དེ་རིང་འོད་ཟེར་གྱི་སྣེ་མོ་ཞིག་བོད་དུ་བརྐྱངས་པ་རེད་ཟེར
ད་དུང་ཙོང་ལ་རི་བོ་ནས་སྤྲིན་དཀར་འདོམ་པ་གང་གནམ་དུ་ཟུག་པ་རེད་ཟེར
ནམ་ཟླའི་སྐྱ་རེངས་སྡུག་གིས་འགྱོགས་དུས་འདིར
ངས་ཆེན་པོ་དེ་དག་ལ་བློས་བསླངས་བྱེད་མ་འདོད
ད་ནང་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲལ་རྔ་ནས་ཡར་འཁོར་ཏེ
རྗེ་བསྟོད་ཚན་འགའ་ཚོགས་མང་གི་རྗེས་འདེད་ཀྱིས་སྐྱོར་བས
སེམས་པ་དམིགས་བསལ་གྱིས་བརྡབས་གསིག་ལན་འགར་བྱས
རྗེ་གསང་བའི་རྣམ་ཐར་དང་རྟོགས་བརྗོད་མདུན་ལེགས་མ
དཔལ་ལྡན་ས་གསུམ་མ་དང་ཤར་གངས་རི་མ
ད་དུང་ལམ་རིམ་བསྡུས་དོན་བཅས་ལྷོད་ཀྱིས་སྐྱོར་དུས
དངོས་གནས་ “ང་ཡི་བླ་མ་བློ་བཟང་གྲགས་པ་དེ
དགའ་ལྡན་གནས་སམ་བདེ་ཅན་ལ་སོགས
དག་པའི་ཞིང་མཆོག་གང་ན་བཞུགས་” ཡོད་དམ་ཞེས་དྲི་བ་རེ་ངང་གིས་བསླེབས
ལམ་རིམ་ཆེན་མོ སྔགས་རིམ་ཆེན་མོ
ལེགས་བཤད་གསེར་ཕྲེང དེ་ལས་གཞན་གྱི་དུམ་ཆེན་དག
མཐུག་པ་དང་ཟབ་པ་ལ་ཚད་མེད་ཀྱང
ཙོང་ཁ་བ་ག་ལ་ཡིན་སྙམ་པ་བྱུང
ཡིན་ནའང ང་དངོས་གནས་ལྐུགས་པ་རེད
གྲལ་མགོ་ན་ཡོད་པའི་ཨ་ཁུ་སྣ་ཆེ་དེར་ཡང་ཡང་བལྟ་ཤོར་གྱིན་འདུག
དེ་རིང་ཡང་སྔར་བཞིན་དཔྱད་མི་ཚུགས་པ་ནི
ཨུ་ཚུགས་ཀྱིས་བློར་བཟུང་ཞིང་ལན་འགར་དཔེ་ཁྲིད་ཞུས་ཀྱང
ཅི་ཡང་མ་གོ་བའི་ལེགས་བཤད་སྙིང་བོ་རེད
རྗེ་བླ་མའི་ལྕགས་མདའ་ལྕགས་གཞུའང་དེ་རེད་ལ
གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ་རུའང་དེས་བསྒྲགས་པས
དོན་དངོས་སུ་ཙོང་ཁ་བ་ནི གླེགས་བམ་ཆུང་ཆུང་དེ་ཡིན་པ་འདྲ
གསལ་ཟེར་རྒྱས་པའི་རྟ་བདུན་དབང་པོ་མཁའ་དབྱིངས་དག་པར་འཆར་བ་ན།།
འཛིན་མའི་དབུས་ནས་པད་མོའི་ཚོགས་ཀྱིས་ཟེའུ་འབྲུ་གེ་སར་ཁྱེད་ལ་ཕྱོགས།།
ལྷོ་སྤྲིན་ནག་པོ་རླུང་བུས་དེད་དེ་གློ་བུར་མུན་པས་བསྒྲིབས་པར་བྱས།།
ཀྱེ་མའོ་གསུངས་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།།
གཤོག་ཟུང་རྒྱས་པའི་མཁའ་ལྡིང་དབང་པོ་མཁའ་ལམ་བར་མའི་བགྲོད་ཡུལ་ན།།
འདབ་ཆག་ཁྲོད་ནས་ཁྲུང་ཁྲུང་ཚོགས་ཀྱིས་བྱ་རྒྱལ་རྒོད་པོར་ངང་སྒུག་བྱེད།།
ཉིན་མོར་ལོང་བའི་སྲིན་བྱ་རྣམས་ནི་མཚན་མོར་མཁའ་དབྱིངས་མུ་ཅོར་སྒྲོག།
ཀྱེ་མའོ་གསུངས་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།།
ལྷ་བྱ་ཁུ་བྱུག་ལྷོ་མོན་ཡུལ་ནས་གསུང་སྙན་དབྱངས་ཀྱི་འགྱུར་ཁུགས་ན།།
འཇོལ་མོ་བྱིའུ་ཚོགས་ཁྱུ་དང་ཁྱུ་བྱས་ཁྱེད་ཀྱི་མགྲིན་དབྱངས་སྐྱོབ་ཡ་བྱེད།།
ཁྭ་ཏ་ནག་པོས་ཚང་ནས་ལངས་སྟེ་ཀག་ཀག་ཟེར་ཞིང་སྐད་ངན་སྒྲོག།
ཀྱེ་མའོ་གསུངས་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།།
གནའ་དེང་ཟུང་ལ་དཔྱོད་པ་ཕྲ་བའི་རིགས་ལམ་ཟབ་མོའི་བགྲོད་ཡུལ་ན།།
གཟུར་གནས་སྟོང་གིས་མགོ་བོ་བཏེགས་སྟེ་བློ་གྲོས་འབྱེད་ལ་ངང་སྒུག་བྱེད།།
ཕྱོགས་རེས་ཅན་རྣམས་ཉོན་མོངས་གདོན་གྱིས་ཡིད་ནི་ཚེར་མའི་མལ་ན་ལྷུང།།
ཀྱེ་མའོ་གསུངས་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།