གཉན་གཡག་ཕྲུག
༄༅།། འདས་པའི་ལོ་ཟླའི་དུས་ཚོད་ནང་བོད་དོན་ལས་འགུལ་གྱི་མེ་ལྕེ་མདོ་དབུས་ཁམ་གསུམ་དུ་ཁྱབ
པ་དང་ཆབ་གཅིག་ཏུ་བོད་ཕྱི་ཕྱོགས་སུ་ཡོད་པའི་བོད་ཀྱི་སྲིད་དོན་པ་དང་། གསར་འགོད་པ། ད་དུང་གསར་འགྱུར་བཤད་མཁན་སོགས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་བོད་དོན་དྲིལ་བསྒྲགས་དང་། ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཀྱིས་བོད་མིའི་ལར་ཞེན་གཙོ་བོར་བཟུང་
རང་རང་གིས་ནུས་ཤུགས་གང་ཡོད་ཀྱིས་འབད་བརྩོན་ཞུ་བཞིན་འདུག་ཀྱང་། ངོས་རང་ལ་ཡིད་མ་མཚིམས་པའི་ཚོར་སྣང་ཞིག་ཡོད་པ་ནི་བོད་སྐད་ཐ་སྙད་ལ་རྨོངས་པའི་གོང་གསལ་མཚན་པ་དེ་དག་གི་བོད་སྐད་བཤོད་པའི་སྐབས་ཐ་སྙད་བེད་སྤྱོད་བྱེད་དུས་གོ་རིམ་མེད་པ་དང་། མཐོ་དམན་གྱི་ཁྱད་པར་མེད་པ། ཕལ་སྐད་དང་ཞེ་སའི་ཁྱད་པར་མེད་པར་གང་དྲན་བེད་སྤྱོད་
བྱེད་པ་དང་། ཐ་ན་སྲིད་དོན་གྱི་སྐད་ཆ་བཤོད་སྐབས་གནད་འགག་ཆེ་ཆུང་དང་ཛ་དྲག་ཡོད་མེད་
ཀྱི་ཁྱད་པར་གང་ཡང་མེད་པར་ཐ་སྙད་གཅིག་ཁོ་ན་བེད་སྤྱོད་བྱས་པ་དེས་བོད་མི་དམངས་ཀྱི་
ཡིད་ལ་བབ་པའི་དོན་གནད་འཁེལ་བའི་མིང་ཚིག་ཞིག་མེད་ལ་སྐབས་རེ་དགྲ་དང་རང་ཕྱོགས
བར་གྱི་མིང་ཚིག་གཉིས་གཅིག་ཏུ་བྱས་ནས་བྱེད་སྒྲ་དང་། འབྲེལ་སྒྲའི་སྒྲ་གདངས་གསལ་པོ་མེད་པ་
མ་ཟད་བོད་སྐད་གཙང་མ་ཞིག་བཤོད་ཁུལ་ཡང་དེའི་ནང་རྒྱ་གར་གྱི་སྐད་དང་། འབྲུག་པའི་སྐད་སོགས་མཉམ་སྤྱོད་བྱེད་པའི་ལང་ཤོར་དེར་སྒྱུར་བ་ཞིག་ངེས་པར་དུ་གཏོང་རྒྱུར་
འབད་བརྩོན་བྱེད་དགོས།།
དེ་ཡང་སྲིད་དོན་པ་ཚོས་རྟག་ཏུ་བེད་སྤྱོད་བྱེད་བཞིན་པའི་རྒྱ་ནག་གཞུང་གི་༼མཁྲེག་འཛིན་གྱི་སྲིད་
ཇུས་༽ ཟེར་བ་དང་། ༼རྒྱ་ནག་ལ་བརྡ་ལན་གསལ་པོ་༽ འདི་གཉིས་གཅིག་པུ་མ་གཏོགས་བེད་སྤྱོད་
བྱེད་ཀྱི་ཤེས་ཀྱི་མེད་པ་རེད་དམ། འོ་ན་རྒྱ་མི་གུང་ཁྲན་གྱི་གདུག་རྩུབ་དང་། གཉའ་གནོན། དབང་ཡོད་སོགས་དང་།
རྒྱ་ནག་གཞུང་ལ་ར་སྤྲོད་གསལ་པོ། ཁུངས་སྐྱེལ་ཡང་དག་པ། བདེན་པའི་དང་རྟགས་ཟེར་བ་སོགས་ཀྱི་མིང་ཚིག་གཟབ་གནད་ཅན་དེ་ཚོ་ཚིག་མཛོད་ནང་དུ་
སྒྲིགས་པ་ཙམ་ཡིན་ནམ།
ད་དུང་ཁྱེད་ཚོས་རྟག་ཏུ་བེད་སྤྱོད་བྱེད་པའི་གདུང་སེམས་མཉམ་སྐྱེས་ཟེར་བའི་མིང་ཚིག་འདིའི་གོ་
དོན་ཡང་སྤྱིར་བཏང་གུད་ཆགས་བྱུང་བའི་རིགས་ལ་གོ་བ་ཙམ་ལས་ཤིན་ཏུ་རླབས་ཆེ་བའི་རང་སྲོག་བློས་གཏོང་མཁན་ལ་གོ་བ་ནི་གནད་འགག་ཆུང་བའི་སྐྱོན་དུ་མཐོང་བས་ན་དེའི་ཚབ་ཏུ་༼གདུང་ཤུགས་གཅིག་སྒྲིལ་དང་། མྱ་ངན་གུས་འདུད།༽ སོགས་ཚིག་དོན་གཟབ་ཅིང་ནུས་པ་ཆེ་བ་མི་འདུག་གམ།
ད་དུང་༼ཁོ་པ་༽ ཟེར་བའི་མིང་ཚིག་འདི་ཡང་མི་ཉེས་ཅན་ལ་གོ་བ་ལས་བྱས་རྗེས་ཅན་གྱི་དཔའ་བོར
བེད་སྤྱོད་གཏོང་རྒྱུ་མེད།
ཕྱི་ཟླ་དང་ཕྱི་ཚེས་ཟེར་རྒྱུར་༼ཏ་རེག༽ དང་། ང་ཚོའི། ཁོང་ཚོའི། ཅེས་ཟེར་རྒྱུར་ང་ཚོ་གི་དང་།
ཁོང་ཚོ་གི་ཟེར་བ་སོགས་ར་མ་ལུག་བོད་སྐད་ཀྱི་བརྡ་དག་དང་ཡོངས་སུ་འགལ་བས་དེ་ཚོ་བོད་སྐད་ནང་དུ་མཉམ་སྤྱོད་བྱེད་རྒྱུ་མེད།
དེས་མ་ཚད་དེང་སྐབས་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ངོ་རྒོལ་དེར།
རང་ལུས་༼མེར་སྲེགས་ཀྱི་དོན་རྐྱེན་༽ ཅེས་བེད་སྤྱོད་གཏོང་ཤག་ཤག་གིས་ཚིག་དོན་འགལ་བར་
འགྱུར་བའི་ནོར་འཁྲུལ་ཞིག་དར་ཡོང་གི་འདུག ། དེ་ཡང་དོན་རྐྱེན་ཟེར་བ་ནི་མི་གཞན་ནམ་ཚོགས་
སྡེ་ཆེ་ཆུང་ལ་གནོད་འཚེ་འམ། བརྡབ་སིག་གཏོང་བའི་བྱེད་སྟངས་ནོར་འཁྲུལ་ཅན་ཞིག་ལ་
གོ་དགོས་པ་ལས། གཞན་ལ་ཏིལ་འབྲུ་ཙམ་ཡང་གནོད་འཚེ་མེད་པར་རང་ཉིད་བློས་གཏོང་བའི་
ངོ་རྒོལ་ལ་གོ་བ་མ་ཡིན་པས་ན་ཚང་མས་༼རང་ལུས་མེར་སྲེག་གིས་ངོ་རྒོལ་ལས་འགུལ༽ཅེས་པ་ལས
རང་ལུས་དོན་རྐྱེན་ཟེར་བ་འདི་ནམ་ཡང་བེད་སྤྱོད་མ་གཏང་ན་ལེགས་པར་མངོན།
ཡང་ཉེ་འཆར་ཨ་རིའི་སྲིད་འཛིན་ཨོའོ་སྦ་མའ་སླར་ཡང་སྲིད་འཛིན་དུ་གདམ་ཐོན་བྱུང་བར་སྲིད་སྐྱོང་མཆོག་ནས་འཚམས་འདྲིའི་ཡི་གེ་ཞིག་ཕུལ་འདུག་པར་གསར་འགོད་གསལ་བསྒྲགས་སྐབས་སུ་
སྲིད་སྐྱོངས་མཆོག་ནས་ངས་ཨོའོ་སྦ་མར་༼འཚམས་འདྲི་ཕུལ་ཞག་ཡོད་༽ཅེས་དང་། ཡང་ཉེ་ལམ་༧གོང་ས་མཆོག་ཉི་ཧོང་ལ་ཆིབས་སྒྱུར་སྐབས་ནོར་ཝེའི་གློག་ཕྲིན་ཁང་ནས་སྐབས་དེའི་
འབྲེལ་ཡོད་མི་སྣ་དོན་གཅོད་ཀྱི་ལས་བྱེད་ཞིག་ལ་བཅར་འདྲི་སྐབས་ཁོང་ནས་ཕེབས་གྲ་སྒྲིགས་ཡོད་
ཅེས་བརྗོད་རྒྱུར་༼གྲ་སྒྲིགས་ཞུས་ཞག་ཡོད་༽ཅེས་བརྗོད་སོང་། དེ་དང་དེ་ལྟབུ་གོ་མི་བདེ་བའི་ཕལ་
སྐད་ལྟ་བུ་དེ་འདྲ་རེད།
སྔོན་ཆད་ཡིན་ན་ང་ཚོར་ལག་པ་ཕྱིས་ས་ལྟ་བུ་ཡོད་པ་ནི་སྐུ་དྲག་ཚོས་མ་འཇོན་པ་དང་། དེང་དུས་ཤེས་ཡོན་མེད་པས་ཕུང་སོ་ཟེར་ན་དེ་ག་ཡིན་ཤག་བྱེད་པ་རེད། འོན་ཀྱང་ད་ལྟ་
དེ་འདྲ་མ་ཡིན་པས་ན་གཞན་ལ་ཁག་དཀྲི་བྱེད་ས་མེད་པས་དེ་ཚོ་ཚང་མ་ང་ཚོས་རང་མི་
རིག་གི་སྐད་ཡིག་ལ་དོ་སྣང་མེད་པ་དང་། ཆེ་མཐོང་གིས་སྦྱང་བརྩོན་མེད་པའི་སྐྱོན་ཆ་
ཡིན་པས་ན་ད་ནས་བཟུང་དེ་དག་ལེགས་བཅོས་ཡོང་ཕྱིར་སྲིད་ཀྱི་བྱ་བར་ཞུགས་པའི་ལས་ཀྱི་སྣེ་མོ་
ཚོ་དང་། གསར་འགོད་པ་། དེ་བཞིན་གསར་འགྱུར་བཤད་མཁན་དོ་བདག་སོོ་སོར་ངེས་པར་དུ་
ཉིན་རེ་ཆུ་ཚོད་གཅིག་རིང་བོད་སྐད་དང་། བོད་ཡིག་གི་གཟབ་སྦྱོང་འཛིན་གྲ་ཞིག་དགོས་པས་
དེ་དོན་ལག་བསྟར་ཐུབ་ན་ད་གཟོད་བྱིས་པ་ལོ་བརྒྱད་ལྟ་བུའི་བོད་སྐད་ཁྱ་རེ་ཁྱོ་རེ་དེ་རང་མགོ་ཐོན་ངེས་ཞིག་ཡོང་ངེས་ལགས་སོ།། །།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ལ་ལྟ་བའི་མེ་ལོང་དགོས། །
གསར་འགྱུར་བཤད་མཁན། དང་། གསར་འགྱུར་ཤོད་མཁན་གཉིས་གང་ཐད་དམ།
བརྡ་སྤྲོད་པའི་འགྲོས་དང་བསྟུན་ན་ཤོད་འཐད། ཁ་སྐད་དང་བསྟུན་ན་བཤད་འཐད།
གཞན་ལ་གཅིག་བཤད་ཀྱིན་བཤད་ཀྱིན་རང་ཉིད་ཀྱི་ངོ་གདོང་ལ་ངེས་པར་དུ་བལྟ་དགོས་པ་ནི་གནད་ཀྱི་དོན་པོ་ལགས། དག་ནོར་དང་བཏགས་ནོར་སོགས་བརྡ་སྤྲོད་འཇུག་པ་ཀུན་ལ་མི་བདེ་བའི་རིགས་ལ་གཟབ་ཙམ་བགྱིས།
གཉན་གཡག་ཕྲུག་གི་བྲིས་པ་དེ་དངོས་གནས་རེད་ ཡིན་ནའི་ཁོང་ཚོས་མཁས་ལེན་བྱེད་ཀྱི་མ་རེད་ལ་ ཁོང་ཚོའི་དབུ་ཁྲིད་ལའང་དེ་རྩམ་དོ་སྣང་མིན་འདུག་ རྩ་བའི་ཕྱི་ལ་ཚར་ལོངས་བྱུང་བའི་བོད་པ་མང་ཆེ་བས་སྐད་ཆ་ཤོད་སྐབས་བྱེད་སྒྲ་དང་འབྲེལ་སྒྲ་གཉིས་རྩེག་གསུམ་རྩེག་རྒྱབ་ཙང་ ཐོག་མར་ཧ་ཅང་གོ་མ་བདེ་བ་ཞིག་འདུག་ ཡིན་ནའི་བཤད་མཁན་ཁོང་ཚོ་ལས་མེད་པས་གང་བྱེད་ ལྷག་པར་དུ་གསུང་བཤད་གནང་ཡང་འདྲ་གསར་འགྱུར་བཤད་ནའང་འདྲ་སྐད་ཆ་གཏོང་པ་ནང་དོན་ལ་བསམ་བློ་གཏང་ཀྱང་་གོ་ཡས་མེད་པ་དེ་འདྲ་མང་པོ་བཤད་ཀྱི་འདུག་ དཔེར་ན་ཉེ་ཆར་སྲིད་སྐྱོང་དང་སྤྱི་མཐུས་ ཨེ་རླུངས་ ཨ་རླུངས་ ནོར་རླུངས་ཚང་མས་ ཉིན་བརྒྱ་དུས་གཅིག་ ཞེས་པའི་ཚིག་ཞིག་བེད་སྤྱོད་མང་པོ་བྱེད་ཀྱི་འདུག་པས་བསམ་བློ་ག་ཚོད་གཏང་ཀྱང་ ཉིན་མ་བརྒྱ་ལ་དུས་ཚོད་གཅིག་ཡོང་ཡས་རྩ་བ་ནས་མིན་འདུག་པས་དེའི་སྐོར་ལ་རླུངས་འཕྲིན་ཁང་ཚོས་འབྲེལ་བཤད་ཞིག་རྒྱབ་ན་མ་ཏོག་བོད་པ་དང་་རྒྱ་མི་ཚང་མ་ཐོམ་པ་བཟོས་སོང་ ་
བརྡ་སྤྲོད་པའི་འགྲོས་དང་བསྟུན་ན་ཤོད་འཐད་ན། ཤོད་མཁན་ལས། བཤད་མཁན་འབྲི་ལབ་གཉིས་ཀ་རྩ་གཏོར་གཏོང་དགོས་རེད་དོ། དྲ་གྲོགས་ཚོ། བོད་རིགས་སྤྱི་སྐད་དར་རྒྱས་ཤོག །
གཡག་ཕྲུག་གི་སྐད་ཆ་བདེན་པ་རེད། དེང་སང་གི་སྲིད་དོན་པ་དང་གསར་འགོད་པ་ཚོས་གསར་འགྱུར་བསྒྲགས་དུས་དང་གཏམ་བཤད་གནང་དུས། ཡང་ན་བགྲོ་གླེང་གྲོས་བསྡུར་དང་དྲི་བ་དྲིས་ལན་སོགས་གང་ཞིག་བྱས་ཀྱང་། ཚིག་དོན་འབྱོར་བོ་དང་། ཚིག་སྦྱོར་བདེ་བོ། གོ་སླ་བ་དང་། ཡིད་ལ་འཇུག་པ། མགོ་མཇུག་ཚང་བ། གོང་འོག་མཐུན་པ། རྒྱས་བསྡུས་རན་པ། ཆད་ལྷག་མེད་པ།དཀྱུས་གཅིག་ཏུ་འབབ་པ། གནད་ལ་འཁེལ་བ། དམིགས་འབེན་ལ་གཟོས་པ། སྐབས་སུ་བབས་པ་སོགས་ཀྱི་ཁྱད་ཆོས་ཚང་བའི་གཏམ་བཤད་དང་བགྲོ་གླེང་གནང་ཐུབ་མཁན་དཀོན་པོ་རེད་བསམ། གསར་འགྱུར་ལས་རིགས་པ་དང་དུས་དེབ་ཚགས་ཤོག་སོགས་ཀྱང་དེ་དེ་བཞིན་དུ་སྐྱོན་གནད་ཡོད་པ་མང་བོ་མཐོང་མྱོང་། ཡིན་ནའང་རྣམ་པ་ཐམས་ཅད་དུ་དེ་འདྲ་མ་རེད། བཙན་བྱོལ་ནང་ན་དམིགས་དཔེར་འོས་པ་ཧོར་གཙང་འཇིགས་མེད་དང་། ཀླུ་མཁར་བྱམས། དོན་གྲུབ་ལྷ་དར་ལྟ་བུ་མི་ཉུང་བ་ཞིག་ཡོད་རེད་དེ་འདིར་ཐམས་ཅད་བརྩི་དགོས་པ་ཞིག་མ་རེད། ཧོར་འཇིགས་ཀྱི་གཏམ་བཤད་ལ་གནད་ལ་འཁེལ་བ་དང་ཡིད་ལ་འཇུག་བདེ་བའི་ཁྱད་ཆོས་བླ་ལྷག་ལྡན་པ་དང་། ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་ཉན་སྤྲོ་བ་དང་གོ་སླ་བ། སྐད་ཆའི་སྦྱོར་བ་བདེ་ཞིང་གནད་ལ་འབིགས་ཐུབ་པའི་ཁྱད་ཆོས་ལྡན་ཡོད། དོན་གྲུབ་ལྷ་དར་ཀྱི་གཏམ་བཤད་ལའང་གསོན་ཉམས་ཡོད་པ་དང་ཚོར་ཤུགས་ལྡན་པ། སྤོབས་པའི་ཁེངས་པ། ཐེ་ཚོམ་དང་འདང་རྒྱག་མེད་པར་ཆུ་ལོག་རྡོལ་བ་ལྟ་བུའི་རླབས་ཤུགས་ཆེ་བ། ཚིག་དོན་གྱི་ཆ་གང་ལའང་སྐྱོན་ལྷག་མེད་པར་སྐད་ཆའི་གོ་རིམ་ཡོད་པའི་འགན་ཁུར་རང་བཞིན་ཅན་གྱི་གཏམ་བཤད་ཡག་པོ་གནང་ཐུབ་མཁན་དེ་འདྲ་ཁ་ཤས་འདུག གཙོ་བོ་སོ་སོར་ཤེས་ཡོན་གྱི་རྨང་གཞི་ཡག་པོ་ཡོད་མེད་དང་། སྐད་ཡིག་གི་བྱང་རྩལ་ལ་རག་ལས་པ་ཞིག་རེད་སྙམ། །