སྲིད་འདིར་ཆེ་བ་ཚངས་དབང་ལྷ་ཡི་བདེ་འབྱོར་དག་ཀྱང་གཅིག་ཏུ་བརྟན་མིན་གཡོ་ཞིང་འགྱུར་བའི་འདུས་བྱས་ཀྱི།།
རང་མཚང་ཉིད་ལས་སྐྱོ་བས་ཡིད་དབྱུང་ཞི་བསིལ་དམ་ཆོས་ལེགས་གསུང་བཀའ་དང་དགོངས་འགྲེལ་དོན་གྱི་སྙིང་པོའི་བཅུད།།
ངེས་འབྱུང་ལམ་གྱི་སྲོག་ཏུ་འཛིན་མཁས་རྣམ་དག་ཁྲིམས་ཀྱི་བརྟུལ་ཞུགས་ལ་གནས་དྲང་སྲོང་རྗེས་ཞུགས་གང་ཟག་ཆེ།།
འཕྲལ་ཡུན་དགེ་བའི་གཏན་ལེགས་འདུན་མ་དོན་གཉིས་འབྲས་ལྡན་ཐར་དང་ཐམས་ཅད་མཁྱེན་པ་མཆོག་ལ་རིངས་བར་ཕྱོགས།།
ཆགས་སོགས་ཉོན་མོངས་དུག་ཅན་ཚེར་མའི་ཚལ།།
ཞི་བར་མ་གྱུར་དེ་སྲིད་སྡུག་བསྔལ་གྱི།།
ཟུག་རྔུར་བཅས་ཕྱིར་ཆོས་འདུལ་པདྨའི་མཚོར།།
ཞུགས་པའི་སྐྱེས་བུ་ངང་པའི་དེད་དཔོན་བཞིན།།
གསེར་མདོག་བཙོད་དང་གུར་གུམ་མདངས་འཛིན་སྟོན་པས་གནང་བའི་རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་མཛེས་པས་ཡོངས་“སྤྲས་ཤིང་།།
དྲན་དང་ཤེས་བཞིན་བག་ཡོད་དང་བཅས་སྤྱོད་ལམ་གཙང་ལྡན་འཁྲིལ་བག་ཆགས་པའི་གོམ་སྟབས་དལ་བུས་ས་ཆེན་གནོན།།
བཅུ་གཉིས་སྦྱང་བའི་ཡོན་ཏན་ལ་གནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལས་མི་འདའ་དམ་པའི་ཚུལ་དགུའི་བདག་ཉིད་ཅན།།
ཤཱཀྱའི་རྗེས་ཞུགས་ཐུབ་པའི་བསྟན་འཛིན་ས་གསུམ་འགྲོ་བའི་གཙུག་གིས་བཏུད་པའི་ཚོགས་གཉིས་དཔལ་གྱི་ཞིང་སར་བརྗིད།།
འཇིག་རྟེན་རིན་ཆེན་སྤུངས་པས་སྒྱུ་མའི་ལུས།།
བརྒྱན་པའི་བློ་ཆུང་བྱིས་པ་མང་མཐོང་ཡང་།།
བསླབ་གསུམ་ནོར་བུའི་རྒྱན་གྱིས་ཡོངས་སྤུད་པའི།།
ཕུལ་བྱུང་སྡེ་སྣོད་འཛིན་པ་བརྒྱ་ལམ་ཙམ།།
དཀར་གསལ་ཟླ་བ་ཀུན་ནས་རྒྱས་འདྲའི་ཞལ་གྱི་དཀྱིལ་འཁོར་གནག་སྣུམ་དབུ་སྐྲའི་ལན་ཚར་གཡོ་མིན་དབུ་ཟླུམ་མཛེས།།
ཁྲ་ཟིལ་ཐོ་རངས་སྐར་ཆེན་འཛུམ་ལྟའི་སྤྱན་ཟུང་འདོད་ཡོན་གཟུགས་ལ་གཡེང་མིན་དམའ་བའི་ས་ལ་མཉམ་པར་གཟིགས།།
ལྷ་ཡི་རྔར་མཚུངས་ཚངས་དབྱངས་གསུང་ནི་ཅ་ཅོའི་ངག་དང་ནམ་ཡང་མཛའ་མིན་དབྱངས་སྙན་དམ་པའི་ཆོས་སུ་སྒྲོག།
“མཆོག་ཏུ་མི་གཡོ་མཁའ་འདྲའི་ཐུགས་ཀྱང་ཀུན་ཉོན་རླུང་གིས་རྟག་ཏུ་མི་རྫི་བྱང་ཆུབ་སེམས་དང་ཏིང་འཛིན་བརྟན།།
ཉི་ཟླ་བྱེ་བའི་དཔལ་གྱིས་མཚོན་མིན་ཞིང་།།
གཏེར་དང་ནོར་བུའི་མཛོད་ཀྱིས་བསྒྲུན་མིན་པའི།།
ཞི་དུལ་ལྟ་ན་སྡུག་པའི་གཟུགས་འཆང་བ།།
འཕགས་ནོར་བདུན་གྱིས་མཛེས་བྱས་སྲིད་འདིར་རྨད།།
ཟོག་པོ་ཁྲམ་རྐྱལ་གཡོ་སྒྱུའི་མཁན་པོ་འཇིག་རྟེན་བསླུ་བྱེད་གྲུབ་གཏེར་རྫུན་མའི་ལྟར་སྣང་མིག་གི་བསྐྱེད་རིམ་དང་།།
ཕྱོགས་རེར་ཞེན་པའི་ལྟ་གྲུབ་ཁ་འཛིན་ཆོས་བརྒྱད་ལྷུར་ལེན་ཆགས་སྡང་དྲག་པོའི་ཀུན་དཀྲིས་ཅན་གྱི་བཙུན་པའི་གཟུགས།།
གནས་སྐབས་གཞན་དང་མཐར་ཐུག་རང་བསླུའི་བསྟན་སེལ་ཆོམ་པོ་བདུད་ཀྱི་བཤེས་གཉེན་ལོག་འཚོས་བརྒྱགས་པའི་གཟི་མདངས་ཅན།།
སྙིགས་མའི་རང་མཚང་ཕྱི་རུ་ཤར་བའི་ལྟས་དག་མཐོང་ནས་དང་བའི་སེམས་པ་ཚངས་སྤྱོད་དུལ་བ་ཁྱེད་ལ་ཤོར།།
“གང་གཱའི་ཀླུང་གི་རྡུལ་མཉམ་བསྐལ་པ་རུ།།
རྒྱལ་དང་སྲས་རྣམས་བསྙེན་པའི་དགེ་ལས་ཀྱང་།།
བདེ་གཤེགས་བསྟན་ལ་བསླབ་པ་གཅིག་འཛིན་པའི།།
བསོད་ནམས་དུས་འདིར་འཕགས་ཞེས་རྒྱལ་བས་གསུངས།།
དེ་སླད་ཐུབ་པ་མཆོག་གི་བསྟན་པ་ཕྱི་ཡི་མཁར་དང་མངའ་ཐང་གིས་མིན་འདུ་འཛིའི་འཁོར་གྱིས་དེ་བས་མིན།།
ནང་དུ་འདིར་སྣང་བདེ་ལ་ཞེན་པའི་སྟོབས་འབྱོར་གྱིས་མིན་ཆེ་དགུས་འདུད་པའི་སྙན་གྲགས་བཀུར་སྟིའི་ལ་རྒྱས་མིན།།
ཚུལ་གནས་ཐོས་དང་བསམ་སྒོམ་སྟོབས་ཀྱི་ཤེས་རབ་ཆེ་དང་གཞན་ཕན་དག་པས་དེ་ལ་རི་མོར་བགྱིད་པའི་ཕྱིར།།
ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་གཟུགས་བརྙན་ཡི་གེའི་ལམ་ནས་རི་མོར་བྲིས་འདིས་དེར་མོས་ཀུན་ཀྱང་དེ་འདྲར་ཤོག།
____________________________________________
ཀ་རྩོམ་མུན་སེལ་སྒྲོན་མེ།
ཀ་བ་གཡུ་འབྲུག་རིས་ཀྱི་ཁང་བཟང་གི་དབུས་ན༎
ཁ་དོག་འཇའ་འོད་འཁྲུགས་པའི་ཟློས་གར་གྱི་བྲོ་རར༎
ག་ལེར་འགྱིང་ཉམས་སྟོན་པའི་ལྕམ་དྲལ་གྱི་ན་གཞོན༎
ང་ཡི་གྲོགས་པོ་རིགས་མཐུན་གདུང་དྲུག་གི་ཕུ་ནུ༎
ཅ་ཅོ་རྣ་བར་གཟན་པའི་སྒྲ་དབྱངས་དང་འགྲོག་པའི༎
ཆ་བྱད་སྤྲེལ་མ་མི་ཡི་པྲ་ཚག་གི་ཆས་གོས༎
ཇ་ལ་དམར་པོ་བཅིངས་བའི་རང་རིགས་ལ་མི་མཛའ༎
ཉ་ཉོག་གཏམ་གྱིས་རང་མཚང་ཕྱི་རོལ་དུ་འདོན་ཡོང་༎
ཏ་རེ་སྒྲོལ་མའི་ཞལ་འདོན་ངག་སྒོ་ལ་མེད་ཀྱང་༎
ཐ་མག་དུག་རྫས་འགྲེམ་པའི་ངན་སློབ་ཀྱི་གདོན་འདྲེས༎
ད་ལྟ་ཕལ་ཆེར་ཆང་རག་རྒྱན་པོ་ཡི་ཞོར་དུ༎
ན་ཚོད་གཞོན་པའི་གཅེས་སྲོག་འཕྲོག་པ་འདིར་གཟོབས་མཛོད༎
པ་བ་ཨ་མའི་བློ་གཏད་སྙིང་སྡུག་གི་གཅེན་གཅུང་༎
ཕ་མྱེས་སྤྲེལ་རྒན་རྒྱལ་པོའི་གདུང་རིགས་ཀྱི་རྒྱུད་འཛིན༎
བ་ལང་ཕྱུགས་ལྟར་བླུན་པའི་སྲོལ་ངན་འདི་སྤོངས་ལ༎
མ་རིག་རྨོངས་པ་སེལ་བའི་ཤེས་རབ་ཅིག་བསྟེན་རན༎
ཙ་ར་ཅུང་ཟད་འཕྱིས་པའི་ཕ་ནོར་གྱི་རྟེན་གསུམ༎
ཚ་གྲང་ཁྱད་དུ་བསད་པའི་རིགས་གཞུང་གི་བང་མཛོད༎
ཛ་དྲག་ཇི་ཙམ་ཆེ་ཡང་བྲོན་དངུལ་དང་མ་བརྗེ༎
ཝ་ཁུང་དུ་བས་བདུགས་འདྲའི་རྗེས་འགྱོད་ཅིག་ཁུག་ངེས༎
ཞ་གི་ཞི་གི་མདོ་མེད་མནོག་ཆུང་གི་བྱ་བ༎
ཟ་ཁ་འཐུང་མྱིག་བཙག་པའི་མིག་རྒྱང་འདི་སྐྱུངས་ལ༎
འ་ཅག་འགྲོ་བ་མི་ཡི་མདུན་གྲལ་ལ་སླེབ་ཆེད༎
ཡ་རབས་ལྷག་བསམ་གཙང་མའི་ཀུན་སྤྱོད་ཅིགབསྟེན་འཚལ༎
ར་སྐྱེས་མགོ་ལ་བཞག་པའི་རིལ་མ་ཡི་དཔེ་བཞིན༎
ལ་ལ་ལང་ཤོར་ངན་པ་བཀུར་སྟི་ཡིས་བཀྱག་ཀྱང་༎
ཤ་ཚ་སྙིང་རྗེ་མེད་པའི་གཤིས་ངན་གྱི་སྤྱོད་པས༎
ས་སྟེང་ངན་དཔེ་འཇོག་པའི་གཏམ་དོན་ལ་ཟོན་མཛོད༎
ཧ་རི་ཧུ་རེས་ཧོད་རྒྱུག་སྣང་མེད་དུ་ཤོར་ན༎
ཧ་གོ་དོན་མ་རྟོགས་པའི་ན་གཞོན་གྱི་གསར་བུའི༎
ཨ་གསར་གཏམ་ལ་ཆགས་པའི་མི་ཚེ་ཡི་མདུན་ལམ༎
ཨ་ལོང་སྒོར་མོར་བཀུག་འདྲའི་གད་ཁུག་ལ་གཅུར་སྲིད༎
ཨ་ལ་དེ་ཙམ་གར་ཡིན་ཐོལ་བྱུང་གི་བརྡོལ་ཚིག།
ཨ་ཅང་ཞུ་ཕོད་མ་བསམ་སྙིང་ཁོང་གི་བདེན་གཏམ༎
ཨ་མཚར་རྩེད་མོའི་ཚུལ་གྱིས་ཡིག་རིས་སུ་བཀོད་པ༎
ཨ་རོགས་རིགས་མཐུན་གྲོགས་ཀྱི་སྤྱན་ལམ་དུ་ཤོར་ཐལ༎
རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེའི་སྙན་རྩོམ་གཅེས་བཏུས་ལས།
གཡོ་རྒྱུའི་ཁུག་སོ་ངར་མ་ནས།།
ནང་དཀྲུགས་ཁྲག་གི་སོ་ཁ་ཅན།།
སྐལ་བཟང་བསྟན་པའི་གཤེད་མ་ཆེ།།
ཀྱེ་མ་དེང་གི་བསྟན་དགྲ་ཞིག།
ཚ་བོ་དབང་དར་མིང་ཆེན་པོས།།
ཡར་རྒྱུགས་ཚངས་པའི་མདུན་ས་ནས།།
འཇིག་རྟེན་བདེ་བའི་བྱེད་པོ་ཟེར།།
ཡོད་ཚད་ཁོ་བོའི་བྱས་རྗེས་བསྒྲགས།།
མར་བརྒྱུགས་ཀླུ་གདོལ་ནག་པོའི་འགྲམ།།
ཁ་བའི་བདེ་སྐྱིད་གཡོ་ཚོང་བྱས།།
གཉིས་བཅུའི་དུས་དབང་སོ་ཉུལ་བའི།།
གཟེངསབསྟོད་ཆེ་ཤོས་ཁོ་བས་བླང་།།
ནང་དཀྲུགས་གཤེད་མའི་དཔུངས་ཤེད་ཀྱིས།།
ཕུ་ནུ་གསུམ་གྱིས་ཚེ་སྲོག་འཕྲོག།
བསྟན་འཛིན་སྐུ་ལ་བསྡོ་བའི་ཕྱིར།།
ལྐོག་ཉུལ་མང་པོའི་མཐུ་ཆེན་མངའ།།
སྤྲུལ་སྐུ་སྐལ་དགའ་སྐུ་ཚེ་ཞབས་པད་བརྟན་པར་ཤོག་ སྙན་རྩོམ་དོན་དང་ལྡན་པ་སྙན་ཞིང་བླ་འཇིབ་པ་ཅན་ངོ་ཅན་གྱི་རྣམ་དཔྱོད་རྩལ་ལས་བྱུང་བ་རེད་འདུག། ༼མགོ་སེར་ཡུལ་དུ་བཞུགས་པའི་དཔལ་དགྱེས་དགོངས་གཏེར་དང་ག་ན་འདྲ། ༽
སྐྱབས་སུ་མཆི།
ཕྲག་དོག་ཅན་ལ་མིག་གི་ཚེར་མ་བཞིན།
ཆོས་ངེས་དོན་མི་འགྲིམ་དྲང་དོན་འགྲིམ།།
ཆོས་ངེས་དོན་ཚོལ་ཅིག་ཟླ་བ་ལགས།།
བུ་མཁས་པ་མི་འགྲིམ་བླུན་པོ་འགྲིམ།།
བུ་མཁས་པ་ཚོལ་ཅིག་ཟླ་བ་ལགས།
མི་དྲང་མོ་འགྲིམ་གཡོ་ཅན་འགྲིམ།།
མི་དྲང་མོ་ཚོལ་ཅིག་ཟླ་བ་ལགས།།
མི་བདེན་པ་མི་འགྲིམ་རྫུན་མ་འགྲིམ།།
མི་བདེན་པའི་རྗེས་རྒྱུགས་ཟླ་བ་ལགས།།
གངས་སྤྲེལ་ཚ་ལགས། མི་ཆེན་དང་བླ་ཆེན་གྱི་དབང་དངུལ་ཆེད་རང་ཉིད་ཀྱི་དྲང་བདེན་བློ་མིག་ཉམས་པ་ཡ་རེ་ང་། ཁྱོད་འདྲ་བ་དག་གི་བྱེད་ཚུལ་ནི་འཕྱོན་མ་ལུས་གཙོང་མཁན་དང་ཁྱད་པར་ཅི་ཡང་མི་མཆིས། འཕྱོན་མ་ཚོས་ཀྱང་དངུལ་གྱི་དོན་དུ་རང་ཉིད་ཀྱི་ལུས་བཙོང་པ་ལས་ཅི་ཡང་བྱེད་མི་དགོས། ཁྱོད་ཀྱིས་ལུས་ཀྱི་རང་དབང་བཙོང་བ་མ་ཟད་སེམས་ཀྱི་རང་དབང་ཡང་བཙོང་དགོས་བྱང་འདུག་པས་ཤ་ཚ། ཕྱིར་ཕ་ཡུལ་བོད་ལ་མྱུར་དུ་སོང་དང་ད་ལྟ་ནང་བཞིན་མིའི་ལག་འོག་ནས་དེ་ཙམ་མཐའ་དགོས་ས་མ་རེད། ཕྱི་རྒྱལ་དུ་འགྲོ་བའི་ལག་ཁྱེར་ཞིག་ལ་ཤུ་མིག་གསོན་དུ་རེ་བ་ཇི་བཞིན་བྱས་ནས་བསྡད་པ་དོན་མེད་རེད།