སོག་མདའ།
བསང་དུད་བར་སྣང་ལ་འཁྲིགས་པའི་བར་སྐོར་གླིང་།།
མཆོད་མེ་སྐར་ཚོགས་བཞིན་སྒྲོན་པས་བར་སྐོར་གླིང་།།
དར་ལྕོག་རླུང་བུ་ཡིས་འཕུར་བའི་བར་སྐོར་གླིང་།།
གཙུག་ལག་གསེར་འོད་ཀྱིས་མཆེད་པ་བར་སྐོར་གླིང་།།
ཇོ་བོའི་བྱིན་རླབས་ཀྱིས་མཐུག་ས་བར་སྐོར་གླིང་།།
མ་ནི་ཡིག་དྲུག་ནི་འདྲེན་ས་བར་སྐོར་གླིང་།།
མ་ནི་འཁོར་ལོ་ནི་སྐོར་ས་བར་སྐོར་གླིང་།
ཕྱག་འཚལ་སྡིག་སྒྲིབ་དེ་འདག་ས་བར་སྐོར་གླིང་།།
དགེ་བའི་སྐོར་ཕྱག་ནི་བྱེད་ས་བར་སྐོར་གླིང་།།
རྒྱ་བོད་རྡོ་རིང་དེ་འགྱིངས་ས་བར་སྐོར་གླིང་།།
བོད་པའི་བཙན་པོ་ཡི་ཕ་ས་བར་སྐོར་གླིང་།།
ཐོན་མའི་བོད་ཡིག་དེ་བཟོ་ས་བར་སྐོར་གླིང་།།
མགར་གྱི་བློ་རིག་དེ་བཀྲ་ས་བར་སྐོར་གླིང་།།
མཁས་དབང་ཉི་ཟླ་ལྟར་འཁྲུངས་ས་བར་སྐོར་གླིང་།།
བརྒྱ་ཚོགས་སྟོང་འདུས་གྱི་ཚོང་ས་བར་སྐོར་གླིང་།།
འདྲ་མིན་མི་རིགས་དེ་འདུས་ས་བར་སྐོར་གླིང་།།
སྐད་རིགས་འདྲ་མིན་དེ་གླེང་ས་བར་སྐོར་གླིང་།།
ཆོལ་གསུམ་བོད་རིགས་དེ་འདུས་ས་བར་སྐོར་གླིང་།
ཁམས་པའི་གཟི་བྱུར་དེ་བཙོང་ས་བར་སྐོར་གླིང་།
ཨ་མདོའི་འབྲི་མར་དེ་བཙོང་ས་བར་སྐོར་གླིང་།།
དབུས་པའི་གོས་གདན་དེ་བཙོང་ས་བར་སྐོར་གླེང་།།
ཤ་མོག་ཞིམ་པོ་དེ་ཟ་ས་བར་སྐོར་གླིང་།།
བོད་ཇ་སྣུམ་པོ་དེ་འཐུང་ས་བར་སྐོར་གླིང་།།
བོད་ཀྱི་ཚོང་རྫས་ཀུན་འཛོམས་པ་བར་སྐོར་གླིང་།།
བོད་ཀྱི་གླུ་གཞས་ཀྱི་ཕ་ས་བར་སྐོར་གླིང་།།
བོད་ཀྱི་རིག་གནས་ཀྱི་ལྟེ་བ་བར་སྐོར་གླིང་།།
བོད་ཀྱི་ལྷ་བྲིས་ཀྱི་གནས་ཆེན་བར་སྐོར་གླིང་།།
བོད་ཀྱི་གཟིམས་སྤོས་ཀྱི་འབྱུང་གནས་བར་སྐོར་གླིང་།།
ཕེབས་ན་ཡིད་སེམས་ནི་དགའ་ས་བར་སྐོར་གླིང་།།
བསྐོར་ན་སྡུག་སྒྲིབ་ནི་དག་ས་བར་སྐོར་གླིང་།
མཇལ་ན་བསོད་ནམས་ནི་བསོགས་ས་བར་སྐོར་གླིང་།།
མཐོང་ན་མིག་ཟུང་གི་དགའ་སྟོན་བར་སྐོར་གླིང་།།
ཁ་བ་གངས་ཅན་པའི་ཕ་ས་བར་སྐོར་གླིང་།།
འཛིན་མའི་སྐྱེ་བོ་ཀུན་འཁོར་བའི་བར་སྐོར་གླིང་།།
སུས་ཀྱང་བརྗེད་མ་མྱོང་བའི་གནའ་བོའིལྷ་ས།
བཙན་པོའི་བླ་མཁའ་གསོན་པོ།
སུས་ཀྱང་དྲན་མ་མྱོང་བའི་དེང་གི་ལྷ་ས།
བདག་མེད་ཀྱི་རྡོ་རིང་ཁེར་རྐྱང་།
ལྷ་སའི་བར་སྐོར།
དྷ་སའི་སྲང་ལམ།
ཨེམ་ཊིའི་དོགས་ལམ།
གཞིས་ཆགས་ལམ་གཞུང་།
ལྷ་ས་རྒྱས་བཟུང་།
རྡོ་རིང་བདག་མེད།
ཕོ་བྲང་ཁང་སྟོང་།
བར་སྐོར་རྒྱས་གང་།
བོད་པའི་ལོ་རྒྱུས་ཀྱི་་ངོ་གདོང་མང་བོའི་རེ་བ་ལྷག་པའི་ལྷ་སའི་བར་སྐོར་གླིང། གནས་དེ་ན་འུ་ཚང་གི་ཡོད་ཚད་ལྷག་ཡོད་པ་འདྲ་ལ་འུ་ཚང་གི་ཡོད་ཚད་བོར་ཡོད་པའང་འདྲ། གང་ལྟར་གནས་དེ་ན་ཤི་གསོན་མང་བོའི་རྣམ་ཤེས་ཀྱི་འཚང་ཁ་ཆེ་བ་ཁོ་ཐག་ཡིན།
ལྷ་སའི་བར་སྐོར།
ལྷ་སའི་བར་སྐོར་བོད་རིགས་འཚོགས་ས།
ལྷ་སའི་བར་སྐོར་ཁ་ཆེས་འགྲོ་ས།
ལྷ་སའི་བར་སྐོར་རྒྱ་གཞུང་ཁྲབ་ས།
ལྷ་སའི་བར་སྐོར་ཡོང་ཚད་ཉུལ་ས།
ལྷ་སའི་བར་སྐོར་རྒྱ་དམག་བསྐོར་ས།
ལྷ་སའི་བར་སྐོར་རྒྱང་ཤེལ་བལྟ་ས།
ལྷ་སའི་བར་སྐོར་པར་ཆས་བཙུགས་ས།
ལྷ་སའི་བར་སྐོར་ངའི་ཡིད་ཆགས་ས།