བཀུར་འོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གི་དྲུང་དུ་
ཞུ་གསོལ།
ངེད་ཅག་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཡོངས་ནི་ད་ལྟ་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་འོག་སྡུག་བསྔལ་ཚད་མེད་མྱོང་བཞིན་ པའི་བོད་ཡུལ་ལུང་པ་རུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། ད་ལྟ་རྒྱ་གར་ལུང་པར་བཙན་བྱོལ་དུ་གནས་བ་ཤ་སྟག་ཡིན་ལ། དུས་དེ་རིང་ངེད་ཅག་གི་ཕ་ཡུལ་བོད་དུ་རྒྱ་ནག་གི་བཙན་གནོན་དང་འཁྱོག་བཅོས་ཀྱི་ སྲིད་ཁྲིམས་འོག་ཏུ་ངེད་ཅག་གི་ཕ་མ་སྤུན་མཆེད་དང་ཕུ་ནུ་མིང་སྲིང་ཚོས་ཉིན་མཚན་ དབྱེར་མེད་དུ་སྡུག་གི་ཁུར་བོ་མ་འཁྱོག་པར་ཐ་ན་འགྲོ་བ་མི་ཞིག་གིས་ཆེས་གཅེས་ ཤིང་བདག་ཏུ་འཛིན་པའི་ལུས་དང་སྲོག་ཀྱང་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་ རྒོལ་བྱས་དང་བྱེད་བཞིན་པ་ནི་འཛམ་གླིང་ས་དཀར་པོའི་ཐོག་གི་མིག་ཐོགས་ཡོངས་ ཀྱིས་གཟིགས་གསལ་ལ། ད་ལྟ་བར་དུ་ཁྱོན་བསྡོམས་ང་ཚོའི་ཤ་ཉེ་རིང་༩༤་ཡིས་རང་ལུས་མེར་བསྲེགས་ཀྱིས་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ་དང་། མ་འོངས་པར་ད་དུང་ང་ཚོའི་སྤུན་ཟླ་ཅི་ཙམ་གྱིས་རྩ་ཆེའི་ཚེ་སྲོག་ཤོར་མིན་སུས་ ཀྱང་ཐག་གཅོད་དཀའ་བའི་གནས་སུ་གྱར་ཡོད་མོད། ང་ཚོ་ལ་ད་ལྟ་བར་དུ་འཛམ་གླིང་ཐོག་དྲང་བདེན་དང་ཞི་བདེ། འགྲོ་བ་མི་ཡི་ཐོབ་ཐང་ལ་དགའ་ཞིང་གཅེས་པའི་སྲིད་གཞུང་དང་ཚོགས་སྡེ། མི་སྒེར་སོགས་ཀྱི་རྒྱབ་སྐྱོར་གྱི་ཚད་ཧ་ཅང་དམའ་བ་དང་ང་ཚོའི་རྒྱབ་ཏུ་ལངས་མཁན་ གྱི་འགྲོ་མི་སྤུན་ཟླ་ཧ་ཅང་ཉུང་བས། རྒྱ་ནག་གིས་གོ་སྐབས་དེ་དང་བསྟུན་ནས་བོད་ནང་གི་ཐབས་སྐྱོ་ཞིང་ཛ་དྲག་གི་གནས་ བབ་འདི་སྦས་ཐབས་དང་འཁྱོག་བསྒྱུར་གྱི་ཐབས་ཤེས་འབའ་ཞིག་བྱས་ཏེ། ང་ཚོའི་དྲང་བདེན་གྱི་གནས་ལུགས་འདི་ཉིད་འགྲོ་ས་ཡེ་ནས་མེད་པ་ཞིག་བཟོ་བཞིན་པ་ ལགས་ན།
ང་ ཚོས་དེ་རིང་རང་གི་ཡན་ལག་ལྔ་བོ་ས་ལ་བཏུད་ནས་སྐུ་ཉིད་ལ་མཉམ་སྦྲེལ་རྒྱལ་ཚོགས་ ཀྱི་ངོས་ནས། གཅིག ད་ལྟའི་ང་ཚོའི་ཕ་ཡུལ་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་རང་སྲེག་ངོ་རྒོལ་གྱི་ གནས་སྟངས་ཤེས་རྟོགས་དང་བསྐྱར་ཞིབ་ཀྱིས་ང་ཚོའི་ཕ་མ་སྤུན་མཆེད་དང་ཕུ་ནུ་མིང་ སྲིང་ཚོའི་ཚེ་སྲོག་གི་འབོད་པ་སྟེ་གོང་ས་མཆོག་བོད་ལ་ཕྱིར་ཕེབས་འཇུག་དགོས་ དང་། བོད་ལ་རང་དབང་དགོས། སྐད་ཡིག་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས་ཟེར་བ་བཅས་ལ་ཡ་ལན་ཞིག་གནང་རོགས་ཞུ་རྒྱུ་ཡིན། གཉིས། རྒྱ་ནག་གཞུང་གིས་འབར་བཞིན་པའི་ང་ཚོའི་སྤུན་ཟླ་དག་གི་ཚེ་སྲོག་གི་གཏུག་བཤེར་ གྱི་གནས་ལུགས་ཁྱིམ་ཚང་དང་བཟའ་ཚང་བར་གྱི་གནད་དོན་དང་དཀའ་ངལ་ལྟ་བུར་ཁ་བསྒྱུར་ གྱིས་ནག་བསུབ་གཏོང་བཞིན་པ་དེར་སྤྱན་གྱིས་གཟིགས་རོགས་ཞུ་རྒྱུ་ཡིན། གསུམ། ཁོང་ཚོའི་ཤུལ་ལུས་ཕ་མ་དང་བཟའ་ཟླ། བུ་ཕྲུག གྲོགས་པོ། ཉེ་རིང་། འབྲེལ་ཡོད་ཡོངས་ལ་སྐྱོན་འཛུགས་ཀྱིས་ཁྲིམས་ལ་སྦྱོར་བ་དང་བཙོན་དུ་འཇུག་པ། ས་གནས་སོ་སོར་དམ་དྲག་གིས་ཡ་ང་སྙིང་རྗེ་བྲལ་བའི་གདུག་རྩུབ་ཀྱི་སྲིད་ཇུས་ལག་ བསྟར་བྱེད་ཀྱིན་པ་སོགས་ལ་སྙིང་རྗེ་ཞིག་སྒོམ་རོགས་ཞུ་རྒྱུ་ཡིན།
ཞེས་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་རྒན་དང་སློབ་མ་ཡོངས་ཀྱིས་སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༡༢པའི་ཚེས་༧ཉིན་གུས་ཕུལ།
སྙིང་ནས་ཡི་རང་ཞུ་
ཤེས་རབ་དགའ་ཚལ་གླིང་གི་སློབ་གླིང་གི་སློབ་མ་ཡོངས་ཀྱིས་གོམ་བགྲོད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལ་སྤྲོད་པའི་སྙན་ཞུ་ལ་དྲང་བདེན་གྱི་ལུགས་ཁྲིམས་ཀྱིས་བོད་སྐད་ཡིག་རིག་གཞུང་དེ་རྣམས་ལོ་སྟོང་ཕྲག་ནས་བོད་རང་དང་རྒྱ་དཀར་ནག་ཁྱིམ་མཚེས་ཡུལ་གྲུ་དག་ནས་ཀྱང་བླངས་ཤིང་། བོད་ཀྱི་མེས་པོ་དག་གིས་ཡ་རབས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོ་བསྐྱངས་ཏེ། སོག་ཡུལ་དང་འབྲུག་ཡུལ་བལ་ཡུལ་དང་། རྒྱ་དཀར་ནག་གི་བོད་ཀྱི་ས་མཚམས་སུ་གནས་པའི་ཡུལ་ལྗོངས་སུ་འཁོད་པའི་སྐྱེ་བོ་ཡོངས་ཀྱི་སྐད་ཡིག་དང་རིག་གཞུང་བོད་ལ་བརྟེན་ནས་བྱུང་བས། བོད་སྐད་དང་རིག་གཞུང་བོད་ལ་མེད་པར་ཆགས་ན། ཡུལ་ལྗོངས་དེ་རྣམས་སུ་ཡང་བོད་ལ་བརྟེན་པའི་སྐད་དང་རིག་གཞུང་སྲོལ་བཟང་མེད་པར་འགྲོ་བ་ལྟ་ཅི་སྨོས། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་དགོས་དོན་བཞིན་དུ། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཡོངས་ཀྱི་སྙན་ཞུ་ལ་དོ་སྣང་ཆེན་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་སྤྱི་མཆོག་གིས་ལག་ལེན་ལ་གྲུབ་འབྲས་ལེགས་པས་བོད་སྐད་དང་རིག་གཞུང་ཉམས་པ་གསོར་ཆུད་མི་ཉམས་གོང་འཕེལ་འབྱུང་བའི་ཡིད་སྨོན་ཞུའོ།།