རྩོམ། ཡུས་ཅེ། སྒྱུར། ནགས་ཤོད་སད་མི།
སིས་རི་ཡའི་ཨ་སག་ཏེའི་སྲིད་དབང་གིས་མུ་མཐུད་ངོ་རྒོལ་བའི་མི་སེར་དམར་གསོད་གཏོང་གིན་ཡོད། རྒྱ་ཨུ་གཉིས་པོས་རྒྱལ་ཚོགས་ཀྱི་རྒྱུན་ལས་ཡིན་པའི་དམིགས་བསལ་དབང་ཆ་སྤྱད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སིས་རི་ཡའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་གཞིར་ངོ་རྒོལ་བྱས་པ་རེད།
རྒྱ་ཨུ་རྒྱལ་ཁབ་གཉིས་ཀྱི་ཁྲག་གྲང་དང་ཁྲམ་སྤྱོད་འདིས་འཛམ་བུ་གླིང་པར་སྤྲོ་ལངས་སུ་བཅུག རྒྱལ་ཚོགས་སུ་བཅའ་སྡོད་བྱས་པའི་ཨ་རིའི་སྐུ་ཚབ་ནས་ཀྱང་རྒྱུན་གཏན་མིན་པའི་རྣམ་པས་བྱེད་སྟངས་འདི་རིགས་ནི་སྐྱག་དྲི་བྲོ་བ་རང་རེད་ཅེས་གསུངས་པ་དང་སྦྲགས། ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲག་དམར་དོན་རྐྱེན་འདི་རྒྱལ་ཁབ་གཉིས་པོས་འགན་འཁུར་དགོས་པའི་རྒོལ་གཏམ་འཕངས། ཁ་ཀྲ་ཧྥིའི་ལག་འོག་ནས་བཅིངས་འགྲོལ་ཐོབ་མ་ཐག་པའི་ལིས་པིས་ཡའི་མི་དམངས་ཀྱང་རྒྱ་གུང་ཁྲན་པས་ཐོག་མཐའ་བར་གསུམ་དུ་ཁ་ཀྲ་ཧྥིས་ལ་རྒྱབ་སྐྱོར་བྱས་པའི་ལས་ངན་དེར་ཁོང་ཁྲོའི་མེ་ལྕེ་འབར་ཡོད་པས། ཨ་སག་ཏེ་དང་རྒྱ་གུང་ཁྲན་གྱི་ཁྱི་སྤྱང་ལག་སྦྲེལ་ལ་བཟོད་སྒོམ་མ་ཐུབ་པར་མཐར་ཀི་ཤར་བཏབ་ནས་ངོ་རྒོལ་སྐད་འབོད་བྱས་པ་རེད། ཁོང་ཚོ་རྒྱ་ནག་གཞུང་ཚབ་ཁང་སྒོ་ཁར་ངོ་རྒོལ་བྱས་པ་ན། རྒྱ་གུང་ཁྲན་པའི་ཕྱི་འབྲེལ་ལས་བྱེད་ཚོ ( སྲིད་འཛིན་འདུལ་མཁན ) གྱི ( གཏུམ་སྤྱོད་མི་སེར ) མདུན་དུ་བཟོ་ལྟ་རྦད་དེ་ཤོར་ཡོད་པ་རེད།
དྲུག་བཞིའི་རྗེས་ཀྱི་མི་ལོ་ཉི་ཤུའི་ནང་པེ་ཅིང་སྲིད་གཞུང་གི་མི་རིགས་རིང་ལུགས་དྲིལ་བསྒྲགས་འོག་མི་དམངས་ཉུང་མིན་ཞིག་གཡོ་བསླུ་བྱ་ཐུབ་པ་རེད། ཡིན་ནའང་། ད་ཐེངས་རྒྱ་ནག་གི་དྲ་གྲོགས་ཚོ་ཏང་ཀྲུང་དབྱང་དང་བློ་སེམས་གཅིག་མཐུན་མི་བྱ་གཏན་འཁེལ་རེད། ཁོང་ཚོས་བློ་དོགས་སྣ་ཚོགས་བྱས་དོན། དྲག་པོའི་སྒོ་ནས་སིས་རི་ཡའི་གནད་དོན་ཐག་གཅོད་བྱེད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཟེར་བ་དེ་ནི། སིས་རི་ཡའི་གཞུང་གིས་དྲག་པོའི་སྒོ་ནས་ངོ་རྒོལ་མི་དམངས་ཚོ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས་པ་རེད་ཟེར། ཕྱོགས་གཅིག་ནས་རྒྱལ་སྤྱིའི་གནད་དོན་ཁག་དྲག་པོས་ཚར་གཅོད་པའམ་མཚོན་ཆས་སྡིགས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་སྨྲ་བ་དང་། ཕྱོགས་གཞན་ཞིག་ནས་ཐའེ་དོན་ཐག་གཅོད་བྱ་སླད་གོ་མཚོན་ཅིས་ཀྱང་བསྐྱུར་མི་ཉན་པར་བརྗོད་ཀྱིན་པ་འདི་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྐད་ཆ་དེ་མ་རེད་དམ།
རྒྱ་གུང་ཁྲན་པའི་གཏན་ཚིགས་ནི། དབང་འཛིན་པས་སྣང་བ་གང་དྲན་གྱིས་མཚོན་ཆ་གཙགས་བུ་ཙམ་མེད་པའི་མི་དམངས་ལ་གོ་མཚོན་སྤྱོད་ཆོག་ལ། དེ་དམར་གསོད་མིན་པར་ལྟ་བ་མ་ཟད། དེ་ནི་གསར་བརྗེ་ལ་ངོ་རྒོལ་བྱེད་མཁན་ཞོད་འཇགས་བཏང་བ་རེད་ཟེར། མི་དམངས་རྣམས་ལ་གོ་མཚོན་ཁབ་རྩེ་ཙམ་མེད་དུས་རེ་བར་ནན་མོ་བྱེད་རྒྱུ་ལས་ཅི་གང་མེད། བྲན་གཡོག་ངོས་ནས་བཤད་ན། རང་ཉིད་ཁྱིམ་བདག་གིས་གསོད་པ་དེ་ཡང་བརྩེ་བའི་རྣམ་འགྱུར་སྟོན་སྟངས་ཤིག་ཡིན་སྲིད། འདི་ཡང་ཧིས་ཋི་ལེ་དང་། སི་ཏ་ལིང་། པོ་འར་ཕུ་ཐེ། ས་ཏམ་ཧོ་སིང་། ཁ་ཀྲ་ཧྥིས། ཁེམ་ཅུང་ཨན་ཚང་གི་བློ་དང་རིག་པ་རེད། ཁོ་ཚོ་དང་རྒྱ་གུང་ཁྲན་ལ་ཐུན་མོང་གི་རིན་ཐང་ལྟ་བ་ཡོད་པ་རེད། རྒྱ་གུང་ཁྲན་པས་སིས་རི་ཡའི་གནད་དོན་ལྟ་ཕྱོགས་ཐོག་ནས་ཚུར་མངོན་བྱུང་བ་ནི་ཕྱི་འབྲེལ་ནང་སྲིད་དང་རྐྱ་འཐབ་ཡོད་པའི་ཁྲིམས་ལུགས་དེ་རེད། མའོ་ཙེ་ཏུང་དུས་སྐབས་ཀྱི་དམར་གསོད་ནས་དྲུག་བཞིའི་དམར་གསོད་བར་དང་། དེ་ནས་དེང་སྐབས་རྩོམ་བཞིན་པའི་བོད་ཀྱི་དམར་གསོད་བཅས་རྒྱུན་མཐུད་ནས་ཡོད་པ་རེད། གང་ལྟར་དམར་གསོད་ནི་རྒྱ་ནག་ནང་རྒྱུན་གཏན་ཅན་རེད།
རྒྱ་ནག་གི་མི་དམངས་མང་པོས་སིས་རི་ཡའི་ཁྲག་དམར་མཐོང་རྗེས་ཡིད་དགའ་བས་བརྗོད་རྒྱུར། སྟབས་ཡག་པ་ཞིག་ལ་ང་སིས་རི་ཡའི་མི་སེར་མ་རེད་ཟེར། འོན་ཏེ་ཁོང་ཚོས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་རྒྱ་གུང་ཁྲན་པས་དུས་རབས་ཕྱེད་ལྷག་བོད་མི་དམར་གསོད་གཏོང་གིན་པའི་གནས་སྟངས་ལས་གཡོལ་གྱིན་ཡོད་པ་རེད། རྒྱ་ནག་མི་དམངས་ཀྱིས་མི་རིགས་རིང་ལུགས་ལ་དད་མོས་ཡོད་པ་དང་། མི་སེར་སྤེལ་བའི་རིང་ལུགས་ལ་འགོག་རྒོལ་ཡོད་མཆི་ནའང་། བོད་མི་ཚོས་མི་རིགས་རིང་ལུགས་ལོངས་སུ་སྤྱོད་རྒྱུར་འདོད་པ་ཅི་ཡང་མེད་ཁར། བོད་མིས་མི་སེར་སྤེལ་བའི་རིང་ལུགས་དང་ལེན་བྱ་དགོས་པར་བཙན་ཤེད་བྱེད་བཞིན་ཡོད། འདི་ལྟ་བུའི་ལས་ཀ་བྱེད་སྟངས་ནི་རང་གིས་མི་འདོད་ཆོས་དེའང་། གཞན་ལ་བཙན་འགེལ་བྱ་མི་རུང་ཟེར་བའི་གནའ་བོའི་བསླབ་བྱ་དང་མཐུན་པ་རེད་དམ། དོན་ངོ་མས། རང་སྲེག་བྱས་པའི་བོད་མི་དང་། མེ་མདས་བསད་པའི་བོད་མི་ཚོ་ནི་མི་མ་རེད་དམ། ངས་ཁོང་ཚོའི་རང་སྲེག་གི་པར་རིས་མཐོང་བའི་ཚེ་ན་རང་ཉིད་ཀྱི་ལུས་པོ་ཡང་མེས་འཚིག་གིན་ཡོད་པའི་ཚོར་སྣང་འདུག་ལ། རང་ཉིད་ཀྱང་ཚིག་དྲི་བྲོ་བའི་ཚོར་སྣང་སྐྱེ་མྱོང་། མེ་མདས་བསད་པའི་ཁོང་ཚོའི་ཕུང་པོ་མཐོང་ཚེ། ང་རང་གི་ལུས་སྟེང་ལ་ཡང་མདེའུ་ཁུང་ཡོད་སྣང་བ་ཤར་བ་མ་ཟད། ཟུངས་ཁྲག་འཛར་འཛར་དུ་ཟགས་བཞིན་པ་ལྟར་ཚོར་བྱུང་།
རེད་དེ། རྒྱ་མི་ཕལ་མོ་ཆེ་ནས་འདི་སྐོར་ཅི་ཡང་མཐོང་གི་མེད་པ་ལྟར་བྱེད་པ་མ་ཟད། ཅི་གང་ཐོས་མྱོང་མེད་པའི་བཟོ་ལྟ་སྟོན། ཁོང་ཚོའི་ངོས་ནས་བཤད་ན། བོད་ནི་འཇིག་རྟེན་ཕྱི་རོལ་གྱི་བདེ་ལྡན་ཞིང་ཁམས་ཡིན་ལ། ཤམ་བྷ་ལ་ཡང་ཡིན། ཚོང་པ་ཙག་ཙིག་ཚོས་འཆོལ་མ་བཙལ་ས་ཡང་ཡིན་པ་མ་ཟད། ཤར་ཕྱོགས་ལྐོག་གྱུར་རིང་ལུགས་ཀྱི་དག་ཞིང་ཡང་ཡིན་དུས། བོད་ཀྱི་དཀའ་སྡུག་ཡོད་ཚད་མིག་འོག་ནས་སྐྱུར་གྱིན་ཡོད་པ་རེད། ལྷ་སའི་དམར་གསོད་ནས་པེ་ཅིང་དམར་གསོད་དབར་བར་ཐག་ཅི་ཙམ་ཡོད་དམ། པེ་ཅིང་དམར་གསོད་ནས་སིས་རི་ཡའི་དམར་གསོད་དབར་རྒྱང་ཐག་ག་ཙམ་ཡོད། འདི་སྐབས་ཀྱི་བར་ཐག་ནི་ས་ངོས་ཀྱི་ལེ་དབར་ལ་ཟེར་གྱི་མེད་པ་ཤོད་ཅི་དགོས། རྒྱ་གུང་ཁྲན་པའི་སྲིད་ཏང་མགོ་པ་ཧུའུ་ཅིང་ཐའོ་ཡིས་བོད་མི་དམར་གསོད་བཏང་བའི་ལག་རྗེས་ལ་བརྟེན་ནས། ཀྲུང་ནན་ཧའེ་གཙོ་བདག་ལ་གྱུར་པ་རེད། དེས་ན། དྲག་རྩུབ་སྲིད་གཞུང་འོག་འཚོ་སྡོད་བྱེད་མཁན་མི་སེར་ངོས་ནས་བཤད་ན། དམར་གསོད་ཟེར་བ་གནམ་མཐར་ཡོད་ལ། མིག་མདུན་ལ་ཡང་ཡོད།
༢༠༡༢ ༡༠ ༢༤ ལ།
རེད་རེད། ཡག་པོ་བཤད་འདུག
ཀྱེ། འཛམ་གླིང་ལྷ་མི་ཚང་མས་གཟིགས་ཤིག
པའི་གཏན་ཚིགས་ནི།
མི་དམངས་རྣམས་ཀྱིས་སོ་སོའི་སྲིད་གཞུང་ལ་ཞི་བའི་རེ་འབོད་བྱེད་དུས།
སྒེར་གཅོད་དབང་འཛིན་པས།
མཚོན་ཆ་མེད་པའི་མི་དམངས་ཀྱི་སྐད་འབོད་ལ་གོ་མཚོན་སྤྱོད་ནས་དམར་གསོད་བྱེད་ཆོག་ལ།
དེ་ནི་གསར་བརྗེ་ལ་ངོ་རྒོལ་བྱེད་མཁན་ཞོད་འཇགས་བཏང་བ་རེད་ཟེར།
དེས་ན་ང་ཚོས་ངེས་པར་དུ་་ངན་དགུ་ཚང་བའི་རྒྱ་དམར་གུང་ཁྲན་མྱུར་དུ་རྩ་མེད་མཐའ་རྫོགས་བཏང་ཐུབ་པ་བྱེད་དགོས།
སེམས་ཡོད་རྒྱ་མི་ཞིག་རེད་འདུག ཐུགས་རྗེ་ཆེ།
རྩོམ་ཡིག་དཔེ་ཡག་པོ་ཞིག་མཐོང་བ་དེས་སེམས་ཚོར་དྲོ་པོར་བྱུང་།
རྩོམ་པ་པོ་དང་བསྒྱུར་བ་པོ་གཉིས་ལ་ཐུགས་རྗེ་ཆེ།
དྲ་ལམ་གཞན་དག་ཏུ་བསྒྱུར་རྩོམ་འདི་འདྲའི་རིགས་མི་འགོད་པ་ནི་ཡིད་སྐྱོ་བའི་གནས་རེད།
བོད་རིགས་ལ་རྒྱབ་སྐྱོར་བྱེད་མཁན་མེད་ཐག་ཆོད་རེད།