག་ནི། ཡུལ་དུས་ཁོར་ཡུག་གི་འགྱུར་འགྲོས་དང༌། སྤྱི་ཚོགས་ཁོར་ཡུག་གི་གནས་བབ། དགའ་སྐྱོ་ཁྲོ་ཆགས་ཀྱི་རྣམ་པའི་སྤུ་རིས་གསལ་པོ་འབྱེད་པའི་བློ་གྲོས་ཀྱི་མཐུ་མེད་པར། རང་སྣང་གང་བདེའི་ལུགས་སུ་བྱས་པ། དཔེར་ན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་མིང་འཆང་ཕོ་གསར་རྐྱལ་སྟོང་ཁ་ཅིག དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་འབྲི་སྐབས་དགེ་ཆོས་དབུས་སུ་སོང་ནས་མངོན་པའི་ང་རྒྱལ་གྱིས་དྲེགས་པའི་མི་ཉག་སྐྱོར་དཔོན་དང་ཏྲེ་ཧོར་སྐྱོར་དཔོན་གཉིས་ཀྱི་ཁ་ལ་མི་སྨྲ་བའི་རྒྱ་བཏབ་པ་རེད། ཅེས་བྲིས་པ་ལྟ་བུ་སྟེ། བསམ་བློའི་གནས་ཚད་རང་རྐྱ་འཕེར་བའི་ཀློག་པ་པོ་ཞིག་གིས་རགས་ཙམ་གཟིགས་ན་ཁྲེལ་དགོད་མི་བྱེད་ཀ་མེད་ཡོང་གི་ཡོད་པ་དེ་ཡང་རྩོམ་རིག་གི་ཞན་ཆ་ཆེ་ཤོས་ཤིག་ཡིན།
རྩོམ་ཡིག་གང་ཞིག་འབྲི་བ་དེའི་བརྗོད་གཞི་དང་འབྲེལ་བའི་གནས་བབ་ལ་རིང་ཐུང་མཐོ་དམན་དང༌། དཀར་སེར་དམར་ལྗང་གི་མཐོང་ཐོས་ཉམས་མྱོང་གང་ཡང་མེད་པར། མགོ་མཐོང་ལོངས་མེད་པར་མཇུག་འགྲེལ་བཤད་རྒྱག་པ་དང༌། སྤྱི་ཚོགས་འཚོ་བའི་ནང་འགན་ཁུར་གང་ཡང་མི་དགོས་པར། གནས་ལུགས་དང་མི་འཚམས་པའི་མཛེས་ཚོན་གྱི་རྩོམ་རིག་ཡིག་ཕྲེང་ཁ་ཤས་འབྲི་ཐུབ་པ་བྱུང་ཚེ། རྩོམ་ཡིག་དེས་སྤྱི་ཚོགས་ལ་ཕན་གནོད་གང་ཞིག་ཆགས་མིན་ཐོག་དོགས་པ་རྣམ་རྟོག་མི་དགོས་པར་ཚགས་ཤོག་སོགས་ཀྱི་ཐོག་ཏུ་སྨྱུག་མིང་རྫུན་མ་རེ་རྒྱག་ནས་བཀོད་རྐྱང་བྱེད་པ་དེ་རིགས་སྤྱི་ཚོགས་དཀྲོག་རྐྱེན་བྱེད་པའི་རྩོམ་རིག་གི་ཞན་ཆ་ཆེ་ཤས་ཤིག་ཡིན།
འགའ་ཞིག་གིས་རྒྱལ་རབས་ལོ་རྒྱུས་དང༌། ཁ་སང་དེ་རིང་གི་གསར་འགྱུར་ཚུན་ཆད་ལ་དོན་དངོས་ཀྱི་གནས་བབ་རྗེན་པའི་བཞིན་རས་ཕྱོགས་ཙམ་ཡང་མ་མཐོང་བ་དང་མ་ཐོས་ན་ཡང་འོལ་ཚོད་ཁོ་ནས་མ་བྱུང་བྱུང་རབས་དང༌། མ་བྱས་བྱས་རབས་སོགས་གཞི་རྩ་ཏིལ་འབྲུ་ཙམ་ཡང་མེད་པར་རྫུན་དང་གཡོ་སྒྱུ་ཁོ་ནས་རྩོམ་རིག་ལུ་གུ་བརྒྱུད་དེ་བྲིས་པ་དང༌། ཡང་རྩོམ་ཡིག་གང་ཞིག་འབྲི་བ་དེའི་བརྗོད་གཞིའི་རྒྱུད་རིམ་ཐད་གང་ཞིག་གང་ལ་ཇི་ལྟར་སོགས་དང་འབྲེལ་བའི་དགག་བཞག་སྤང་གསུམ་གྱི་རྣམ་གཞག་ཐོག་ཆ་རྒྱུས་ཏིལ་འབྲུ་ཙམ་ཡང་མེད་པར། ཁ་སྙན་དང་ཚིག་མཛེས་མཛེས་ཙམ་རེ་གཉིས་བྲིས་ནས། དོན་སྙིང་ལྡན་པ་དང་ཐུགས་ཕན་སོས་པའི་གསལ་བཤད་དང་ལེགས་ཆ་སྣ་གཅིག་ཀྱང་མེད་པ་དེ་དག་ཀྱང༌། ཕན་ཐོགས་མེད་པའི་རྩོམ་ཡིག་གི་ཞན་ཆ་ཡིན།
༧༽ ཕྱོགས་སུ་འཛིན་པའི་རྩོམ་རིག་གི་ཞན་ཆ།
ཕྱོགས་སུ་འཛིན་པ་ནི་ཕྱོགས་སུ་འཛིན་མཁན་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་མགོ་འཛུགས་བྱེད་པ་དེ་ཡིན་ལ། ཕྱོགས་འཛིན་ནི་ཕྱོགས་འཛིན་རང་ཡིན་པས་ཆོས་དང་འཇིག་རྟེན་སུས་ཀྱང་དགེ་མཚན་ལ་མི་རྩི་བས་རྩོམ་རིག་གི་དགེ་མཚན་ཡང་ག་ལ་རྩི།
སྔོན་བྱོན་མཁས་གྲུབ་སྐྱེས་ཆེན་དུ་མས་རང་གི་ལྟ་གྲུབ་ཀྱི་ཁ་འཛིན་ཁོ་ནའི་སླད་དུ་ཕྱོགས་ཡོངས་སུ་འཛིན་པའི་རྣམ་པ་ལྟ་བུའི་གསུང་རྩོམ་མི་ཉུང་བ་ཞིག་ཡོད་པ་དེ་དག་བསྟན་འགྲོའི་བདེ་ཐབས་ཁོ་ན་ལས་རང་རྒྱལ་གཞན་ཕམ་གྱི་དོན་དུ་མིན་པས་སྐྱོན་དུ་མི་སེམས་མོད། དེང་སང་གཞོན་སྐྱེས་རྩོམ་པ་པོའི་མིང་འཆང་བའི་ཁྲོད་ནས་སྒྱུ་རྩལ་དང་མཐོང་ཐོས་ཉམས་མྱོང་བཅས་པའི་རྩོམ་རིག་གི་རྒྱུ་ཆ་མང་པོ་ཞིག་ལྷུན་ཆགས་སུ་ཚོགས་པའི་དགེ་མཚན་ལྡན་ཡང༌། བསམ་བློའི་མེ་ལོང་ངོས་སུ་ཕྱོགས་འཛིན་གྱི་བག་ཆགས་གཡའ་ཡིས་བསྒྲིབས་པ་ཡང་མི་ཉུང་བ་ཞིག་མཆིས་པ་དེ་རིགས་ནི།
ཚིགས་སུ་བཅད་པ་བརྒྱ་པ་ལས།
མུལ་གདུག་ནོར་བུས་བརྒྱན་བྱས་ཀྱང༌།།
ཅི་སྟེ་འཇིགས་པ་མི་བྱེད་དམ།།
ཞེས་གསུངས་པ་དང་ཁོག་འདྲ་བ་བརྗོད་གཞིའི་ལྷུ་འགྲིགས་ཤིང་བརྗོད་བྱེད་ཀྱི་འབྲེལ་ཆགས་པ། ཚིག་སྦྱོར་གྱི་ཉམས་འགྱུར་རྫོགས་པའི་ཁྱད་ཆོས་དུ་མ་ལྡན་ཡང༌། གསེར་ཤོག་ནང་སྒྲིལ་བའི་དུག་གི་རིལ་བུ་བཞིན་ཅི་སྟེ་ཟོས་ན། ཟ་མཁན་རང་ཉིད་ཀྱང་ཕྱོགས་དང་རིས་ཀྱི་དྲ་བར་ཚུད་ནས། ནམ་ཞིག་ཉལ་ཐ་འཐེན་མཁན་གྱི་མི་བཞིན་སྤྱི་ཚོགས་ནང་རིན་ཐང་གང་ཡང་མེད་པའི་ཁེར་རྐྱང་དུ་འགྱུར་རྒྱུ་ཉག་གཅིག་ཏུ་ངེས་པས། དེ་རིགས་ནི་རྩོམ་རིག་གི་ཞན་ཆ་སྡུག་ཤོས་དེ་ཡིན་སྙམ།
འགའ་ཞིག རྩོམ་ཡིག་གང་ཞིག་འབྲི་ནའང་དྲང་བདེན་ཁོ་ན་ལང་ཕྱོགས་སུ་བཟུང་དགོས་པའི་ལྟ་གྲུབ་འཆང་སྟེ། གང་ཞིག་དྲང་བདེན་དུ་ངོས་འཛིན་བྱེད་སའི་ཚོད་ཐིག་ཏུ། རང་ཉིད་ཀྱི་ལྟ་ཚུལ་ཁོ་ནར་བཞག་སྟེ། དེར་གང་ཞིག་འཐད་པ་ལ་དྲང་བདེན་དང༌། དེ་ལས་ལྡོག་པར་རྫུན་མ་རང་དུ་ངོས་འཛིན་བྱས་ནས། མཐའ་གཏུགས་ན་རང་གི་བསམ་བློ་ལ་གང་འཐད་པ་དེ་ཁོ་ནར་ལྷུར་བླངས་ནས་རྩོམ་འབྲི་བྱེད་པ། སྤྱི་ཚོགས་ཁོར་ཡུག་གནས་སྟངས་དང༌། མཁས་པའི་དགོངས་འཆར་དང་མང་ཚོགས་ཀྱི་བསམ་བློ་གང་ལའང་ཚོད་ཐིག་འཇལ་མི་དགོས་པར་རང་གི་བསམ་བློའི་འཆར་སྒོ་ཙམ་རྩལ་དུ་བཏོན་ནས་དྲང་བདེན་ཡིན་རློམ་གྱིས་བྲིས་པའི་རྩོམ་ཡིག་དེ་དག་ཀྱང་རང་བཞིན་གྱིས་ཕྱོགས་སུ་ལྷུང་བའི་རྩོམ་རིག་གི་ཞན་ཆར་བརྩི་ཆོག་སྙམ།
དེ་ལས་གཞན་བདེན་པ་ཁོ་ནར་ཕྱོགས་སུ་འཛིན་པའི་ལྟ་གྲུབ་ཀྱི་རྨང་གཞི་བཏིང་ནས་རྩོམ་ཡིག་སྣ་ཚོགས་སྤེལ་བའི་མཇུག་འབྲས་སུ། རང་ཉིད་ཀྱྀ་རྒྱབ་ཏུ་བདེན་པ་མ་གཏོགས་རྒྱབ་སྐྱོར་སུ་ཡང་མེད་པའི་གྲོགས་མེད་ཁེར་རྐྱང་དུ་ལུས་པ་མ་ཟད། ཚེ་སྲོག་གི་མཇུག་སྣེ་གཤིན་རྗེའི་མཆེ་བ་ལ་ཐིམ་པའི་རྩོམ་པ་པོ་མང་པོ་ཞིག་ལོ་རྒྱུས་ཐོག་བྱུང་མྱོང་བ་དེ་རིགས་ཀྱང་རྩོམ་པ་པོའི་ཞན་ཡིན་ནམ་སྙམ་ན། དེ་དག་ནི། སྤྱི་ཚོགས་ཀྱི་ཁ་ཕྱོགས་དྲང་བདེན་གྱི་ལམ་དུ་འཁྲིད་པའི་ཆེད་རང་གི་ཚེ་སྲོག་གཏའ་མ་ལ་བཞག་ཕོད་པའི་དཔའ་བོ་དངོས་གནས་དེ་ཡིན་པས། ང་ཚོས་སྨྱུགས་དཔའ་བོ་དེ་རིགས་ལ་དུས་དང་རྣམ་པར་ཀུན་ཏུ་གུས་བཀུར་དང་རྗེས་དྲན་ཞུ་རྒྱུ་མ་ཟད། དེ་དག་གིས་ལམ་སྟོན་གང་ཞིག་གནང་ཡོད་པའི་ལམ་ཕྱོགས་དེར་ཤར་བསྐྱོད་གནང་རྒྱུར་ནམ་ཡང་འབད་བརྩོན་གནང་འོས་པ་ཡིན་ནོ།།
གངས་ཅན་གཙུག་ལག་གསེར་གྱི་ཡོལ་གོ་ལ།།
ལེགས་འཁྱིལ་རྩོམ་རིག་ཡན་ལག་བརྒྱད་ལྡན་གཏེར།།
མི་གཙང་རྙོག་མས་སྦགས་ལ་མི་བཟོད་པས།།
དྲུངས་བྱེད་ཀཻ་ཏ་ཀ་འདི་ཁོ་བོས་སྤེལ།།
ཉེས་པའི་ཆུ་ཀླུང་གཅོད་པའི་དག་བྱེད་འདི།།
ཀ་ཤི་མཛེས་དགས་ལང་ཚོའི་མིག་འཁྲུལ་གྱིས།།
དྲང་སྲོང་རྒྱས་པ་བསླུས་པའི་ཉེ་འདབས་ན།།
གངྒཱའི་རླབས་རྒྱུན་འཕྱོ་བས་མཚོན་མིན་སྙམ།།
མ་འོངས་མཁས་པའི་ཁྲི་ལ་འགྱིངས་ངེས་པའི།།
ད་ལྟའི་རྣམ་རིག་བཀྲ་བའི་ན་གཞོན་ཚོ།།
འདས་པའི་བྱུང་རབས་མཚོན་པའི་རྩོམ་འབྲིའི་སྐབས།།
ཞན་ཆའི་ཉེས་པ་འདི་ཀོ་དོགས་ཟོན་མཛོད།།
མིའུ་ཐུང་གཟུགས་ཀྱིས་སྟོབས་ལྡན་བྲིད་བ་དང༌།།
ཀ་ཤི་མཛེས་དགས་རྒྱས་པ་བསླུས་ཀྱང་རུང༌།།
ཞན་ཆའི་རྩོམ་གྱི་བསླུ་བྲིད་དྲ་བའི་གསེབ།།
ནམ་ཡང་ཚུད་པ་མ་གནང་ན་གཞོན་ཚོ།།
ཝཱ་ར་ཎ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་མགོན་མེད་ཟས་སྦྱིན་གྱི་མགྲོན་ཁང་དུ་སྤྱི་ལོ་ ༢༠༠༧ལོ་ ཟླ་བ་ ༣ ཚེས་ ༡༢ ཉིན་བྲིས་ཤིང་སླར་སྣོན་འཕྲི་ཅུང་ཟད་བྱས་པ་དགེ་ལེགས་འཕེལ།།
༧གོང་ས་མཆོག་བོད་ལ་མེད་ཉིན་ནས་ག་རེ་བྱུང་ངེས་ཡིན།
ང་ཚོ་ བོད་ཕྱི་ནང་གཉིས་སུ་དེང་སང་བརྗོད་གཞི་༧གོང་ས་མཆོག་བཟུང་དེ་རྩོམ་ཡིག་སྤེལ་ མཁན་མི་ཉུང་བ་ཞིག་བྱུང་ཡོད་ལ། དེ་དག་ཡང་དགེ་སྐྱོན་གཉིས་ཀ་གླེང་མཁན་ཞིག་ཆགས་ཡོད།
སྐྱོན་བརྗོད་བྱེད་མཁན་དག་ཡང་༧གོང་ས་མཆོག་ལ་མ་དགའ་བར་སྐྱོན་བརྗོད་བྱེད་ཀྱི་ མེད་པར། ༧གོང་ས་མཆོག་གི་དབུ་མའི་ལམ་ལ་དེ་འདྲའི་རྒྱབ་སྐྱོར་མེད་མཁན་དང་༧གོང་ས་མཆོག་ གི་ཆོས་ལུགས་རང་བཞིན་གྱིས་མཛད་འཕྲིན་དེའི་བོད་པ་ཚང་གི་མ་འོངས་པ་ཐག་གཅོད་ བྱེད་ཐུབ་མེད་པར་འདོད་མཁན་གྱི་བསམ་ཚུལ་འོག་ནས་སྐྱོན་བརྗོད་དང་བསམ་ཚུལ་གླེང་ བཞིན་པ་ཁག་གཅིག་རེད། ཡིན་ཡང་། ཁོང་ཚོས་ཞེ་འདོད་ངོ་མ་དེ་ནི་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་རྒྱུ་དེ་ནི་གཏན་ནས་ མ་ཡིན་པར་བཤད་ཆོག་པ་ཡིན་ན་ཡང་། གོ་བ་ལེན་ཕྱོགས་དང་རྩོམ་ཡིག་གི་འབྲི་སྟངས་ཐད་དུ་ཀློག་མཁན་མི་ཉུང་བ་ཞིག་ལ་ གོ་བ་ལོག་པ་ཞིག་སྟེར་བཞིན་ཡོད་པ་རེད།
དེས་ ན་དགེ་ཕྱོགས་གླེང་མཁན་དག་གིས་གང་ཞིག་བཤད་བཞིན་འབྲི་བཞིན་ཡོད་ཟེར་ན་༧གོང་ས་ མཆོག་གི་བྱམས་དང་བརྩེ་བའི་ཐུགས་བསྐྱེད་ཀྱི་མཛད་འཕྲིན་དང་བོད་མི་རིགས་ཀྱི་ འདས་མ་ད་གསུམ་ལ་༧གོང་ས་མཆོག་ནི་མེད་དུ་མི་རང་བ་ཞིག་ཆགས་ཡོད་པར་ཡིད་ཆེས་ བྱེད་པ་དང་༧གོང་ས་མཆོག་གི་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་ལྟ་ཚུལ་ དེས་བོད་མི་གཙོ་བའི་འཛམ་གླིང་ཀུན་ཁྱབ་རང་བཞིན་གྱི་སེམས་འཁུར་ཞིག་ལ་ངོས་ འཛིན་བྱེད་ཀྱི་ཡོད་ལ། དེ་དག་ལེགས་འགྲུབ་ཡོང་རྒྱུར་བོད་མི་གཙོ་བའི་འཛམ་གླིང་གི་སྐྱེ་འགྲོ་ཚང་མ་ལ་ དེ་ཉིད་གླེང་བའི་ཐོབ་ཐང་ཡོད་པ་དང་གླེང་དགོས་པ་ཞིག་ཡིན་པར་གླེང་འོས་པར་མོས་ མཐུན་བྱེད་ཀྱི་ཡོད་པ་དེ་རེད་ཟེར་ན་འགྲིག
འོ་ ན། བོད་པ་ཚང་གི་དོན་དངོས་ཐོག་ནས་༧གོང་ས་མཆོག་མེད་ཉིན། བོད་པ་ཚང་གི་ག་རེ་བྱེད་སྲིད་མིན་དང་། ༧གོང་ས་མཆོག་ནི་འཆི་མེད་རྒས་མེད་ཅིག་མིན་པ་ནི་མི་ཡི་གཟུགས་སུ་ཕེབས་ཡོད་པ་ འདི་ཙམ་གྱིས་ངེད་ཅག་ཚང་ལ་ངོ་སྤྲོད་གསལ་བོ་བྱས་ཡོད་པ་ཁས་ལེན་མི་བྱེད་རང་ བྱེད་ཡིན་དུས། ༧གོང་ས་མཆོག་མེད་ཉིན་བོད་པ་ཚང་གི་༧གོང་ས་མཆོག་ཡང་བསྐྱར་འཚོལ་སྲིད་དམ། ཡང་ན། སྤྲུལ་སྐུའི་ལམ་ལུགས་འདི་ཉིད་མེད་པ་བཟོས་དེ་༧གོང་ས་མཆོག་མེད་པར་༧གོང་ས་ མཆོག་གི་ཚབ་མཚོན་ལྟ་བུ་ཞིག་གི་བོད་ཀྱི་ཆོས་སྲིད་གཉིས་ལ་འགན་འཁྲི་ཐེགས་མཁན་ ཡོང་གི་རེད་དམ། ཡང་ན་དེ་འདྲ་ཞིག་བོད་པ་ཚང་ལ་མེད་ཀྱང་འགྲིག་གི་ཡོད་པ་རེད། ༧གོང་ས་མཆོག་མེད་ཉིན་ནས་བོད་ལ་གཅིག་གྱུར་གྱི་དབང་སྒྱུར་བྱེད་མཁན་གྱི་དེད་ དཔོན་ཞིག་ཡོང་སྲིད་དམ། དེ་ལ་བོད་མི་ཡོད་ཚད་ཀྱིས་འགྲིན་གཅིག་དབྱངས་གཅིག་གིས་ཁས་ལེན་བྱེད་སྲིད་དམ། འདི་དག་ནས་༧གོང་ས་མཆོག་མེད་ཉིན་ནས་མགོ་འཛུགས་རྒྱུའི་གནད་དོན་ཞིག་ཆགས་ཡོད་ན། ད་ལྟ་༧གོང་ས་མཆོག་བཞུགས་དུས་སུ་ཐག་གཅོད་བྱས་ན་མ་འོངས་འབྱུང་འགྱུར་གྱི་བོད་ མིའི་དབུ་ཁྲིད་༧གོང་ས་མཆོག་བོད་དུ་དགོས་མཁོ་ཡོད་མེད་ཀྱང་། བོད་མི་རང་གིས་ད་ལྟ་༧གོང་ས་མཆོག་བཞུགས་དུས་འདིར་ཐག་བཅད་པ་ཡིན་ན། ༧གོང་ས་མཆོག་མེད་ཉིན་ནས། བོད་ལ་༧གོང་ས་མཆོག་མེད་དུས་སུ་༧གོང་ས་མཆོག་མེད་པའི་དཀའ་ངལ་ཞིག་བྱུང་མི་ སྲིད་པར་འདོད།
བེ་རི་འཇིགས་མེད་དབང་རྒྱལ་ལ།
ཨ་ལས་ངན་པོ། ཁྱེད་ཀྱི་རྩོམ་རིག་གི་མཁྱེན་རྒྱ་ལ་མངོན་པར་བསྟོད་ཐུབ་མ་སོང་ཞེས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གནའ་རྩོམ་ཤེས་ཀྱིིན་མེད་ལ་དེའི་སྐྱོན་ཆའི་བརྗོད་གཞིར་དྲངས་པའི་བ་དག་ཀྱང་གློ་ཉེ་བོ་འདྲ་ཞིག་ཡོང་གིན་མི་འདུག་ལ། དེང་རྩོམ་གྱི་ཚད་གཞི་དག་དེ་ལས་ཀྱང་། རྒྱ་ནག་རང་བཞིན་གྱི་མྰ་ཁེ་སུའི་རྩོམ་རིག་གི་སྤྱི་ཁོག་ལས་ཀྱང་བརྒལ་རྒྱུ་ཕར་ཞོག ངེས་ཆ་ཡང་མོ་ཞིག་ཀྱང་ཅུང་ཐུབ་མི་འདུག་ཅེས་ཞུ་རྒྱུ་ཡིན། ད་དུང་སློབ་ཁྲིད་བྱེད་རྒྱུའི་དུས་ཚོད་མེད། དུས་ཚོད་རེ་ཨེ་ཡོད་བལྟ་རྒྱུ་ཡིན།
རང་དབང་མེད་པའི་རྩོམ་རིག་ནི་དེ་འདྲ་ཡིན་རྒྱུ་མ་རེད། མཁས་དབང་དུང་དཀར་སོགས་ཀྱིས་རྒྱ་བསྟོད་ཀྱི་རྩོམ་ཡིག་དེ་ཚོ་ནི་ཤེས་བཞིན་བསམ་བཞིན་དུ་བྲིས་པ་ཞིག་རེད་བསམ། ཁོ་ཚོས་ལོ་རྒྱུས་ཀྱི་སྐབས་ཙམ་མ་ཡིན་པར་སྤྱིར་བཏང་གི་རྩོམ་ཐུང་གྲས་སུ་ཡང་རྒྱ་བསྟོད་བྱས་པའི་ཚིག་མང་པོ་མཐོང་རྒྱུ་ཡོད། དེ་བས་ཀྱང་ཁྱད་མཚར་བ་ཞིག་ལ། དེ་དང་ཕྱོགས་འདྲ་བ་མང་པོ་ཞིག་རྒྱལ་དབང་ལྔ་པ་དང་རྡོ་རིང་པན་ཆེན། ལྕང་སྐྱ་རོལ་རྡོར་སོགས་བོད་ཀྱི་སྔོན་རབས་མཁས་པ་ཚོའི་གསུང་རྩོམ་ཁག་ན་ཡང་ཧ་ཅང་མང་པོ་འདུག་ག བོད་ཀྱི་གནད་ཡོད་མི་སྣ་དེ་ཚོས་རང་གི་སྲིད་གཞུང་གི་གནས་བབ་ལ་སྣང་མེད་ངང་རྒྱ་སོག་གི་རྒྱལ་པོ་དང་དཔོན་རིགས་ཚོ་ལ་ཆེ་བསྟོད་ག་འདྲ་ཞིག་བཏང་འདུག དེ་དག་ལ་ཅི་ཞིག་བརྗོད་དགོས།
དེ་འདྲ་གསུངས་ན་ཡི་རང་ཡོད། དཔྱད་པ་རེད། དགའ་ཡོད། མུ་འཐུད་དུ་ཞུ། །ཤྲྰིས།
ཤེས་རབ་ལྷ་གཅིག་ཡིན་ཟེར་འཇམ་པའི་དབྱངས།།
ངག་གི་ལྷ་མོ་ཡིན་སྐད་དབྱངས་ཅན་མ།།
རྟག་ཏུ་འཁོར་འཁོར་མ་གནང་གཞན་དུ་བཞུད།།
མགྲིན་པའི་རྩ་མདུད་རང་སར་གྲོལ་ཙམ་ཡིན།། ཞེས་གླེང་བསླངས་ནས་དྲི་བར།
སྐུ་ཞབས་བེ་རི་ལགས།
དེ་རིང་དངོས་གནས་དྲང་གནས་ཁ་མིན་ནས་དོན་ཡིན། ངས་བར་སྐབས་འདིར་རྩོམ་ཁ་ཤས་རེ་ཀློག་ཚར་བ་དང་ཡིན་གཅིག་མིན་གཅིག་མཆན་རེ་འདེབས་དགོས་ཐུག་གི་འདུག དེ་ནས་རྩོམ་མཁན་ལ་གཅིག་བལྟས་དུས་ཁྱེད་རང་ལ་ཡང་སེ་ཐུག་ཡོང་གི་འདུག དེ་ཕྱོགས་གཅིག་ནས་ཡག་པོ་རེད། ཁྱེད་རང་གིས་མང་པོ་ཞིག་འབྲི་གི་ཡོད་པའི་རྟགས་རེད། རྗེས་སུ་ཡི་རང་ཡོད།
ད་ང་ལ་བཤད་རྒྱུ་ཞིག་ཡོད་པ་ནི། ཁྱེད་རང་གིས་གང་ཤེས་པ་དེ་ཚོ་བྲིས་ན་ཡག་པོ་མིན་འགྲོ་བསམ། ངས་ཁྱེད་རང་ལ་ཡོན་ཏན་ཡོད་པ་མ་རེད་བསམ་གི་མི་འདུག མདོ་སྔགས་ཀྱི་གཞུང་ཆེན་པོ་དེ་ཚོ་ཕལ་ཆེར་ཁྱེད་རང་གི་བློ་ཐོག་ན་ཆུ་བཞུར་བཞུར་ཡིན་རྒྱུ་རེད། དེ་མིན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་ཚོར་ཡང་གང་ལ་གང་འཚམས་སྦྱངས་ཡོད་རྒྱུ་རེད། ངེད་ཚོའི་མི་ཤེས་པ་ཧ་ལས་ཧང་སང་དགོས་པ་དེ་འདྲ་མང་པོ་ཁྱེད་རང་ནས་ཤེས་རྒྱུ་རེད། དེ་ཚོ་མར་བྲིས་ན་ཡག་པོ་རེད།
དེ་མིན་རྩོམ་རིག་སྐོར་འདི་རྩོམ་རིག་དཔྱད་བརྗོད་པ་ཞིག་དང་རྩོམ་རིག་ལ་དང་བ་ཡོད་མཁན། རྩོམ་རིག་སྐོར་ཤེས་མཁན་ཞིག་ནས་བྲིས་ན་དེ་མི་ལེགས་སམ། རྩོམ་རིག་སྐོར་མི་ཤེས་མཁན་རྐྱང་རྐྱང་གིས་རྩོམ་རིག་སྐོར་མང་པོ་ཞིག་གླེང་ཁུལ་བྱས་བསྡད་ན་ང་མགོ་ན་གི་འདུག མཚམས་རེར་ཚིག་པའང་ཟ་གི་འདུག ཚིག་དོན་རེ་རེ་བཞིན་དགག་གཞག་དང་དྲི་བ་བྱས་ཡོང་དགོས་ན་ཕལ་ཆེར་དེབ་གཟུགས་ཤིག་ལོངས་ས་རེད། དེ་བས་ཆེས་མདོར་བསྡུས་ཀྱི་ངང་ངས་ཁྱེད་རང་ལ་དྲི་བ་ཁ་ཤས་ཞུ་གི་ཡིན།
༡ རྩོམ་རིག་ཅེས་པའི་ཐ་སྙད་འདི་ད་ལྟ་ཡོང་གྲགས་སུ་དབྱིན་ཡིག་གི་ literatures གཙོ་བོ་བརྩམས་སྒྲུང་། སྙན་ངག གཏམ་བརྗོད་ཟློས་གར། ལྷུག་རྩོམ་བཅས་ལ་གོ་བ་མ་ཡིན་ནམ། ཁྱེད་རང་གི་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ནང་ལོ་རྒྱུས་རིག་པ། སྲིད་དོན་རིག་པ་སོགས་རིག་པའི་མིང་ཐོགས་ཚད་ཚང་མ་རྩོམ་རིག་གི་ཁོངས་སུ་བསྡུས་འདུག་པ་དེ་ཅི་ཡིན། དེ་རིང་གི་རྩོམ་འདིར་བལྟས་ན་ཕལ་ཆེར་ཡོང་གྲགས་ཀྱི་རྩོམ་རིག་རང་ལ་གོ་བ་བླངས་ཡོད་པ་འདྲ། དེ་གཉིས་འགལ་བ་མ་ཡིན་ནམ།
༢ ཁྱེད་རང་གིས་རྩོམ་རིག་ནི་བསྐལ་བ་ཡ་ཐོག་ནས་བྱུང་བར་བཤད་འདུག བསྐལ་བ་ཡ་ཐོག་དེ་ད་ལྟ་ནས་རྩིས་ན་མི་ལོ་ག་ཚོད་རེད།
༣ ་་གནའ་རྩོམ་གྱི་བག་ཆགས་ཀྱིས་དེང་རབས་ཀྱི་གནས་སྟངས་མཚོན་མི་ཐུབ་པའི་ཞན་ཆ་་ འདི་ངས་མགོ་ཚོས་གི་མི་འདུག ག་རེ་ཟེར་གི་ཡོད་པ་རེད། ད་ལྟ་ཏུན་ཧོང་གི་གཏེར་མགུར།། ཚངས་མགུར། གནའ་བོའི་མགུར་དང་གླུ། ལ་གཞས། གེ་སར་གྱི་སྒྲུང་། མེ་ལོང་མ་སོགས་གནའ་རྩོམ་འདྲ་མིན་གྱི་ཉམས་བཏོད་ནས་རྩོམ་འབྲི་མཁན་བྱུང་དང་འབྱུང་བཞིན་པ་དེ་གནའ་རྩོམ་གྱི་བག་ཆགས་ཀྱིས་དེང་གི་རྩོམ་པ་པོར་བག་ཆགས་བཞག་པ་མ་ཟད་དེང་རབས་ཀྱི་གནས་སྟངས་ཀྱང་མཚོན་ཐུབ་པ་མ་ཡིན་ནམ། མདོར་དེད་ན་དེང་རབས་རྩོམ་རིག་ཟེར་ན་དུས་རབས་འདྲ་མིན་ནང་བོད་ལ་དར་ཡོང་བའི་ད་ལྟ་ད་རུང་སྲོལ་ཉམས་མེད་པའི་རྩོམ་རིག་འདི་ཚང་མའི་སྤྱི་མིང་མ་ཡིན་ནམ།
༤ ་་དེང་རྩོམ་ཨ་གསར་གྱི་འཇའ་རིས་ལ་ཧེ་ལངས་པའི་ཞན་ཆ།་་ ཟེར་བའི་གཤམ་དུ། ་ཁ༽ མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་བསྒྱུར་བའི་ནུས་པ་ཡོད་པ།
ག༽ སྤྱི་ཚོགས་འཚོར་བའི་སྣེ་ཁྲིད་བྱེད་ཐུབ་པ།
ང༽ ངན་སྲོལ་འཐེར་འདོན་དང་སྐྱོན་ཡོན་ཡོ་སྲང་བྱེད་པའི་ཆ་ལག་ཚང་བ་བཅས་དགོས་ཞེས་བྲིས་པ་འདིར་བལྟས་ན་ད་རུང་ཁྱེད་རང་གིས་རྩོམ་རིག་ཟེར་བ་དེ་ཅི་ཡིན་མིན་མགོ་ཁོ་རང་ཚོས་མི་འདུག འདི་འདྲ་དམར་ཤོག་ལྟ་བུ་གཅིག་གཅོད་ཀྱི་གཞུང་ནས་རྩོམ་འབྲིའི་ཁ་ཕྱོགས་ཟེར་བ་ལྟ་བུའི་སྒྲིག་གཞི་བཟོས་ན་དེའི་ནང་འོས་པ་ཉིད། དེ་འདྲ་མ་ཡིན་ནམ། ངས་ཤེས་པ་ལྟར་ན། རྩོམ་པ་པོ་མང་ཆེ་བའི་རྩོམ་འབྲི་བའི་དམིགས་ཡུལ་ནི་རང་རང་གི་དགའ་ཕྱོགས་ཤིག་ཡིན་པ་ཙམ་ལས་མི་འདུག ཁྱེད་རང་གིས་ཀྱང་ཏན་ཏན་ཉམས་ཞིབ་བྱས་ཡོད་སྲིད་པས་འགྲེལ་བཤད་རྒྱས་ཙམ་བྱེད་ཐུབ་བམ།
༥ ༦༽ གནས་ཚད་མ་ལངས་པའི་རྩོམ་རིག་གི་ཞན་ཆ། ཟེར་བ་འདིས་ང་ཡང་སྐྱར་མགོ་འཐོམས་བཅུག་སོང་། གནས་ཚད་ལོངས་མ་ལོངས་དེ་ཚད་གཞི་ག་འདྲ་ཞིག་གིས་འཛིན་དགོས་པ་རེད།
ཀ ག་འདྲ་ཞིག་ཡིན་ན་སྒྱུ་རྩལ་གྱི་གནས་ཚད་ལོངས་པ་རེད། ག་འདྲ་ཞིག་ཡིན་ན་མ་ལོངས་པ་རེད།
ཁ༽ བརྡ་སྤྲོད་ཀྱི་གནས་ཚད་མ་ལངས་པ་ཟེར་བ་དེ་ག་འདྲ་ཞིག་རེད། ངས་ངོ་ཤེས་པ་བོད་ཡིག་ཡག་པོ་མི་ཤེས་མཁན་རྒྱ་ཡིག་ནང་སྙན་ངག་ཡག་པོ་འབྲི་མཁན་ཞིག་ཡོད། ཁོས་བོད་ཡིག་གི་དག་ཆ་དང་བརྡ་སྤྲོད་ཡག་པོ་ཤེས་ཀྱི་མེད། ཡིན་ན་ཡང་། ཁོས་བོད་ཡིག་ནང་སྙན་ངག་ཁ་ཤས་ཤིག་བྲིས་ཡོད་པ་ང་ལ་བསྟན་ནས་ངའི་ཡིད་དབང་རང་དབང་མེད་པར་འཕྲོགསོང་། གཙོ་བོ་ཁོའི་སྐད་དེ་ཡི་གེས་ཤན་མ་ཞུགས་པའི་ཕལ་སྐད་དྭངས་མ་དེ་ཡིན་པས་ལོས་ཡིན་བསམ་སོང་། ངས་བལྟས་ན། གྲོང་སྐད་གཅིག་གིས་སྙན་ངག་སྐལ་ངན་བྱས་ཟེར་བ་འདི་ཡིག་སྐད་གཅིག་གིས་སྙན་ངག་སྐལ་ངན་བྱས་ཟེར་བར་བསྒྱུར་དགོས་པ་འདུག དེར་ཁྱེད་ལ་དགོངས་ཚུལ་ག་རེ་འདུག
ག༽ བསམ་བློའི་གནས་ཚད་མ་ལངས་པ་ཟེར་བ་འདི་ག་རེ་རེད། རང་རང་གི་སེམས་ཚོར་དང་མཐོང་ཐོས་མྱོང་གསུམ་སོགས་འབྲི་ནའང་བསམ་བློའི་གནས་ཚད་ཅིག་ལོངས་དགོས་པ་རེད་དམ། ཉེ་ཆར་དྲ་གནས་ཁག་ཏུ་སླེབས་པའི་གཞོན་སྐྱེས་ལོ་ཆུང་གཡུང་ལྷུན་གྲུབ་ཡིན་ནམ། དེས་ཀྱང་སྙན་ངག་སྙིང་རྗེ་བོ་ཞིག་བྲིས་འདུག་ག
རྩོམ་རིག་ནི་སྤྱི་ཚོགས་ཤིག་ལ་ལྟ་བྱེད་ཀྱི་མེ་ལོང་ངམ་ཡང་ན་སྤྱི་ཚོགས་དེའི་འདྲ་བཤུས་ལྟ་བུར་བཤད་ཀྱི་ཡོད་པ་མ་རེད་དམ། བསམ་བློའི་གནས་ཚད་ལོངས་པའི་རྩོམ་གཅིག་པོ་ཡིན་ན་དེས་སྤྱི་ཚོགས་ཤིག་གི་གྲུ་ཁ་ཆུང་ཆུང་ཞིག་མ་གཏོགས་ང་ཚོས་ཤེས་ཐུབ་རྒྱུ་མིན་པ་མ་རེད་དམ། སྤྱི་ཚོགས་ཤིག་ནི་ལྟ་བ་འདྲ་མིན་སྣ་ཚོགས། བྱེད་སྤྱོད་འདྲ་མིན་སྣ་ཚོགས། མི་འདྲ་མིན་སྣ་ཚོགས་ཀྱིས་གྲུབ་པ་མ་ཡིན་ནམ།
ང༽ ཤེས་ཚད་ཀྱི་གནས་ཚད་མ་ལངས་པ། བརྩམས་སྒྲུང་དང་སྙན་ངག་ལྟ་བུ་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་རྟོག་བཏགས་སོགས་འབྲི་བ་ལ་ཤེས་ཚད་ཀྱིས་མ་ལོངས་པ་ག་རེ་ཡོད་པ་རེད། རྩོམ་རིག་དཔྱད་བརྗོད་དང་ལོ་རྒྱུས། སེམས་ཁམས་རིག་པ། རྫས་འགྱུར་རིག་པ། གནའ་དངོས་ཞིབ་འཇུག་སོགས་མང་པོ་ཞིག་ལ་དངོས་གནས་དེ་དང་དེའི་གནས་ཚུལ་འབྲི་བའི་སློབ་སྦྱོང་དང་ཤེས་ཚད་སོགས་ཏན་ཏན་དགོས་རྒྱུ་རེད་སྙམ། དེ་ལ་གསལ་བཤད་ཅིག་གནང་དང་།
ཅ༽ ཉམས་མྱོང་གི་གནས་ཚད་མ་ལངས་པ་ཟེར་བ་འདི་ག་རེ་རེད། ཉམས་མྱོང་ཞིག་འབྲི་ན་དེ་ལ་ཉམས་མྱོངས་དགོས་རྒྱུ་རེད། སྤྱིར་བཏང་ཉམས་མྱོང་ཟེ་བ་འདི་ཕྱོགས་གང་ལའངམགལ་ཆེན་པོར་མཐོང་།
ཆ༽ མཐོང་རྒྱ་དང་ཐོས་རྒྱའི་གནས་ཚད་མ་ལངས་པ། ལོ་རྒྱུས། ས་རྒྱུས། ཚན་རིག རྗས་འགྱུར་སོགས་རིག་པའི་གནས་མང་པོ་ཞིག་ལ་ངེས་པར་མཐོང་རྒྱ་ཐོས་རྒྱ་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད། རྩོམ་རིག་ལ་མཚོན་ན་རང་ཉིད་ཡོད་སའི་ཁོར་ཡུག རིག་གཞུང། སྤྱི་ཚོགས་གང་ལ་མཚོན་ན་དེའི་གནས་ཚུལ་ཤེས་པ་ཡིན་ན་མ་འགྲིགས་པ་གཞན་ག་རེ་ཡོད་པ་རེད། འབྲོག་པ་ཞིག་ལ་མཚོན་ན་འབྲོག་པའི་ཁོར་ཡུག་དེ་འབྲི་ཤེས་གི་རེད། ལྟ་རྒྱ་ཐོས་རྒྱ་ཆེནའང་དེ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་ལོས་འགྱུར།
༦ ད་རགས་འབྲི་བྱས་ནའང་བྲིས་གི་བྲིས་གི་ཚར་ཡ་མི་འདུག མཚམས་འཇོག་གི་ཡིན། ར་ཡང་ཅུང་ཟད་བཟི་ཡོང་གི་འདུག བརྗོད་པ་ཡང་འཆོལ་ཡོང་གི་འདུག མཐའ་མཇུག་སྐད་ཆ་གཅིག་འདྲི་རྒྱུ་ཡོད།
ཁྱེད་རང་གིས། ་་མེ་ལོང་མའི་གཞུང་གི་མཚན་ཉིད་དང་དབྱེ་བ་དེ་དག་གིས་དུས་རབས་གསར་པ་འདིའི་བསམ་བློའི་ཚབ་མཚོན་བྱེད་ཐུན་མིན་ཐོག་དཔྱོད་པ་གནང་བའི་དུས་ལ་བབ་འདུག་སྙམ།
དཔེ་མཚོན་གྱི་བརྗོད་གཞི་ནེ་ཙོ་དང་རི་བོ་མ་ལ་ཡ། འབིགས་བྱེད། ཙན་དན། ཆུ་བོ་གངྒཱ་ལྟ་བུས་བོད་ཀྱི་སློབ་གཉེར་མང་པོར་དཔེ་དོན་མཚོན་པའི་བསམ་བློའི་འཆར་སྒོ་དམིགས་བསལ་གང་ཡང་བསྐྲུན་མི་ཐུབ་་ ཅེས་བྲིས་འདུག་ག ཡིན་ན་ཡང་། ཁྱེད་རང་གི་མཇུག་རྩོམ་ནང་། ཀེ་ཏ་ཀ་སོགས་རྒྱ་གར་གྱི་ཐ་སྙད་མང་པོ་ཞིག་སྦྱར་བ་དེ་ཅི་ཡིན། དོན་དངོས་སུ་དྲི་བ་འདི་ཚོ་ལན་ཞིག་ལ་རེ་བ་མིན་པར་བསམ་གཞིགས་ཀྱི་ཆེད་དུ་ཡིན། ཡང་གཞོན་པ་མང་པོ་ཞིག་མ་ཤེས་པའི་ལོག་ལམ་དུ་མ་ཁྲིད་པའི་ཆེད་དུའང་ཡིན། རྩོམ་རིག་གི་སྐོར་མི་ཤེས་ཤིང་རྩོམ་རིག་སྨྲ་བའི་སྐལ་བ་མེད་པ་བདག་འདྲ་བའི་མིག་མདུན་དུའང་འགལ་བ་རི་ལྟར་སྤུངས་འདུག་པ་འདི་དག་ནི་དངོས་གནས་རྩོམ་རིག་གི་ཞན་ཆ་ཞིག་དང་རིགས་གཅིག་རྐང་འཛིན་ཉུང་བ། མ་ཤེས་ཤེས་མདོག་བྱེད་མཁན་མང་བའི་ཞན་ཆ་ཞིག་ནི་ངེས་པར་ཡིན་པ་འདྲ་སྟེ་ཅི་བྱེད།
བོད་ཀྱི་་རིག་གཞུང་ཤུག་མར་བཞོ་ཟེའུ་ནང་།།
རྩོམ་རིག་འབྲི་མོའི་འོ་མས་ཁེངས་པ་ལ།།
ཉོག་བཤད་རྫས་ཀྱིས་སྦགས་པ་མ་བཟོད་པར།།
ནན་ཏུ་དྲིས་པའི་ངལ་བ་ཁོ་བོས་བླངས།།
མགོན་པོ་ཕྱག་གཉིས་པ་ལགས། ཁྱོད་ཀྱི་དོགས་འདྲི་མང་པོ་ཞིག་བསམ་བཞིག་གནང་ནསདྲིས་འདུག་པར་དགའ་བསུ་ཞུ། ཡིན་ན་ཡང་རྩ་བའི་སྐུ་སློང་ཁོ་རང་བེ་རིས་བགྲངས་པའི་རྩོམ་རིག་གི་ཞན་ཆ་དོན་ཚན་བདུན་ཀ་རེ་རེ་བཞིན། ཀ་ཁའིམགོ་རྔ་ཤེས་ལོང་མ་བྱུང་གོང་ནས་རྩོམ་ཡིག་འབྲི་དགོས་སྣང་ཤར་མཁན་ཟ་ལེ་རྒྱ། རྩོམ་དེབ་ཁྱི་རྔ་ལ་བཏགས་དགོས་ིགས་དེ་ཚོ་ལ་ཐོན་འདོན་བྱས་འདུག་པ་གསལ་པོ་ཆགས་སྟབས་ཁྱོད་རང་ལ་ཕོག་ཐོག་སོང་པ་རེད། ཁག་མེད། གོང་གི་ཞན་ཆའི་ངོ་སྤྲོ་དེཚོ་རེ་རེ་བཞིན་གླེང་ཡོང་དུས། ཨ་མདོ་བ་སྙན་ངག་དང༌། ལོ་རྒྱུས། སྒྲུང་རྩོམ་འདྲ་བོ་ཡིན་ལ་མིན་ལ་འབྲི་སྡོད་མཁན་དེ་ཚོ་ཁྲ་ལྷམ་མེར་ཤར་ཡོང་གི་འདུག ཕྱག་གཉིས་པོ་དེས་རྒྱ་ཟས་འདྲ་བཟོ་ཨེ་ཤེས་བལྟས་ནས་ལྟོ་གོས་ལ་སྲུང་སྐྱོབ་གྱིས། དེ་ལས་གཞན་ཁྱོད་ཀྱི་ཕྱག་གཉིས་དེས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་གང་ཡང་བཟོ་ཐུབ་རེ་མ་བྱེད། གོ་ཨེ་ཐལ། མགོན་མེད་ཕྱག་སྟོང་ལགས། ཨ་ཅང་རྩེད་མོ་ཡིན། ཐུགས་ལ་མ་བཞག་རོགས། ད་རེས་ཡིན་ན་ངས་ཁྱོདཁོང་ཁྲོ་སློང་ཡག་གི་ཆེད་དུ་སྡུག་རིགས་ངན་ཚད་ལབ་ཡོད། ཁྱོད་རང་ཨརག་གི་བཟི་དྭངས་དུས་ཚིག་རག་འདིས་ནས་ཡང་བསྐྱར་བཟི་ནས་ཉལ་དགོས་ཐུག་ས་ཡོད། རྩེད་མོ་ཡིན་གོ་གྲོགས་པོ་ལགས། རྗེས་མ་ཞལ་མཇལ་བྱུང་ན་ང་ཚོ་ཨ་རག་མཉམ་འཐུང་བྱེད་ནས་ཁ་རྩོད་འདྲ་རྒྱག་ནས་སྡོད།
གྲོགས་མོ་ཨ་མདོ་འཚོ། ཁྱོད་ཀྱིས་གསུངས་པ་དེ་བདེན་པ་འདྲ་བོ་གོ་བྱུང༌། ཡིན་ནའང་དགེ་བེ་རིས་སློབ་ཁྲིད་སྐབས་འདི་ལས་རྒྱས་པ་གནད་ལ་ཕིགས་པ་མང་པོ་ཞིག་གསུང་རྒྱུ་ཡོད། གཅིག་བྱས་ན་ཁྱོད་ཀྱང་དགེ་རིའི་དགེ་ཕྲུག་ཡིན་འགྲོ། ད་དུང་དེ་བས་ཡ་མཚན་ཞིག་ལ་དགེ་བེ་རིས་ཟ་ཁང་དང་ཇ་ཁང་ལྟ་བུའི་ནང་ལྷོད་ལ་བབ་དུས་རྩོམ་རིག་གི་སྐོར་གལ་ཆེ་སློབ་ཁྲིད་ཀྱི་སྐབས་ལ་མི་གསུང་པ་དེ་འདྲ་མང་པོ་གསུང་གི་ཡོད། དེ་དུས་ཁོ་རང་དགེ་རྒན་གྱི་འདུ་ཤེས་དང་འགྱིངས་ཉམས་གང་ཡང་མེད་པ་དང་འགྲིགས་འཛུགས་ལྟ་བུ་མིན་པས་གོ་སླ་བ་དང་བློར་ངེས་པ་འདྲ་བོ་ཡོང་གི་ཡོད། དེར་བརྟེན་ངས་ཞུ་རྒྱུ། དགེ་བེ་རི་ལགས་ནས་དུསཚོད་ཡོད་དུས་ཤིག་ལ་རྩོམ་རིག་གི་ཞན་ཆ་སྐོར་ཡང་བསྐྱར་གཅིག་འབྲི་གནང་རོགས། མ་གཞི་འདིརབྲིས་པའི་ཞན་ཆ་སྐོར་དེཡང་། དེ་སྔོན་བོད་གཞིས་བྱེས་གཉིས་ཀར་སུས་ཀྱང་ཕྱོགས་སྡོམ་རྒྱག་མྱོང་མེད་པའི་གལ་ཆེ་རང་བཞིན་ཞིག་ཡིནཔས་དགའ་བསུ་ཞུ་རྒྱུ་ཡིན།
སྐྱག་ཕྲུག མིང་གཉིས་དུས་གཅིག་ལ་བེད་སྤྱོད་བཏང་ནས་རང་གི་དགེ་རྒན་ལ་ལྐོག་འདེགས་བྱེད་ཀྱི་ཡོད་དམ། ཁྱེད་ཀྱིས་མིང་བརྒྱ་བེད་སྤྱོད་བཏང་ནས་རྒན་བེ་རི་ཤེས་ཡོན་ཅན་ཞིག་ཏུ་བསྒྱུར་འདོད་བྱུང་ཡོད་ནའང༌། ནམ་རྒྱུན་རྒན་བེ་རིའི་ཡོན་ཏན་ལ་ཆ་རྒྱུས་ཡོད་ནི་ཞིག་གི་སེམས་ལ་ཁྱེད་ཀྱི་སྐད་ཆ་གཅིག་ཀྱང་འགྲོ་གི་མ་རཻད་ལོ།
དྲ་རྒྱ་མང་པོའི་ནང་འབྲི་སྟངས་ལ་བལྟས་ན་ཕུན་ཚོགས་ཟེར་བ་འདི་ངས་བལྟས་ན་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཡིན་པ་འདྲ། འོན་ཀྱང་མི་སུ་ཡིན་མིན་ལས་རྩད་གཅོད་བྱེད་པ་ལས་ནང་དོན་ག་རེ་བཤད་ཡོད་མེད་ང་ཚོ་ལ་གལ་ཆེ་བ་ཡིན་པས་ཚང་མས་བེ་རིས་བྲིས་པའི་རྩོམ་རིག་གི་ཞན་ཆའི་སྐོར་ཞེས་པ་དེ་ལ་བགྲོ་གླེང་གནང་རོགས། ང་ལྟ་བུ་རྩོམ་རིག་ལ་མིག་ལྡོང་པ་དག་གིས་ལྟད་མོ་བལྟས་ནས་སྡོད་ཀྱི་ཡིན། བློ་སྐྱེད་ངེས་ཅན་རེ་རག་རྒྱུའི་རེ་བ་ཡོད།