རྔ་བ་རྒྱལ་ཁམས་པ།
———–
སྤྱི་ལོ༣༧༠་༤༡༥
གནའ་བོའི་སྒུ་རིག་གི་ཨེ་ལྗབ་མི་རྒྱུད་དུ་གྲགས་པ། གནམ་རིག་དང་རྩིས་རིག་ལ་མཁས་པ། མཛེས་མ་ཧེ་ཕ་ཁྲིའི་ཡ་མཆོག་གི་མཚན་ཉིད་རིག་པ་ནི། མོ་རང་གི་དད་པ་ཞུ་ཡུལ་གྱི་ཆོས་ལུགས་ཤིག་ཀྱང་རེད། མོ་ལྟར་ན། ཡོན་ཏན་ལྷུན་རྫོགས་ཀུན་ལས་ཁྱད་འཕགས་ཀྱི་ལུས་ཅན་ཞིག་ཡོད་པར་འདོད་ཅིང་། དེ་ཉིད་ཀྱི་མིང་ལ༼གཅིག༽ཅེས་བརྗོད། བདེན་པའི་གནས་ལུགས་ཐམས་ཅད་ཀྱི་རྩ་བ་དེའི་ནང་ན་ཡོད་པར་བཞེད་ལ། རང་ཉིད་ཀྱི་དམིགས་ཡུལ་མཐར་ཐུག་ཀྱང་བདེན་དོན་རྩ་བའི་༼གཅིག༽དེ་མངོན་གྱུར་བྱེད་པའམ། ཡང་ན། དེ་དང་ཐག་ཇེ་ཉེར་འགྲོ་ཐབས་བྱེད་པ་དེ་ཡིན། མོ་རང་གི་སློབ་མ་མཐའ་དག་སྐྱེས་པ་ཁོ་ན་ཡིན་ལ། ནམ་རྒྱུན་དཔེ་ཁྲིད་སྐབས། བཟང་འདེམས་བྱས་པའི་སློབ་མ་སྐོར་ཅིག་དང་ལྷན་དུ། རང་ཉིད་ཀྱི་ཐབས་ཤེས་རྣམས་འགྲེལ་བཤད་མཉམ་སྤྱོད་མཛད་ཅིང་། འགྲོ་བ་མིའི་ཆོས་ཉིད་ཀྱི་ཁྱད་འཕགས་རང་བཞིན་ནམ། རྣམ་པར་ཤེས་པ་མངོན་དུ་བྱས་ཏེ་འཇིག་རྟེན་འདི་སྣང་གི་འཁྲུལ་བ་ལས་རང་དབང་ཐོབ་དགོས་སྐོར་དང་། སློབ་དཔོན་ཆེན་པོ་ཕུ་ལ་ཁྲོ་མཆོག་གི་དགོངས་པ་དང་མཐུན་པར་ཕྱི་དངོས་བོའི་འཇིག་རྟེན་ནི། ནང་སེམས་ཀྱི་འཇིག་རྟེན་ལ་ལྟོས་ན། ཀུན་རྫོབ་ཀྱི་འཇིག་རྟེན་ཞིག་ལས། དོན་དམ་གྱི་འཇིག་རྟེན་ཞིག་གཏན་མ་ཡིན་པ་དང་། བདེན་པའི་འཇིག་རྟེན་ངོ་མ་ནི་སེམས་ཉིད་དམ། ཕྱི་དོན་འཇིག་རྟེན་གྱི་ཕ་རོལ་ན་གནས་པའི་ཕུན་ཚོགས་ཀྱི་འཇིག་རྟེན༼གཅིག་ཉིད༽ཁོ་ན་ཡིན་པར་གསུངས་ཤིང་། རྫས་དང་སེམས་ཉིད། ལུས་དང་རྣམ་ཤེས་གྱི་ཁྱད་པར་གསལ་བོར་དབྱེ་འབྱེད་མཛད་ནས། མི་ཞིག་གི་རྣམ་ཤེས་ནི་སེམས་ཉིད་འཇིག་རྟེན་ལ་དབང་བའི་ཆ་ཤས་ཁོ་ན་ཞིག་ཡིན་ལ། དེ་ནི་མུན་པའི་ཁྲོད་ཀྱི་འོད་སྣང་ཆུང་ངུ་ཞིག་དང་འདྲ་བར༼གཅིག་ཉིད༽ཁོ་ནའི་ནང་བཞུགས་པའི་ཀུན་མཁྱེན་གྱི་གོ་འཕང་ངོ་མ་དེར་འཁྲིད་པའི་ལམ་སྟོན་ངོ་མ་དེ་ཡིན་པར་གསུངས་ཤིང་། བར་སྐབས་ཤིག་ཏུ་རང་གི་སློབ་མ་ཞིག་རྣམ་པར་གཡེངས་པའི་དབང་ལས། མོ་རང་དང་ཐབས་ཤེས་མཉམ་སྦྱོར་གྱི་འབྲེལ་ལམ་བྱུང་བར། ཧེ་ཕ་ཁྲིའི་ཡ་མཆོག་གིས་རང་ཉིད་ཀྱི་གསང་ཁེབ་ལས་དུམ་བུ་ཞིག་བཅད་ནས། སློབ་མ་དེར་བསྟན་ཏེ་གསུངས་གསལ། འདི་ནི་ང་རེད། འདི་ཁྱོད་རང་གང་ལ་དགའ་ཡུལ་དེ་རེད། ཅེས་གསུངས་ཤིང་། མོ་རང་ལྟར་ན། སའི་གོ་ལ་འདིའི་ཐོག་གི་མཛེས་སྡུག་ནི་འཁྲུལ་སྣང་ཞིག་ཡིན་པ་དང་། དོན་དམ་པའི་མཛེས་སྡུག་ཅེས་པ་༼གཅིག་ཉིད༽ཁོ་ནའི་ནང་ན་གནས་པ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་གནང་ཡོད། འཛམ་གླིང་གི་ལོ་རྒྱུས་སྤྱི་མཚུངས་ལྟར། སྐབས་དེའི་བུད་མེད་ཀྱི་གཞི་རྩའི་ཐོབ་ཐང་ཤིན་ཏུ་དམའ་བོ་ཞིག་ཡིན་པ་དེ་ལྟ་ནའང་། རང་ཉིད་ཀྱི་མཁྱེན་ཡོན་ལས་བུད་མེད་སྤྱིར་བཏང་བའི་གནས་སྟངས་ལས་ཡོངས་སུ་བརྒལ་ནས། རོ་མན་གྱི་སྤྱི་ཁྱབ་ཀྱིས་ཀྱང་གྲོས་ཚོགས་ཆེད་རྒྱུན་དུ་བཀའ་སློབ་ཞུས་འདུག་པ་སོགས། མངའ་སྡེ་ཡོངས་རྫོགས་ཀྱིས་མོ་རང་གི་ཤེས་རབ་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་འདུག མོ་རང་གི་སྐུ་ཚེ་ཕལ་ཆེར་ཨེ་ལེག་ཟན་སྒྲིར་རིའི་ཡའི་ནང་བསྐྱེལ་འདུག་ལ། གྲོང་ཁྱེར་དེ་ནི་སྐབས་དེའི་རོམ་རྒྱལ་ཁམས་ཀྱི་གྲོང་ཁྱེར་ཆེ་གྲས་གསུམ་པ་དང་། མི་རིགས་དང་རིག་གཞུང་མང་བོ་མཉམ་འདྲེས་ཀྱི་གྲོང་ཁྱེར། ཤེས་བྱ་སྣ་ཚོགས་སློབ་སྦྱོང་བྱ་ཡུལ་གྱི་ལྟེ་གནས་ལྟ་བུ། ད་ལྟའི་ནོས་ཡོག་གྲོང་ཁྱེར་འདྲ་བོ་ཞིག་ནི་ཡིན་པར་སྣང་ལ། སྐབས་དེ་ཤེད་ན། ཡུ་ཤི་ཆོས་བརྒྱུད་འཛིན་མཁན་དང་། ལྗོས་ཀྱི་མི་རིགས། ལྷ་སྐུ་བསྟེན་གསོལ་བྱེད་མཁན་དག་གི་བར། ཆོས་ལུགས་འཐེན་འཁྱེར་གྱི་འཁྲུགས་རྩོད་རྒྱུན་མར་བྱེྱད་བཞིན་པ་དེ་ལྟ་ནའང་། མོ་རང་རྩོད་པ་དེ་དག་གང་གི་ཕྱོགས་སུའང་བཞུགས་མེད། འོན་ཀྱང་། ས་གནས་ཀྱི་ཡུ་ཤི་ཆོས་དཔོན་དང་། མངའ་སྡེའི་སྤྱི་ཁྱབ་གཉིས་ཀྱི་བར་ཁ་དབང་ཕྱོགས་འཐེན་ཀྱི་འཐབ་རྩོད་བྱུང་བ་དང་། ཆོས་དཔོན་གྱི་སེམས་ལ་ཧེ་ཕ་ཁྲིའི་ཡ་དེ་བཞིན་ཉེན་ཁ་ཆེན་པོ་ཅན་ཞིག་ཏུ་མཐོང་གི་ཡོད་སྟབས། ཡུལ་ལུང་གང་ཡིན་སར་མོ་རང་གིས་མཐུ་དང་ངན་སྔགས་རིགས་ཉམས་སུ་ལེན་བཞིན་ཡོད་སྐོར་གྱི་དཀྲོགས་གཏམ་སྣ་ཚོགས་ཤིག་དར་ཁྱབ་ཕྱིན་པ་སོགས་ཀྱི་ཉེར་ལེན་ལས། ཉིན་ཞིག་རང་གི་རྟ་འཁོར་དུ་བཞུགས་ནས་གཟིགས་ཁང་དུ་ཕེབས་པའི་ལམ་བར། ཡུ་ཤིའི་ཆོས་བརྒྱུད་འཛིན་མཁན་མིག་སེར་ཅན་སྐོར་ཞིག་གིས། ལག་པར་དུང་རུས་ཀྱི་མཚོན་ཆ་ཐོགས་ཏེ། མོ་རང་གི་སྐུ་ལུས་དུམ་བུར་གཏུབ་ནས་སྲོག་ཐོག་བཏང་འདུག་གོ།
ཟུར་དུ་ཞུ་རྒྱུ་ཞིག་ལ། ད་བར་དྲ་གྲོགས་དག་གིས་ངའི་ཡི་གེ་བྐླགས་པར། ང་དགའ་ཞིང་། ང་སྤྲོ། ལས་ཀ་འདི་འདྲ་མུ་མཐུད་བྱེྱད་འདོད་ཀྱི་སེམས་ཤུགས་ཀྱང་ལྷར་པར་འཕར་གྱིན་འདུག ཐུགས་རྗེ་ཆེ། ཡིག་གཏགས་ཀྱི་རྐྱེན་གྱིས། ཁྱེད་ཅག་གི་ཐུགས་བརྩེས་མཆན་བཏབས་པ་དག་ལ། འཕྲལ་དུ་ལན་རེ་འཇོག་མ་ཐུབ་པར་ང་གཏིང་ནས་འགྱོད། སྐུ་མཁྱེན། ད་དུང་ཡང་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་རྒྱུན་དུ་ཕེབས་རོགས་ཞུ། རྗེས་སོར་སྟབས་ཀ་འདྲ་ལྡན་ཚེ་ལན་རིམ་པར་འདེབས་ཐུབ་པའི་སེམས་ཤུགས་ཡོད། ཁ་དྲོ། ད་བདེ་མོ་གྱིས།
གྲོགས་པོ་ལགས། ང་ཚོས་ནམ་རྒྱུན་ཁྱེད་ཀྱི་བསྒྱུར་རྩོམ་འདི་དག་ཀློག་གིན་ཡོད། ཕན་ཐོག་ཞེ་དྲགས་འདུག གཅིག་བྱས་ན་ངས་ཁྱེད་ཀྱི་བསྒྱུར་རྩོམ་འདི་དག་བོད་ནང་གི་དུས་དེབ་ཅིག་གི་ཐོག་བཀོད་ཐུབ་ན་ཐང། བཀོད་ཆོག་མིན་ཁྱེད་ནས་བསམ་ཚུལ་གསུངས་རོགས་ཞུ།།
དྲ་གྲོགས་རྔ་པ་རྒྱལ་ཁམས་པ་ལགས་མུ་མཐུད་ཤུགས་རྒྱག་རོགས། ཧ་ཅིང་ཡག་པོ་འདུག