གཅན་འོད་འབར།
ས་རྡུལ་གྱིས་འཐུམ་པའི་གནམ་ས་འདི
རྐང་འོག་ན་ཕྱོགས་པའི་སྡོང་ལོའི་སྐྱོ་གླུ་ལ་ཉན་ན།
སང་ཉིན་ཡང་དེ་རིང་ལྟར།
རི་བོ་དེ་ཚོ་སྐྱ་སོབ་སོབ་ཀྱིས་འགྱིང་ཞིང་།
ཆུ་མོ་དེ་དག་སྔོ་ལྡེམ་ལྡེམ་གྱིས་བཞུར་པ་ལས།
ཐལ་མདོག་གི་གནམ་ས་འདི་ལ།
དཀར་ནག་གི་འགྱུར་ལྡོག་ཅིག་ཡོད་མི་ངེས་སྙམ་མོད།
དོ་དགོང་འོད་ཆེམ་ཆེམ་གྱི་སྐར་མདའ་མང་པོ་ཞིག
འདི་ལྟར་ལྷོ་རུ་ཟགས་ཀྱིན་པར་བལྟས་ན།
རེ་སྒུག་གི་མིག་ཟུང་ཀེམ་ཀེམ་གྱིས།
ཡིད་ཆེད་ཀྱི་ལག་ཟུང་འདར་འདར་གྱིས།
མི་ཚེའི་རྨི་ལམ་སྦྲུམ་པའི་སང་ཉིན་ལ།
ཁ་དོག་བྲལ་བའི་མཁའ་དབྱིངས་འདི་ནས།
མཛེས་སྡུག་གི་ཁ་བ་ཞིག་འབབ་པར་སྒུག་རྒྱུ་ནི།
ཚུལ་དང་མཐུན་པ་ཞིག་རེད་འདོད་ལ།
དུས་དང་འཚམས་པ་ཞིག་ཀྱང་རེད་སྙམ།
ཡང་སྙིང་སང་ཉིན་ཁ་བ་འབབ་སྲིད་དམ།
སང་ཉིན་ཁ་བ་འབབ་སྲིད།
ནམ་ཟླ་རིང་མོ་དེའི་འདས་ཚུལ་དྲན་དུས།
ལག་པ་ལྷོད་ཀྱིས་བསྐྱང་ཆོག་པའི་མཁའ་དབྱིངས་འདི་ནས།
ཁ་བ་ཞིག་འབབ་ཅི་ལ་མི་ངེས་སྙམ་ཏེ།
ཨ་ཕའི་ངོ་གདོང་གི་གཉེར་མ་ལས་འཛུམ་པའི་ཁ་སང་གི་ལོ་ཟླ་དང།
ཨ་མའི་མིག་གོང་གི་མཆི་མ་ལས་ཟགས་ཀྱིན་པའི་དེ་རིང་གི་ཉིན་མཚན་དག་བསམ་ན།
རྨི་ལམ་ལྟ་བུའི་སང་ཉིན་ཞིག་ལ།
དག་གཙང་གི་ནམ་མཁའ་འདི་ནས།
མེ་ཏོག་འདྲ་བའི་ཁ་བ་ཞིག་ཅིས་ཀྱང་འབབ་སྲིད།
དཀར་བོང་བོང་གིས་འབབ་སྲིད།
འོད་ཆེམ་ཆེམ་གྱིས་འབབ་སྲིད།
ཁྱོད་དང་ང་ཡི་ལུས་སེམས་ལ་འབབ་སྲིད།
ང་དང་ཁྱོད་ཀྱི་གཞིས་ཁྱིམ་ལ་འབབ་སྲིད།
དེ་དུས་ཁ་བ་ནི་ཁྱོད་ཀྱི་དད་འདུན་གྱི་ཁ་བཏགས་ཡིན་ངེས་ལ།
ང་ཡི་རེ་སྨོན་གྱི་མཆོད་ཆང་ཡང་ཡིན་ངེས།
༢༠༡༢།༡༡།༡༠ ཉེ་ལམ་དྲ་ལམ་ཁག་ནས་ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་ཞིག་མཐོང་བས་རང་ཉིད་ཀྱིས་ཀྱང་འདི་འདྲ་ཞིག་བྲིས་པའོ། །