རང་བསྲེག་ལས་འགུལ་གྱི་རང་བཞིན་ལ་དགྲ་གཉེན་གཉིས་ཀས་ལོག་འགྲེལ་བྱེད་པ་འདིས་ལས་འགུལ་གྱི་རྩ་བའི་ཁ་ཕྱོགས་ནུས་མེད་དུ་བཏང་བ་རེད།
༡ ལོག་འགྲེལ་དང་པོ། དགྲ་བོའི་ལོག་འགྲེལ།
རྒྱ་དམར་གཞུང་གིས་རང་བསྲེག་གཏོང་མཁན་ཚོ་ནི་”སྒེར་གྱི་འཚོ་བའི་དཀའ་ངལ་ལ་བརྟེན་ནས་རང་བསྲེག་བྱས་”པར་ལོག་འགྲེལ་བྱས་ནས་རྒྱ་མི་རིགས་ལ་བསླུ་བྲིད་བཏང་དང་གཏོང་བཞིན་ཡོད་ལ། རྩ་བའི་ཆ་ནས་ཁོང་ཚོའི་བསླུ་བྲིད་དེས་སྐབས་བབ་ཀྱི་དགོས་མཁོ་སྒྲུབ་ཀྱིན་ཡོད། དེ་བས། རྒྱ་དམར་གཞུང་གིས་དུས་ནམ་ཡིན་རུང་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཞིག་གང་ནས་ཅི་ཞིག་བྱུང་རུང་། དེ་ནི་གྲངས་ཉུང་མི་རིགས་བྱེ་བྲག་པ་དེའི་ནང་ཁུལ་གྱི་རྙོག་འཛིང་ངམ། ཡང་ན་གྲངས་ཉུང་མི་རིགས་ཁག་གིས་རྒྱ་མི་རིགས་ལ་སྡང་སེམས་མཚོན་གྱིན་པར་འགྲེལ་གང་ཐུབ་བྱེད་ཀྱིན་ཡོད། ༢༠༠༨ ཀྱི་ཆོལ་གསུམ་གྱེན་ལངས་ཆེན་མོ་ཡང་ཁོང་ཚོས་འདི་ལྟར་ལོག་འགྲེལ་དང་ལོག་ལམ་དུ་འཁྲིད་གང་ཐུབ་བྱས་ནས་རྒྱ་དམར་གཞུང་ལ་རྒྱ་མི་རིགས་ཀྱི་བསམ་བློའི་རྒྱབ་སྐྱོར་ཐོབ་ཡོད་པས། གྱོང་རག་མཁན་སྔར་བཞིན་ང་ཚོ་རང་ཉིད་ཆགས་ཡོད། འདི་ནི་དགྲ་བོའི་ཕྱོགས་ཀྱི་ལོག་འགྲེལ་གྱིས་ང་ཚོའི་འཐབ་རྩོད་ནུས་མེད་དུ་བཟོ་བའི་བརྒྱུད་རིམ་མམ་བྱེད་ཐབས་གཅིག་རེད།
༢ ལོག་འགྲེལ་གཉིས་པ། རང་ཕྱོགས་ཀྱི་ལོག་འགྲེལ།
ང་ཚོ་རང་ཉིད་ཀྱི་སྤྱི་ཚོགས་སུ་མཚོན་ན་ཡང་། རང་བསྲེག་ལས་འགུལ་འདིར་རྒྱབ་སྐྱོར་དང་དགག་པ་བྱེད་མཁན་གྱི་སྡེ་གཉིས་བྱུང་ཡོད། ཕན་ཚུན་ཕྱོགས་གཉིས་ཀའི་བསམ་འཆར་ལ་ཞིབ་ཏུ་ཉན་རྗེས། ང་ཚོས་ཀྱང་བོད་ནང་གི་རང་བསྲེག་ལས་འགུལ་ལ་ལོག་འགྲེལ་བྱེད་ཀྱིན་འདུག་སྙམ་པའི་བློ་གཡེང་འདི་བྱུང་། དེ་བས། ཉིན་ཤས་གོང་ངས་ནིའུ་ཡོག་ཁུལ་སྡོད་བོད་མི་ལྔ་བརྒྱར་བཅར་འདྲི་ཞིག་བྱེད་རྒྱུའི་གྲ་སྒྲིག་བྱས་པ་ཡིན། ཐོག་མའི་ཚོད་ལྟའི་ཚུལ་དུ་ངས་དྲི་ཤོག་བཅུ་ཐམས་པ་བཀྲམས་ནས་བོད་ནས་ཐད་ཀར་ཨ་རིར་ཡོང་མཁན་དང་། བོད་ནང་དུ་སྐྱེས་ཤིང་རྒྱ་གར་དུ་སློབ་སྦྱོང་བྱས་རྗེས་ཨ་རིར་འབྱོར་བ། རྒྱ་གར་དུ་སྐྱེས་ཤིང་ཨ་རིར་འབྱོར་བསྡད་པ་བཅས་སྡེ་ཁག་གསུམ་ལ་བཅར་འདྲི་བྱས་པ་ཡིན། (རྩ་བའི་ཆ་ནས་སྡེ་ཚན་འདི་གསུམ་པོ་ཨ་རིར་གཏན་སྡོད་བྱེད་མཁན་ཡིན།) བཅར་འདྲིའི་གྲུབ་དོན་དང་ངའི་སྔོན་དཔག་གཉིས་ཡོངས་སུ་མཐུན་སོང་། དེ་ནི། བོད་མི་བཅུ་ཆའི་བརྒྱད་ཀྱིས་བོད་མིའི་རང་བསྲེག་ལས་འགུལ་ལ་ཊུནིཞིཡཱའི་མི་གཅིག་གིས་རང་བསྲེག་བྱས་རྗེས་ཀྱི་གྲུབ་འབྲས་ལྟ་བུ་ཞིག་མ་ཐོན་པ་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་མེད་སོང་བས་རེད་ཟེར། འདི་ནི་ངས་སྔོན་དུ་བཤད་པའི་ལོག་འགྲེལ་ཟེར་བ་དེ་རེད།
བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པ་ཚོགས་པ། མི་སྒེར་རེ་རེའི་ངོས་ནས་བོད་ནང་གི་བོད་མིའི་རང་བསྲེག་ལས་འགུལ་ལ་འདི་ལྟར་ལོག་འགྲེལ་རྒྱག་གང་ཐུབ་བྱེད་ཀྱིན་པའི་རྒྱུ་མཚན་གཙོ་བོ་ཅི་ཞིག་ཡིན་ནམ།
རྒྱ་ནག་གིས་ལོག་འགྲེལ་བྱེད་དོན་ནི་ཁོང་ཚོར་དེའི་ཐད་འགན་འཁྲི་མེད་པའི་རྣམ་པ་སྟོན་ཐབས་དང་། རྒྱ་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་གཞན་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་ཡིན་ན། ང་ཚོས་ལོག་འགྲེལ་བྱེད་དོན་ཅི་ཞིག་ཡིན་ནམ། ངས་བལྟས་ན་དེ་ནི་འགན་འཁྲི་ལ་གཡོལ་ཐབས་ཁོ་ནའི་ཆེད་དུ་རེད།
བོད་མིའི་རང་བསྲེག་ལས་འགུལ་འགོ་མ་ཚུགས་པའི་ཡར་སྔོན་དུ་ང་ཚོས་”ང་ཚོ་ནི་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་དང་། ཆབ་སྲིད་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་” ཡིན་ལུགས་ཕྱི་ནང་གཉིས་ཀར་བསྒྲགས་པ་རེད། ཡིན་ན་ཡང་། ལས་འགུལ་འདིའི་རྗེས་སུ་ང་ཚོས་མགྲིན་གཅིག་ཏུ་”བོད་ནང་གི་བོད་མི་ཚོས་ང་ཚོའི་ཆབ་སྲིད་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་ཡིན་” ལུགས་སྒྲོག་གིན་འདུག
ངས་བལྟས་ན། བོད་ནང་གི་བོད་མི་ཚོས་རང་བསྲེག་གིས་(༡)རྒྱ་དམར་གྱི་ཚུལ་མཐུན་མ་ཡིན་པའི་བཙན་བཟུང་དང་དྲང་བདེན་མེད་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་པ་དང་། (༢)བོད་ཡུལ་ཆོལ་ཁ་གསུམ་ན་ཡོད་པའི་བོད་མི་སྤྱི་དང་། ཁྱད་པར་དུ་ཡང་རང་དབང་ལུང་པར་ཡོད་པའི་བོད་མི་ཚོར། ”རྒྱ་དམར་པོའི་འོག་ཏུ་འཚོ་བ་ནི་གསོན་བསྲེག་བྱེད་པའི་གནས་བབ་འདི་དང་འདྲ་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཡར་ལ་ལོངས་ཤོག” ཅེས་སྐུལ་འདེད་བྱེད་པ་ཡིན་ལ། དེ་བཞིན་དུ། (༣)རྒྱ་མི་རིགས་གཙོ་བོར་གྱུར་བའི་གུང་བྲན་ཏང་གི་འོག་ཏུ་བཙན་དབང་ཁོ་ནས་འཚོ་བཞིན་པའི་མི་མང་དུང་ཕྱིར་མང་པོར་གཉིད་ལས་སད་དགོས་པའི་སྐུལ་འདེད་བྱས་པ་ཞིག་ལས། ཁྱིམ་ལ་ཇག་པ་སླེབས་དུས་ནང་མི་གཉིད་ལས་མ་དཀྲོགས་པར་ཕྱིའི་རྒྱལ་ཁབ་ཅིག་གི་རོགས་རམ་ཆེད་དུ་ཕྱི་ལ་རྒྱུུགས་ནས་སྐད་འབོད་བྱེད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གཏོང་བ་ཁོ་ནར་གོ་བ་ནི་ངོ་གནོང་དགོས་པའི་བྱ་སྤྱོད་ཅིག་རེད།
བོད་མི་དགུ་བཅུ་གོ་གཉིས་ཀྱི་ཚེ་སྲོག་མེ་རུ་བསྒྲོན་པ་འདིར་མར་མེ་ཁྲོམ་སྐོར་ཐེངས་དགུ་བཅུ་གོ་གཉིས་དང་། གདུང་སེམས་མཉམ་བསྐྱེད་ཐེངས་དགུ་བཅུ་གོ་གཉིས། བསྔོ་བ་སྨོན་ལམ་ཐེངས་དགུ་བཅུ་གོ་གཉིས་བཅས་ལས་གཞན་ཆེན་པོ་ཞིག་ཐོན་མེད་པའི་རྒྱུ་མཚན་གཙོ་བོ་ནི། ང་ཚོས་རང་ཉིད་ལ་སྟབས་བདེ་བའི་ཆེད་དུ་ལས་འགུལ་འདིར་ལོག་འགྲེལ་རྒྱག་གང་ཐུབ་བྱས་དང་བྱེད་ཀྱིན་པ་འདིས་ཡིན་པ་ལས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ངན་ཁག་དཀྲུ་རྒྱུ་མེད་དོ།
ཊུནིཞིཡཱའི་མི་གཅིག་གིས་རང་ལུས་མེར་བསྲེག་ནས་སྲིད་དབང་གཅིག་སྡུད་ལམ་ལུགས་ལ་ངོ་རྒོལ་བྱས་པ་དེས། ཊུནིཞིཡཱའི་མི་མང་ཁྲི་སྟོང་མང་པོར་སྐུལ་མ་ཐེབས་པ་དང་དུས་མཚུངས་སུ་མི་མང་སྡེབ་ལངས་ཀྱིས་འཐབ་རྩོད་ཀྱི་རྒྱུན་བསྐྱངས་ནས་སྲིད་དབང་མགོ་རྟིང་སློག་པ་ལས། ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲད་ནས་བྱུང་བ་ཞིག་མ་རེད།
ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རིའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་རྒྱུར་རེ་བ་ནི། ཇག་པས་འཕྲོག་པའི་ཇ་དངོས་རྐུན་མར་རེ་ནས་ལོན་ཐབས་བྱེད་པ་དང་འདྲ་བ་ལས། ཚེ་སྲོག་གིས་འབོད་སྐུལ་གཏོང་ཆོག་པའི་རྒྱབ་རི་བཙན་པོ་བློས་འགེལ་ཆོག་པ་ཞིག་མིན་པ་འདི་ཚང་མས་ཤེས་དགོས། རྒྱ་ནག་མང་གཙོ་ཅན་དུ་གྱུར་ནས། ཚོང་ལས་དང་དམག་དོན་ཡོངས་སུ་རྫོགས་པ་འཐུས་མི་ཁྲི་ཕྲག་ཁ་ཤས་ཀྱི་ཐག་གཅོད་ལ་རག་ལས་དུས། ཨ་རིའི་དཔལ་འབྱོར་བསྡུ་འགོད་ཐད་ལ་ད་ལྟའི་སྟབས་བདེ་འདི་འདྲ་ཞིག་མི་ཡོང་བ་ཁོང་ཚོས་ཤེས་ཡོད་པ་རེད། རྒྱ་ནག་གི་འགྲོ་གྲོན་ཆུང་བའི་ལས་མི་ས་ཡ་མང་པོ་བཀོལ་སྤྱོད་ལས་སླ་བོའི་སྒོ་ནས་བྱེད་པ་ལ་ད་ལྟ་ཁོང་ཚོས་དམར་ཕྱོགས་འགོ་ཁྲིད་བཅུ་གྲངས་ཤིག་དགའ་རུ་བཅུག་ན་དེ་གས་འཐུས་ཡོད་པས། ཐབ་ཚ་བོ་འདི་ཞིག་འདོད་ཀྱི་བསམ་པ་ཞིག་ཨ་རིར་འཁོར་ཁག་པོ་ཡིན་པ་འདི་རྒྱལ་སྤྱིའི་ཆབ་སྲིད་དང་ཚོང་ལས་ཀྱི་རྒྱུན་ཤེས་ཤིག་རེད།
མདོར་དྲིལ་ན། བོད་ནང་གི་བོད་མིས་རང་ལུས་མེར་བསྲེག་གཏོང་བཞིན་པ་འདིས། ཁྱོད་དང་ང་གཉིས་ལ་ཡང་”རང་སྲིད་རང་སྐྱོང་”དང་”རང་བཙན་” གང་ལེགས་ཀྱི་ཁ་སྟོང་ནང་གི་ཚིག་སྟོང་དེ་མུར་ནས་མ་སྡོད་པར། ལུས་སེམས་གཉིས་ཀ་བོད་ལ་འཁོར་ཡོད་ན་རྐང་ལག་གཉིས་ཀ་ས་ལ་བཙུགས་ནས་ཡིན་རུང་རང་ཡུལ་ལ་ཁ་ཕྱོགས་དགོས་པའི་འབོད་པ་གཏོང་གིན་ཡོད་པས། དེ་ཉིད་དེ་བཞིན་དུ་གོ་བར་རིགས་སོ། །
གུས་པས་བོད་མིའི་ཚེ་སྲོག་གིས་གླེང་བཞིན་པའི་གནད་དོན་ལས་འཕྲོས་པའི་བསམ་ཚུལ་ཞིག khabdha@gmail.com ཐོག་བསྐུར་ཡོད་པ་དེ་འགོད་གནང་ཡོད་པ་ཞུ།
དེའི་ནང་ཁས་ལེན་རུང་བ་དང་ངོས་ལེན་རུང་བ་ཡང་མང་པོ་བྲིས་འདུག་མོད། རང་སྲེག་ལ་སྒྲུབ་དོན་མེད་པ་བཤད་པ་ནི་ཁས་ལེན་མི་རུང་བ་དང་ངོས་ལེན་མི་རུང་བ་རེད། གང་ཡིན་ཞེ་ན། དང་པོ་དགྲ་ཕྱོགས་ནས་བསམ་ན་ཁ་ནས་བཤད་མ་བཤད་གང་ཡིན་རུང་རང་སྲེག་གི་ལས་འགུལ་དེ་དཀའ་ངལ་ཆེ་ཤོས་དང་ཉེན་ཁ་ཆེ་ཤོས་སུ་འགྱུར་བཞིན་ཡོད་པ་དང་། འཇམ་རྩུབ་གཉིས་ཀ། མངོན་ལྐོག་གཉིས་ཀ་སྒོ་ནས་འགོག་ཐབས་བྱེད་ཀྱི་ཡོད་པ་རེད། རང་ཕྱོགས་ནས་བསམ་ན་བོད་མི་ཡོངས་རྫོགས་ཀྱི་སེམས་ནང་བརྗེད་མི་སྲིད་པའི་ལོ་རྒྱུས་ཤིག་བཀོད་ཡོད་པ་དང་། ཁོང་དཔའ་བོ་རྣམས་པའི་ཞལ་ཆེམས་ལྟར་ནང་འཁྲུགས་དང་ནང་དམེ་མི་བྱེད་པའི་དམ་བཅའ་བཞག་མཁན་ཉིན་རེ་ནས་ཉིན་རེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་ལྟ་བུའི་སྤྱི་བསྒྲིལ་ནི་བོད་མིའི་ཐབས་རྩོད་ཀྱི་སྟོབས་ཤུགས་ཀྱི་གཞི་རྩ་ཡིན་པ་དང་། ཕྱི་ཕྱོགས་ལ་བསམ་ན་བོད་མིའི་སྙིངས་སྟོབས་དང་ཆོད་སེམས་གང་འདྲ་ཡོད་པ་ཤེས་ཐུབ་པ་མ་ཚད། བོད་མིའི་དཀའ་ངལ་ངོ་མ་ཤེས་ཐུབ་པ་བྱུང་ཡོད། གང་ལྟར་གྲུབ་འབྲས་མཐར་ཐུག་ད་ལྟའི་བར་བྱུང་མེད་ནའང་དེ་སྔོན་གྱི་ལས་འགུལ་གང་ལས་ཀྱང་ལྷག་པའི་ནུས་པ་དང་གྲུབ་འབྲས་ཐོན་ཡོད།
གྲུབ་འབྲས་མེད་དོན་ནི། ད་ལྟའི་བཀའ་ཤག་གི་བཀའ་བློན་ནམ་སྲིད་སྐྱོང་ལ་ནུས་པ་དང་གཅིག བོད་མི་དམངས་ལ་སེམས་སྙིང་ནས་ཤ་ཚ་མེད་པ་དང་གཉིས། ཁ་བཤད་བུ་ཡི་སྦུ་བ་དང་ལག་ལེན་གསེར་གྱིས་ཐིག་པ་གསུམ་གྱི་སྒོ་ནས་ངེད་ཚོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་རྩམ་གྱི་སྐུ་སྲོག་འཕངས་མེད་དུ་བཏང་ན་ཡང་གྲུབ་འབྲས་མེད་དོན་ནི་དེ་གསུམ་གྱི་རྐྱེན་པས་སོ།
ཉེས་པ་ཡོད་ཚད་སྲིད་སྐྱོང་གི་མགོ་ལ་གཡུག་ཐབས་བྱེད་པ་ནི་རང་ཉིད་བོང་བུ་ཞིག་ཡིན་པའི་བརྡ་ཙམ་བསྟན་པ་ལས་གཞན་ཅི་ཡང་མ་རེད།