གཅན་ཡེ་རྒྱམ།
ཁྱེད་རང་ཚོས་མཁྱེན་གྱིས་མ་རེད། ང་ཨ་རིར་ཡོང་ནས་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་ཕྱིན་ནའང་ད་དུང་དབྱིན་སྐད་ཕྲན་བུ་ཞིག་ལས་མི་ཤེས་པར་བསྡད་ཡོད་པའི་བླུན་རྨོངས་པ་ཞིག་ཡིན་ལ། ཡུལ་མི་དང་ཐུག་འཕྲད་བྱེད་དུས་གཡོལ་གང་ཐུབ་བྱེད་དགོས་མཁན་ཞིག་ཀྱང་ཡིན། གང་ལྟར་ངོ་གནོངས་པའི་གནས་ཚུལ་འདི་དང་འབྲེལ་བའི་སྐད་ཆ་ཞིག་བཤད་འདོད་པ་ནི། ང་རང་ཨ་རིར་སླེབས་ནས་ལོ་མང་རིང་རྒྱ་རིགས་ཀྱི་ཟ་ཁང་དང་རྒྱ་གར་གྱི་ཟ་ཁང་ནང་ཐོག་མར་སྣོད་ཆས་འཁྲུ་བ་དང་། རིམ་པར་མ་གཡོག རྗེས་སུ་མ་བྱན་བྱས་ནས་ཡུན་རིང་འདས་པའི་ཁོར་ཡུག་དེའི་དབང་གིས་ཡིན་ནའང་འདྲ། སོ་སོར་དོ་སྣང་མེད་པས་ཡིན་ནའང་འདྲ། གང་ལྟར་སྐད་ཡིག་མི་ཤེས་པའི་དབང་གིས་སྤྱི་ཚོགས་འདིའི་ནང་ལས་ཀ་མང་པོ་ཞིག་འགག་ནས་སྡོད་པ་དང་། ལས་ཀ་ཁ་ཤས་ཤིག་ལ་ཞུགས་མི་འདོད་པ་སོགས་གནས་ཚུལ་མང་པོ་ཞིག་གི་གནོན་ཤུགས་ཀྱིས་ང་རང་དུས་ནམ་ཡང་ཁེར་རྐྱང་དུ་ལུས་ནས་ཡོད།
གཅིག་ནས་ཆུང་དུས་བོད་ནས་འཚར་ལོངས་བྱུང་སྟེ་སློབ་གྲྭ་ཆུང་འབྲིང་རྒྱུད་པའི་སྐབས་རྒྱ་སྐད་རྒྱ་ཡིག་ཕྲན་བུ་སྦྱངས་མྱོང་སྟབས་ད་ལྟའི་ཆར་རྒྱ་སྐད་ཕྲན་བུ་བེད་སྤྱོད་གཏོང་རྒྱུ་བྱུང་ལ། རྒྱ་གར་དུ་འབྱོར་ནས་ལོ་ཁ་ཤས་བསྡད་པའི་རིང་ཧིན་དྷིའི་སྐད་ཀྱང་ཅུང་ཙམ་ཤེས་པས། རྒྱ་གར་གྱི་ཟ་ཁང་ནང་དུ་ཡང་ལས་ཀ་རེག་པ་རེད། དེར་བརྟེན་སྐད་རིགས་ཅུང་ཙམ་ཤེས་པ་དེས་ཕན་ཐོག་པོ་བྱུང་སོང་སྙམ་ན་ཡང་། ཞིབ་ཏུ་བསམ་བློ་རེ་གཏོང་དུས་རྒྱ་སྐད་དང་རྒྱ་གར་སྐད་ཕྲན་བུ་ཤེས་པ་དེས་ངའི་མི་ཚེའི་མདུན་ལམ་ལ་གནོད་ཆེན་པོ་ཞིག་བསྐྱལ་འདུག གལ་ཏེ་ཐོག་མར་ངས་བོད་སྐད་ལས་གཞན་པའི་སྐད་རིགས་གཅིག་ཀྱང་མི་ཤེས་པ་ཡིན་ན། ངས་རང་ཉིད་ཀྱི་འཚོ་བའི་དོན་དུ་དབྱིན་ཡིག་དབྱིན་སྐད་མཐའ་གཅིག་ཏུ་སྦྱོང་དགོས་ལ་སྦྱངས་རྒྱུར་ཡང་ངེས་པས། རིམ་གྱིས་རང་ཉིད་གནས་སའི་ལུང་པ་འདིའི་སྐད་ཀྱང་ཤེས་པར་གྱུར་ནས་ད་ལྟ་ངོ་གནོངས་མི་དགོས་པ་ཞིག་ཏུ་གྱུར་ཡོད་ཀྱི་རེད་འདོད། ཡིན་ན་ཡང་ད་ལྟ་འདི་ལྟར་བསམ་པ་ནི་ཕལ་ཆེར་རྨི་ལམ་ཞིག་རེད་ཅེས་བརྗོད་ཀྱང་མ་འགྲིག་པ་མི་འདུག་མོད། འོན་ཀྱང་གཞན་ཡུལ་དུ་སླེབས་ནས་ལོ་ཟླ་མང་པོ་ཞིག་ཡུན་གྱིས་འདས་ཀྱང་རང་ཉིད་ཀྱི་ཕ་སྐད་ལ་དུངས་བ་ཟབ་མོ་ཞིག་ད་དུང་ལྷག་ཡོད། །
ཉི་འོད་དྲོ་ཞིང་འཇམ་པའི་ཟླ་ཤས་སྔོན་གྱི་དབྱར་ཁའི་ཉིན་མོ་ཞིག་ལ་ས་གནས་འདིའི་སློབ་ཕྲུག་ཚོགས་པས་ང་ལ་ཁ་པར་ཞིག་བཏང་ནས་སློབ་ཕྲུག་ཚོགས་པས་ལས་འགུལ་ག་གེ་མོ་ཞིག་སྤེལ་བཞིན་ཡོད་པས། སྤྱི་མཐུན་ཚོགས་པའི་བཅའ་དངོས་འདི་དང་འདི་སོགས་གཡོར་དགོས་འདུག་གསུངས་སོང་། ངས་ཡིན་དང་ཡིན་ཞེས་ཞུས་པ་ཡིན། ད་ལྟའི་ཆར་ང་ས་གནས་འཐུས་མི་ཞིག་དང་། ས་གནས་མཐུན་ཚོགས་ཀྱི་བཅའ་དངོས་བདག་པོ་རྒྱག་རྒྱུ་ནི་ངའི་ལས་འགན་རེད། ཉིན་དེའི་དགོང་དྲོའི་ཆུ་ཚོད་ལྔ་བའི་སྟེང་ཁ་པར་ལས་འཛོམས་རྒྱུ་བྱས་པ་ཡིན། དགོང་དྲོ་ཆུ་ཚོད་ལྔ་བ་ཏག་ཏག་སྟེང་དར་ལ་བབས་པའི་བུ་མོ་གཞོན་ནུ་མ་གཉིས་སླེབས་སོང་། གཅིག་ནི་ངོ་གདོང་ཅུང་རིང་བའི་གཞོན་ནུ་མ་དེ་ནི་སྔོན་ཆད་མཐོང་མ་མྱོང་བའི་བུ་མོ་ཞིག་རེད། གཅིག་ཤས་དེ་ནི་མིང་ལ་པདྨ་ཟེར་བའི་བུ་མོ་དེ་རེད། པདྨ་ལགས་ནི་ངོ་གདོང་རིལ་རིལ་དང་། ཁ་ངོ་མཐོང་བ་ཙམ་གྱིས་མཛེས་ཤོས་ཀྱི་ཆ་འདི་རེད་ཅེས་ཞུ་མི་ཐུབ་ནའང་སྣང་བར་འགྲོ་བའི་བུ་མོ་ཞིག་དང་། དུས་ནམ་ཡང་ཞལ་རས་ལ་འཛུམ་མདངས་ཆུང་ཆུང་ཞིག་གིས་ཁེངས་ནས་སྡོད་མཁན་ཞིག་ཡིན། ད་དུང་པདྨ་ནི་ས་གནས་འདི་ཀའི་མི་ཕལ་ཆེ་བས་ངོ་ཤེས་ཀྱི་རེད། ཁོང་དབྱིན་སྐད་ཐོག་གཞས་གཏོང་མཁན་ཞིག་རེད་ལ། ཨ་མི་རི་ཀའི་ཡུལ་མི་ནང་བཞིན་སྐད་ངག་གི་འགུགས་སྟངས་མཁས་པོ་དང་། གཞས་སྙན་པོ་གཏོང་མཁན་ཞིག་ཡིན་པས་མི་མང་པོ་ཞིག་གིས་པད་མ་ལགས་ཀྱི་གཞས་ལ་དགའ་མོས་བྱེད་ཀྱི་རེད། གང་ལྟར་བུ་མོ་གཉིས་ཀའི་ཤ་མདོག་སྨུག་པོདང། སྐུ་གཟུགས་ཆུང་ཆུང་ཡིན་ཙང་རྒྱ་གར་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་དང། ཕྱིས་སུ་ཨ་རིར་འབྱོར་བའི་གྲས་ཡིན་པ་ནི་ཚིག་ཐག་བཅད་ནས་ཞུས་ཆོག་པ་ཞིག་རེད། “ང་ཚོ་བོད་ཀྱི་བུ་མོ། གཟུགས་པོ་ཆུང་ཆུང་སྙིང་རྗེ་མོ། པང་ལ་བཀྱག་ན་བཀྱག་ཡིན་བསམ་བསམ། འཆམ་པོ་བྱས་ན་བྱས་ཡིན་བསམ་བསམ།” ཞེས་བོད་མི་ཚོར་གཞས་གཏོང་སྲོལ་ཞིག་ཡོད་པ་ནང་བཞིན་རེད། “ང་སྐལ་བཟང་ཡིན།” “ངའི་མིང་ལ་པདྨ་ཡིན”ཟེར། “ངའི་མིང་ལ་ཡེ་ཤེས་ཟེར”ཞེས་ཕན་ཚུན་ལ་ངོ་སྤྲོད་ཐུང་ཐུང་ཞིག་བྱས་པ་ཡིན། བུ་མོ་སྐལ་བཟང་ཟེར་བ་དེས་ ”ངེད་གཉིས་སློབ་ཕྲུག་ཚོགས་པ་ནས་ཡིན་ལ། དེ་རིང་ཞོགས་པར་ཁ་པར་བཏང་བ་ལྟར་བཅའ་དངོས་ཁ་ཤས་གཡོར་དུ་ཡོང་པ་ཡིན” གསུངས་སོང་། །“འོ་རེད། བཅའ་དངོས་ག་རེ་དགོས་ཀྱི་ཡོད་ན་” ཞུས་པས། །བཅའ་དངོས་ mic system འདི་དང་དེ་དགོས་ཞེས་དབྱིན་སྐད་དུ་མང་པོ་ཞིག་གསུངས་པས་ངས་གང་ཡང་གོ་མ་སོང་།
“ངས་ཁྱོད་ཀྱིས་བཤད་པ་གསལ་བོ་ཞིག་གོ་མ་སོང་། གང་ལྟར་ང་ཚོ་དོ་ཁང་ནང་འགྲོ་དང་། དོ་ཁང་ནང་སླེབས་ན་ང་ཚོས་ངོ་འཕྲོད་མདོག་ཁ་བོ་རེད” ཅེས་ཞུས་པ་ཡིན། ང་ཚོ་དོ་ཁང་དུ་འབྱོར་བ་དང་”ཁྱེད་རང་གཉིས་ལ་གང་མཁོ་བ་དེ་འདོན་རོགས་ཀྱིས་དང་ངས་ཐོ་འགོད་ཆོག་” ཅེས་ཞུས་པས། ཁོ་རང་གཉིས་ཧོན་ཐོར་བའི་རྣམ་པ་དང་བཅས་གཅིག་གིས་གཅིག་གི་གདོང་ལ་ལྟ་བཞིན་ལག་པ་ཁ་ཡར་བསྟན། དཔུང་བ་གཉིས་ཡར་འགྱོག་ཙམ་དང་། ཁ་མུར་མུར་ཙམ་བྱེད་བཞིན་ “ངེད་གཉིས་ཀྱིས་ཧ་གོ་གི་མེད། འདི་འདྲ་བཅའ་དངོས་མང་པོའི་ནང་གང་འདྲ་སེ་བཙལ་དགོས་རེད་” ཟེར་བཞིན་ཨ་ཐང་ཆད་པའི་རྣམ་པ་སྟོན་བཞིན་འདུག་ལ། “ངེད་གཉིས་ཧ་གོ་ས་མ་རེད་” ཅེས་ཡང་ཡང་སྨྲེ་ངག་བཏོན་པས། “ཡང་སྙིང་ཁྱེད་རང་གཉིས་ལ་ག་རེ་དགོས་ཀྱི་རེད་” ཅེས་ཡང་བསྐྱར་དྲི་བ་འདྲི་དགོས་འཁེལ་སོང་། ། ལམ་སེང་པདྨ་མདུན་དུ་ཐོན་ནས་ “ངེད་གཉིས་ལ་ mic system ལེན་དུ་ཡོང་བ་ཡིན། རྒན་ལགས་ཁྱེད་རང་གིས་རོགས་པ་བྱོས་དང་།” ཞེས་ཡ་ང་བའི་སྐད་གདངས་ཤིག་དང་གདོང་ལ་སྐྱོ་མདོག་གི་རྣམ་འགྱུར་ཞིག་སྟོན་བཞིན་སྐད་གཉིས་འདྲེས་མའི་ངང་ལ་ལབ་སོང་། “དགོངས་དག ཁྱེད་རང་གཉིས་ཀྱིས་བོད་སྐད་བསྐྱོན་དང་། དེ་ནས་ངས་ཁྱེད་རང་གཉིས་ལ་རོགས་པ་བྱས་ཆོག་མ་གཏོགས་ངས་དབྱིན་སྐད་ཤེས་ཀྱིན་མེད་” ཅེས་ཞུས་པར། ཁོང་གཉིས་ཀས་ཧང་སངས་མདོག་གིས་ངའི་གདོང་ལ་ཅེར་ནས་ཡུད་ཙམ་ལ་བསྡད་རྗེས། བུ་མོ་སྐལ་བཟང་ཟེར་བ་དེས་ “དགོངས་དྭངས། ཇོ་ལགས། པདྨས་བོད་སྐད་ཤེས་ཀྱི་ཡོད་མ་རེད། ངེད་གཉིས་ལ་ mic system བོད་སྐད་ལ་ག་རེ་ཟེར་དགོས་རེད་དམ། ཨིན་་་་་་་། བོད་སྐད་ནང་། ཨིན་་་་་་” ཟེར་བཞིན་རྒྱུན་རིང་ཕྱིན་པས་ང་ལའང་ཐབས་ཤེས་ཟད། རིམ་པར་ང་ཚོས་བཅའ་དངོས་རེ་རེ་བཞིན་ངོ་སྤྲོད་དང་མཉམ་དུ་བསྔོགས་བཤེར་གྱིས་མར་བཏོན་པས། ཁོང་གཉིས་ལ་མཁོ་བ་ནི་སྒྲ་སྒམ་དང་། དེའི་སྒྲ་སྐྱེད་ཁ་པར། གློག་སྐུད། ད་དུང་འབྲེལ་མཐུད་སྐུད་པ་དང། སྒྲ་སྐྱེད་ཁ་པར་འཇོག་སྟེགས་བཅས་རེད། ངས་ཁོང་གཉིས་ལ་དགོས་པའི་བཅའ་དངོས་གང་ཡོད་པ་རྣམས་མིག་མཐོང་ལག་ཟིན་གྱིས་བཏོན་ནས་རྩིས་སྤྲད་པ་ཡིན། ། དེ་དང་མཉམ་དུ་སྐྱོ་གདུང་གི་དབུགས་རིང་ཞིག་ཀྱང་ཤུགས་ཀྱིས་བཏང་སྟེ་བོད་མི་རིགས་ཀྱི་མདུན་ལམ་དང་། ང་ཚོའི་མི་རབས་འདིའི་ལས་དབང་ལ་ཡང་བསམ་གཞིགས་ཐེངས་གཅིག་བྱེད་དགོས་བྱུང་སོང་། ངས་ག་ཚོད་བསམ་གཞིགས་བྱས་ནའང་ད་ལྟ་ང་ཚོའི་རང་ཉིད་ཀྱི་ཕྲུ་གུ་ཚོ་དང་མཉམ་དུ་རང་གི་ཕ་སྐད་གཙང་མ་འདི་བེད་སྤྱོད་ཅུང་ཙམ་བྱེད་ཀྱི་ཡོད་ན་ཡང་། རིམ་པར་ང་ཚོའི་ཚ་བོ་ཚ་མོ་ཚོའི་སྐབས་སུ་ལོ་ངོ་སྟོང་ཕྲག་རིང་རྒྱུད་པའི་ཕ་སྐད་གཙང་མ་འདི་བྱེ་མའི་ནང་ལ་ཆུ་བླུགས་པ་བཞིན་ཡལ་ནས་མི་སྣང་བར་འགྲོ་རྒྱུ་ཡིན་པ་ངས་ད་ལྟའི་གནས་སྟངས་འདི་ལས་གསལ་བོར་མཐོང་གི་འདུག་ལ། དེ་དུས་བོད་ཅེས་པའི་མི་རིགས་འདི་ཡང་རྩ་བརླག་ཏུ་འགྲོ་རྒྱུ་ནི་ངེས་པ་ཞིག་ལས་ཡིན། ། པདྨ་དང་སྐལ་བཟང་གཉིས་ཀྱིས་བཅའ་དངོས་རྣམས་རླངས་འཁོར་གྱི་ལྟེགས་སྒམ་ནང་བླུགས་ཤིང་། ཁ་ཕྱིར་འཁོར་ནས་“ཇོ་ལགས། གཟིམས་འཇགས་གནང་ངོ་།” ཞེས་ཁ་གཡང་གི་ཚིག་གཅིག་དང་མཉམ་དུ་རླངས་འཁོར་སྟོང་ཕྲག་དལ་མེད་རྒྱུགས་པའི་གཞུང་ལམ་ཆེན་མོ་དེའི་ཁྲོད་དུ་ག་ལེར་འཐིམ་ནས་རིམ་གྱིས་མི་སྣང་བར་གྱུར་སོང་། །
ངས་ཀྱང་ “Bye bye! See you later.” ངས་ཤེས་པ་ནི་དེ་རང་ཡིན། དགོངས་འགལ་མེད་པ་བྱོས། །
དེ་འདྲའི་བུ་མོ་mic sister གཉིས།
་་་་་་ བུ་མོ་སྐལ་བཟང་ཟེར་བ་དེས་ “དགོངས་དྭངས། ཇོ་ལགས། པདྨས་བོད་སྐད་ཤེས་ཀྱི་ཡོད་མ་རེད། ངེད་གཉིས་ལ་ mic system བོད་སྐད་ལ་ག་རེ་ཟེར་དགོས་རེད་དམ། ཨིན་་་་་་་། བོད་སྐད་ནང་། ཨིན་་་་་་” ཟེར་བཞིན་རྒྱུན་རིང་ཕྱིན་པས་ང་ལའང་ཐབས་ཤེས་ཟད། རིམ་པར་ང་ཚོས་བཅའ་དངོས་རེ་རེ་བཞིན་ངོ་སྤྲོད་དང་མཉམ་དུ་བསྔོགས་བཤེར་གྱིས་མར་བཏོན་པས། ཁོང་གཉིས་ལ་མཁོ་བ་ནི་སྒྲ་སྒམ་དང་། དེའི་སྒྲ་སྐྱེད་ཁ་པར། གློག་སྐུད། ད་དུང་འབྲེལ་མཐུད་སྐུད་པ་དང། སྒྲ་སྐྱེད་ཁ་པར་འཇོག་སྟེགས་བཅས་རེད། ངས་ཁོང་གཉིས་ལ་དགོས་པའི་བཅའ་དངོས་གང་ཡོད་པ་རྣམས་མིག་མཐོང་ལག་ཟིན་གྱིས་བཏོན་ནས་རྩིས་སྤྲད་པ་ཡིན། །་་་་་་་ཟེར།
་་་་་རྩིས་སྤྲད་པ་ཡིན། ། དེ་དང་མཉམ་དུ་སྐྱོ་གདུང་གི་དབུགས་རིང་ཞིག་ཀྱང་ཤུགས་ཀྱིས་བཏང་སྟེ་བོད་མི་རིགས་ཀྱི་མདུན་ལམ་དང་། ང་ཚོའི་མི་རབས་འདིའི་ལས་དབང་ལ་ཡང་བསམ་གཞིགས་ཐེངས་གཅིག་བྱེད་དགོས་བྱུང་སོང་། ངས་ག་ཚོད་བསམ་གཞིགས་བྱས་ནའང་ད་ལྟ་ང་ཚོའི་རང་ཉིད་ཀྱི་ཕྲུ་གུ་ཚོ་དང་མཉམ་དུ་རང་གི་ཕ་སྐད་གཙང་མ་འདི་བེད་སྤྱོད་ཅུང་ཙམ་བྱེད་ཀྱི་ཡོད་ན་ཡང་། རིམ་པར་ང་ཚོའི་ཚ་བོ་ཚ་མོ་ཚོའི་སྐབས་སུ་ལོ་ངོ་སྟོང་ཕྲག་རིང་རྒྱུད་པའི་ཕ་སྐད་གཙང་མ་འདི་བྱེ་མའི་ནང་ལ་ཆུ་བླུགས་པ་བཞིན་ཡལ་ནས་མི་སྣང་བར་འགྲོ་རྒྱུ་ཡིན་པ་ངས་ད་ལྟའི་གནས་སྟངས་འདི་ལས་གསལ་བོར་མཐོང་གི་འདུག་ལ། ་་་་ཟེར།
གཅན་ཡེ་རྒྱམ་ལེགས། ཁྱེད་རང་གིས་ཨིན་སྐད་མཁྱེན་མེད་ན་ཡང་། རང་གི་བོད་སྐད་དེ་རྩེ་གྲས་ཡིན་འདུག དག་ཆ་འགའ་བོད་ཀྱི་སྔར་གྱི་མཁས་པ་རྣམས་ཀྱི་བཀོལ་སྤྱོད་དང་མི་མཐུན་པས་བློ་ཕམ། རང་བློ་དེ་རྒྱ་མཚོ་ཆེན་པོ་ཡིན། རྒྱ་དཀར་ནག་དང་ཨིན་སྐད་ཀྱི་གཙང་པོ་ཇི་ཙམ་འབབས་ཀྱང་དེར་ཆུད་དགོས། སྐད་རིགས་ཤེས་པ་ལ་སྐད་རྒྱབ་མཁན་གྱི་མི་དང་འབྲེལ་ནས་སྐད་རྒྱབ་པ་གལ་ཆེ། ང་རྒྱ་གར་དུ་སླེབས་དུས་རང་ལོ་༢༦ཙམ་ཡིན། ཧིནྡ་སྐད་གསར་ཤོག་གོ་ཐུབ་པ་ཞིག་འབྱུང་ན་ཨང་དང་པོ་ཡིན་བསམས། ད་ལྟ་ལོ་ངོ་བོད་ལྟར་བརྒྱད་ཅུར་ལོན་ཀྱང་སྐད་ཡིག་མཁོ་བ་རྣམས་སྦྱོང་། ང་ཡང་མི་དང་མཉམ་གཏམ་གླེང་ལ་འདུན་པ་ཆུང་ཡང་། མི་ལ་སྐད་ཡིག་བཤད་དགོས་དུས་སྤོབས་པ་བསྐྱེད་དགོས་པ་ཡོད། ཨིན་སྐད་དེ་ས་གནས་གང་དུ་སྤྱིན་ཀྱང་དིང་སྐབས་འཇིག་རྟེན་སྤྱིའི་སྐད་ལྟ་བུ་ཞིག་ཆགས་པས་ཁྱེད་ཀྱི་ཨིན་སྐད་ཡར་ངོའི་ཟླ་བ་བཞིན་དུ་གོང་འཕེལ་འོང་བར་ཤོག །
ཇོ་ལགས། གཟིམས་འཇགས་གནང་ངོ་། འདི། གཟིམ་འཇམ་གནང་དགོས། ཞེས་པ་ཅིག་ཡིན་དགོས་སྙམ་ལགས། གང་ལྟར་ཡང་། གཅན་ཡེ་རྒྱམ་ལགས་ཀྱིས། ཤིནད་ཏུ་སྙན་པ་ཅིག་བྲིས་གནང་འདུག་པས། ཐུགས་རྗེ་ཆེ་ཞེས་ཞུའོ། །
རྒན་ལེ། ཕྱག་འཚལ་འཇུ་ལེ། ཉེ་རང་གིས་རྨ་རྒྱ་ལ་མོལ་བཅས་ལ་ཐུགས་རྗེ་ཆེ། སེམས་ཤུགས་འཕེལ་སོང་།
འོ་ངེད་གཉིས་གཅིག་པ་གཅིག་རྐྱང་རེད་འདུག་ག་་་ངས་དབྱིན་སྐད་མི་ཤེས་པའི་རྐྱེན་གཅིག་སྟེ་་་ལོ་ཚོད་ཀྱིས་ཡིན་ནམ་་གང་ལྟར་ཡང་་ད་ཤེས་ན་ད་བརྗེད་འགྲོ་གི་་ཧཧཧཧཧ།
ང་ཡི་ཤ་ཁྲག་རུས་གསུམ་བོད་ལ་གཏོགས། །
ང་ཡི་ཁ་ཁོག་གཉིས་ཀྱང་བོད་ལ་གཏོགས། །
ང་ཡི་འགྲོ་འདུག་འདི་ཡང་བོད་ལ་གཏོགས། །
མདོར་ན་ང་ཡི་ཡོད་ཚད་བོད་ལ་གཏོགས། །
ལ་དྭགས་ཁ་སྐད་དུ། རྒན་ལེ། ཕྱག་འཚལ་འཇུ་ལེ། ཉེ་རང་གིས་རྨ་རྒྱ་ལ་མོལ་་་་་
སྤྱིའི་སྐད་ཡིག་སྐད་དུ། རྒན་ལེགས། ཕྱག་འཚལ་འཇུ་ལེགས། ཉིད་རང་གིས་སྨྲ་བརྒྱ་ནོམ་པ་མོལ་་་་
ལྷན་རྒྱས་ཕེབས་པར་དགའ་བསུ་ཞུ། གུས་པར་ཤེས་ཡོན་གང་ཅིར་དམན་ནའང་རིག་གསར་རྣམས་ལ་ཕན་ཐོག་པོ་རེ་ཨེ་ཡོང་སྙམ་པ་ཡིན། གལ་སྲིད་ཕན་ཐོག་པོ་རེ་ཡོང་བ་འདུག་ན་མཁྱེན་ཡངས་པ་རྣམས་ཀྱིས་གསུང་དང་གུས་པས་བརྩམས་སྒྲུང་ཐུང་འབྲིང་གཉིས་ཀ་གང་ཐུབ་ཀྱིས་བྲིས་ཆོག ཐུགས་རྗེ་ཆེ། །
རྒན་ལ་དྭགས་པ་ལེགས། ཁྱེད་ནི་བོད་སྐད་ཡིག་ལ་བྱང་ཆུབ་པ་ཞིག་ཡིན་པར་མ་ཟད། དགུང་ན་འདི་ཙམ་དུ་ཕེབས་དུས་ད་དུང་ཡང་བོད་སྐད་ཡིག་ལ་ཐུགས་སྣང་ཆེན་པོར་གནང་སྟེ། དྲ་འབུ་ང་ལྟ་བུས་བྲིས་པ་དག་ལ་ཞུས་དག་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང། དེ་དང་ཆབས་ཅིག་ཁྱེད་ཀྱིས་བྲིས་པའི་ནང་དུ་ཚིག་འགའ་ཞིག་ཡིག་ནོར་ཤོར་བའམ། ཡང་ན་བརྡ་རྙིང་པའི་འབྱུང་ཁུངས་ལ་དྭགས་པའི་ཁ་སྐད་ཡིན་ནམ། ཡང་ན་ངས་ངོས་འཛིན་མ་ཐུབ་པའི་སྐྱོན་ཡིན་ནམ། གང་ལྟར་ཁ་ཤས་ཞིག་འདི་ལྟར་མཐོང།
མ་དཔེ། ༼དག་ཆ་འགའ་བོད་ཀྱི་སྔར་གྱི་མཁས་པ་རྣམས་ཀྱི་བཀོལ་སྤྱོད་དང་མི་མཐུན་པས་བློ་ཕམ།༽
བསམ་ཚུལ། དག་ཆ་འགར་སྔར་བོད་ཀྱི་མཁས་པ་རྣམས་ཀྱིས་བཀོལ་སྤྱོད་དང་མི་མཐུན་པས་བློ་ཕམ་བྱུང།
མ་དཔེ། ༼ རང་བློ་དེ་རྒྱ་མཚོ་ཆེན་པོ་ཡིན། རྒྱ་དཀར་ནག་དང་ཨིན་སྐད་ཀྱི་གཙང་པོ་ཇི་ཙམ་འབབས་ཀྱང་༽
བསམ་ཚུལ། དབྱིན་སྐད་ཀྱི་གཙང་པོ་ཇི་ཙམ་བབས་ཀྱང།
མ་དཔེ། ༼ སྐད་རིགས་ཤེས་པ་ལ་སྐད་རྒྱབ་མཁན་གྱི་མི་དང་འབྲེལ་ནས་སྐད་རྒྱབ་པ་གལ་ཆེ།༽
བསམ་ཚུལ། སྐད་རིགས་ཤེས་པ་ལ་སྐད་ཡིག་ཤེས་མཁན་དང་ལྷན་དུ་སྐད་ཆ་ཤོད་རྒྱུ་གལ་ཆེ།
ང་རྒྱ་གར་དུ་སླེབས་དུས་རང་ལོ་༢༦ཙམ་ཡིན། ཧིནྡ་སྐད་གསར་ཤོག་གོ་ཐུབ་པ་ཞིག་འབྱུང་ན་ཨང་དང་པོ།
མ་དཔེ། ༼ད་ལྟ་ལོ་ངོ་བོད་ལྟར་བརྒྱད་ཅུར་ལོན་ཀྱང་སྐད་ཡིག་མཁོ་བ་རྣམས་སྦྱོང་།༽
བསམ་ཚུལ། ད་ལྟ་ལོ་ངོ་བོད་རྩིས་ལྟར་ན་བརྒྱད་ཅུར་ལོན་ཀྱང་སྐད་ཡིག་མཁོ་བ་རྣམས་སྦྱོང་བཞིན་ཡོད།
མ་དཔེ། ༼ ཨིན་སྐད་དེ་ས་གནས་གང་དུ་སྤྱིན་ཀྱང༽
བསམ་ཚུལ། དབྱིན་སྐད་དེ་ས་གནས་གང་དུ་ཕྱིན་ཀྱང།
བུ་ཆུང་ང་ཡི་བསམ་ཚུལ་དེ་ཚོར་ནོར་བ་ཡོད་ན་དགོངས་པ་དག་པར་ཕྱག་འཚལ་ཞུ་རྒྱུ་དང།
འཇུ་ལེགས།
མེ་ཏོག་དཀར་པོ་ལེགས་དང་། བན་དེ་བ་མཆོག་སོགས་ལ་གསལ་སྟོན་ཞུ་ན། ཆེས་སྔོན་དུ། སྐྱེས་བུ་རྣམས་ཀྱི་མིང་མཇུག་ཏུ། ལེགས་འབྲི་བ་ཡོད་པ་སྒྲ་གདངས་ཉམས་པས། ལ་དྭགས་པ་སོགས་ཀྱིས་ཨེ་ཡིག་ཨ་ཡིག་ཏུ་མ་གྱར་པས། ལེ་དང་།དབུས་གཙང་སོགས་སུ་ཨེ་ཡིག་ཨ་ཡིག་ཏུ་གྱུར་པས། ལ། ཞེས་ཆགས་པ། སྒྲ་གདངས་འགྱུར་ཚུལ་ལ་རྟོག་དཔྱོད་ཀྱིས་ཤེས་ཐུབ། རྨ་རྒྱ་ལ། རྨ་ཞེས་པ་ལ་དྭགས་ཁ་སྐད་དུ་མེད། མ་རྒྱ་ལ་མོལ། ཞེས་པ་ཡོད། མ་ཞེས་པ་རྩ་བའི་དོན་ལ་བཀོལ་བར་མངོན། རྨ། ཞེས་ལུས་ལ་འཐོན་པའི་རྨ་ལ་བཀོལ་པ་རྨ་མེད་པའོ། རྒྱ་ལ། ཞེས་ཟུར་ཆག་པ་ལ་དྭགས་སྟོད་པས་བཀོལ། ལ་དྭགས་གཤམ་ཕྱོགས་པས་ད་ལྟ་ཡང་། རྒྱལ་བ། ཞེས་འབོད། དག་པར་འབྲི་ན། རྒྱལ་བར་མོལ། ཞེས་པ་ཆོས་སྐད་དང་མཐུན་ཏེ། མདོ་མཛངས་བླུན་ཨུ་པ་གུཔྟའི་ལེའུ་ན། ཨུ་པ་གུཔྟ་རང་བཞིན་གྱིས་དྲང་བས། བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན་ཏེ་མ་རངས་པ་མེད་པར་བྱས་སོ། ཞེས་པ་ལྟ་བུ།
བན་དེ་བ་མཆོག་ལ་ལན
༼དག་ཆ་འགའ་བོད་ཀྱི་སྔར་གྱི་མཁས་པ་རྣམས་ཀྱི་བཀོལ་སྤྱོད་དང་མི་མཐུན་པས་བློ་ཕམ།༽འདིར་༼དག་ཆ་འགའ་༽བཀོལ་སྤྱོད་དང་མི་མཐུན་པར་བཤད་པས། འགར་ཞེས་ལ་དོན་མི་དགོས། དེ་ཡང་མི་མཐུན་པ་བྱ་བ་དང་། དག་ཆ་འགའ་ཞེས་པ་བརྗོད་པ་འདིའི་བྱེད་པ་པོ་ཡིན།
༼ རང་བློ་དེ་རྒྱ་མཚོ་ཆེན་པོ་ཡིན། རྒྱ་དཀར་ནག་དང་ཨིན་སྐད་ཀྱི་གཙང་པོ་ཇི་ཙམ་འབབས་ཀྱང་༽
བསམ་ཚུལ། དབྱིན་སྐད་ཀྱི་གཙང་པོ་ཇི་ཙམ་བབས་ཀྱང། འདིར་ཁྱེད་ཀྱིས་བྱ་ཚིག་འདས་པ་དང་། བདག་གིས་ད་ལྟ་བ་བཀོལ། བདག་གི་སྐྱེ་ཡུལ་ལུང་ཁུག་ལྟ་བུ་ཡིན་པས། མིང་ཚིག་མང་པོ་གནའ་བོའི་ལུགས་བཞིན་དུ་འབོད། དེ་ཡང་ཡུལ་མེད་བྱ་ཚིག། འབབས་ བབས་ འབབས་ བོབས ཞེས་དང་། ཡུལ་ཡོད་བྱ་ཚིག། འབེབས་ ཕབ་ དབབ་ ཕོབ། ཞེས་པ་ལྟ་བུ། ཨིན་གྱི་སྒྲ་འཐོན་པ་ལ། ད་བ་ཡ་ འབྲི་བ་དོན་མེད་དུ་མཐོང་།
༼ སྐད་རིགས་ཤེས་པ་ལ་སྐད་རྒྱབ་མཁན་གྱི་མི་དང་འབྲེལ་ནས་སྐད་རྒྱབ་པ་གལ་ཆེ།༽
བསམ་ཚུལ། སྐད་རིགས་ཤེས་པ་ལ་སྐད་ཡིག་ཤེས་མཁན་དང་ལྷན་དུ་སྐད་ཆ་ཤོད་རྒྱུ་གལ་ཆེ། ཞེས་པར་སོ་སོའི་གླེང་ཚུལ་ཙམ་ལགས་ཤིང་། ལྷག་པར་ཤོད་རྒྱུ་ཞེས་པ་ཞེས་པ་དེ་ཁ་སྐད་དུ་འོང་སྲིད་ཀྱང་། ད་ལྟ་འདས་མ་འོངས་སྐུལ་ཚིག་རིམས་བཞིན། འཆད་ བཤད་ འཆད་ ཤོད། ཅེས་པ་ཡོད་པས། རྒྱུ། བྱ་ཡུལ་སྟོན་པ་ལ་མ་འོངས་པ་དགོས་པས། འཆད་རྒྱུ། ཞེས་དགོས་སྙམ།
མ་དཔེ། ༼ད་ལྟ་ལོ་ངོ་བོད་ལྟར་བརྒྱད་ཅུར་ལོན་ཀྱང་སྐད་ཡིག་མཁོ་བ་རྣམས་སྦྱོང་།༽
བསམ་ཚུལ། ད་ལྟ་ལོ་ངོ་བོད་རྩིས་ལྟར་ན་བརྒྱད་ཅུར་ལོན་ཀྱང་སྐད་ཡིག་མཁོ་བ་རྣམས་སྦྱོང་བཞིན་ཡོད། འདིར་མུ་མཐུད་ནས་སྦྱོང་ན། སྦྱོང་བཞིན་དགོས་ཀྱང་། དེ་འདྲ་མ་ཡིན་པས། སྦྱོང་། ཞེས་བྱ་ཚིག་ད་ལྟ་བས་ཆོག་གོ་བསམས།
ཕྱིན་ལ་སྤྱིན་བྲིས་པ་ནི། ནོར་བ་ཆེན་པོ་བྱུང་འདུག ཁྱེད་ཤིན་ཏུ་བདེན། ང་ད་ལོ་ཆེན་པོས་ནོར་བ་བྲིས་པ་མ་ཡིན་པར་ལོ་ཆུང་བའི་སྐབས་སུ་བྲིས་ནོར་དུ་མ་བྱེད་ཅིང་། སྔར་བྲིས་མང་པོར་བལྟས་པ་ན། ནོར་བ་མང་པོ་ཞིག་མཐོང་དང་མཐོང་བཞིན་པ་ཡིན། ཁྱེད་ཀྱི་བློ་གྲོས་དབྱར་མཚོ་བཞིན་འཕེལ་བའི་ཡིད་སྨོན་བཅས་སོ།།
གང་ཐུབ་ཐུབ་ཅིག་ཕྲིས་ར་་་་ཕན་ཐོགས་པོར་ཡོང་བ་ཤོད་མི་དགོས་པ་རེད། ལྷག་པར་དུ་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་ལབ་སྐྱ་འདི་ཚོའི་འགྲོ་སྟངས་འདུག་སྟངས་་་་ཐ་ན་བོད་མི་འཛོམས་སར་བོད་སྐད་ལས་དབྱིན་སྐད་མ་བཤད་ན་མི་གྲལ་དུ་མི་འཇོག་པའི་གནས་སྟངས་སྐྱོ་བོ་འདིའི་རིགས་སོགས་་་ཕྲིས་་་ཨ་བུ་རྒོད་པོ།
རྒན་ལ་ད྄གས་པ་ལགས་སྐུ་ངལ་ཚད་མེད་སྐྱོན་ནས་གསུང་ལན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
རྟ་བདག་རྐང་ཐང་དང། རྟ་མེད་རྟ་ལ་ཞོན། ཅེས་པའི་དཔེ་ལྟར་ངོ་མ་རེད། བོད་མིས་བོད་ཡིག་བོད་སྐད་མི་ཤེས་པའི་དུས་འདིར།
ཧི་མི་རྣམས་ཀྱིས་བོད་སྐད་བོད་ཡིག་ལ་རང་དབང་བྱང་ཆུབ་པ་ནི་ངོ་མ་ཁྱེད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་དང་རྗེས་སུ་ཡི་རངས་ཞུ། ཁྱེད་སྐུ་ཉི་ཟླ་ལྟར་སྲིད་པའི་མཐའ་མ་ཟད་ཀྱི་བར་དུ་སྐུ་ཚེ་རིང་ཞིང་བོད་མི་རིགས་ཀྱི་སྐད་ཡིག་གི་སྲོག་བཟུང་སྟེ་ནམ་ཡང་ནུབ་མེད་བཀྲ་ཤིས་ཤོག
རྒན་ལེགས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུའོ།།
ཤེས་ཡོན་ཅན་ནི་མི་རིགས་ཤིག་གི་རྒལ་ཚིག་ཡིན་པར་འབོད། ཡིན་ནའང་རྒྱ་ནག་གི་ཤེས་ཡོན་ཅན་རྣམས་ཀྱི་མིང་འདོག་ལ་འབུ་དམར་ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་འབུ་དམར་ལ་རྒལ་ཚིག་ཕར་ཞོག་ཐ་ན་ལུས་ཡོངས་ལ་རུས་པ་མེད་སྐད། རྒྱ་ནག་གི་ཤེས་ཡོན་ཅན་ཕལ་ཆེ་བ་རང་གི་རྣམ་ཤེས་རླ་ཁུག་ཏུ་བཅུག་ནས་འཚོ་ཐབས་ཀྱི་ཆེད་དུ་དྲང་བདེན་གྱི་སྐད་ཆ་བརྗོད་མི་ཕོད་པ་དེར་མི་རྣམས་ཧང་སང་གི་འདུག ད་ལོ་ནོར་བྷེལ་རྩོམ་རིག་བྱ་དགའ་ཐོབ་པའི་རྒྱ་མི་མོ་ཡན་ཟེར་བ་དེར་གསར་འགོད་པས་རྒྱ་ནག་གི་གསར་འགྱུར་ཞིབ་བཤེར་ལ་དགོངས་ཚུལ་གང་ཡོད་དྲི་སྐབས། ཁོས་དེ་ནི་གནམ་ཐང་དུ་སྤ་སི་གཤེར་བ་བཞིན་རྒྱུན་ལྡན་ཡིན་རབས་བཤད་པ་དེར་མི་རྣམས་ཀྱིས་ཁྲེལ་དགོད་བྱེད་ཀྱི་འདུག གཏམ་རྙོག་འདི་དག་འདི་རུ་འཁྱེར་ཡོང་དོན་ནི་རྩོམ་པ་པོ་ལ་བསྐུལ་མ་ཞིག་བྱེད་འདོད་པ་ཡིན། ད་ལྟ་ང་ཚོ་བོད་པ་མང་པོ་ཞིག་འཛམ་གླིང་ས་ཕྱོགས་གང་སར་གྱར་ནས་ཡོད་པས་བཙན་བྱོལ་གྱི་མི་ཚེའི་འཚོ་བ་མཚོན་པའི་དངོས་སྒྲུང་འབྲི་ཐུབ་པ་བྱུང་ན་དེ་ནི་སློབ་གཉེར་བ་དག་ལ་ཕན་པ་ཡོད་པ་མ་ཚད་མ་འོངས་པའི་མི་རྣམས་ཀྱི་ངོས་ནས་བཤད་ཀྱང་བོད་པ་རྣམས་ཀྱིས་ས་སྒང་འདིའི་ཐོག་ཏུ་དཀའ་ཚེགས་ཇི་ལྟར་བརྒྱུད་ཡོད་པའི་ལོ་རྒྱུས་དཔྱད་གཞིར་ཡང་གྱུར་བ་རེད། གཞན་ཡང་ང་ཚོའི་སྤྱི་ཚོགས་ནང་དངོས་སྒྲུང་འབྲི་མཁན་གྱི་དཔུང་ཁག་ཉུང་ཉུང་རེད་འདུག དངོས་སྒྲུང་གི་ནུས་པ་ནི་གནས་ཚུལ་མང་པོ་གློག་བརྙན་གྱི་ལམ་དུ་ཕབ་པ་ལས་ཀྱང་ལྷགས་པར་སྐྱེ་བོའི་ཕྱི་ནང་གཉིས་ཀྱི་ཉམས་འགྱུར་དེ་དག་ཀློག་པ་པོའི་མིག་ལམ་དུ་འདྲེན་ཐུབ་པའི་ནུས་པ་ཡོད། ལྷགས་པར་དུ་ད་ལྟ་ཉག་ཕྲ་བའི་གནས་སྐབས་འདིར། དངོས་སྒྲུང་དེ་དག་གི་བརྗོད་བྱ་ཆབ་སྲིད་དང་འབྲེལ་ནས་མི་རིགས་ཀྱི་རང་དབང་བརྩོན་ལེན་ལ་ཕན་པའི་བརྩམས་བྱ་སྤེལ་ཐུབ་ན་ཧ་ཅང་ལེགས། གང་ལགས་ཟེར་ན་རྩོམ་པ་པོ་རྣམས་ཀྱི་ཕྲག་ཐོག་ཏུ་སྤྱི་ཚོགས་ཀྱི་ངམ་ནག་གི་ཆ་དེ་དག་ལ་སུན་འབྱིན་བྱེད་དགོས་པའི་འགན་ཞིག་ཡོད་པས་ཆབ་སྲིད་ལས་གཡོལ་ཐབས་མེད་པ་ཞིག་རེད། དེ་ལྟ་ན་རང་དབང་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་བོད་པ་ཚོས་ཕ་ས་ཕ་ཡུལ་གྱི་བདེ་སྡུག་ཆེད་དུ་སྐད་འབོད་ངུ་འབོད་གོ་སྒྲིག་ཇི་ལྟར་བྱེད་པའི་འཚོ་བ་དེ་དག་སྐུལ་སློང་གི་ནུས་པ་ལྡན་པའི་ངང་ནས་རྩོམ་རིག་གི་ལམ་དུ་འབེབས་ཐུབ་ན་དགེ་མཚན་ཆེ་ཅེས་སངས་རྒྱས་ལ་ཀ་ཁའི་ཚུལ་དུ་བརྗོད་འདོད་སྐྱེས་བྱུང་།
གཅན་ཡེ་རྒྱམ་ལགས་ཁྱོད་ཀྱི་རྩོམ་ཡིག་ཁ་ཤས་དྲ་ཐོག་ནས་བཀླགས་མྱོང་འབྲི་སྟངས་ཡག་པོ་འདུག མུ་མཐུད་དུ་ཤུགས་རྒྱོབས་དང་ད་དུང་ཡར་རྒྱས་འགྲོ་ངེས་རེད། ཁྱོད་ལྟར་ང་ཚོས་ཉིན་རེའི་འཚོ་བའི་ནང་གི་མྱོང་ཚོར་དང་དོན་གནད་གལ་ཆེའི་རིགས་ཡིག་ཏུ་ཕབ་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཕྱོགས་གཅིག་ནས་རང་ཉིད་རྩོམ་ཡིག་འབྲི་སྦྱོང་ལ་གོམས་འདྲིས་ཐེབས་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཤིག་གི་དགེ་སྐྱོན་གླེང་ཐུབ་ཡོད་པ་རེད། ཞར་ཞུང་དུ་སྐད་ཡིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་གཞོགས་འདེགས་གནང་ཐུབ་ཡོད་པ་རེད། དངོས་གནས་ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེའི་རིགས་ཡིག་ཐོག་ཏུ་འབེབས་ཐུབ་ན་དེ་ནི་མ་འོངས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཆགས་རྒྱུ་ཡིན་པ་ངེས་གསལ་རེད། ལྗང་བུས་ཀྱང་ང་ལ་འདི་འདྲ་ཞིག་བཤད་མྱོང་། ཁྱེད་རང་ཚོ་ཕྱི་ལོག་ན་ཡོད་པའི་རྩོམ་པ་པོ་ཚོས་སྒྱུ་རྩལ་གྱི་རྩོམ་ཡིག་ཆེན་པོ་རེ་མ་འཁྱོངས་རུང་ཉི་མ་རེ་རེའི་རང་གི་མཐོང་ཐོས་མྱོང་གསུམ་གྱི་ཚོར་རྟོགས་ཟབ་མོ་དང་བྱུང་ཟིན་པའི་དོན་དག་གལ་ཆེའི་རིགས་ཡིག་ཐོག་ཏུ་འགོད་དགོས་པ་ནི་ཁྱེད་ཚོའི་འོས་འགན་རེད་ལ། རྩོམ་ཡིག་དངོས་གནས་དང་མ་འོངས་པའི་ལོ་རྒྱུས་འདི་རེད་ཟེར། དངོས་གནས་ཅིས་མི་བདེན་ང་ཚོས་རང་གི་བྱེད་ཐུབ་པའི་བྱ་བ་མང་བོ་ཞིག་འདི་ལྟར་འཐུས་ཤོར་ལ་བཏང་བ་རེད། །
ཐུགས་རྗེ་ཆེ། ཁྱེད་རང་རྣམ་པས་བཀའ་སློབ་གནང་བ་ངའི་སེམས་ལ་ཚོར་བ་ཆེན་པོས་བབས་བྱུང་། སྙན་ངག་བྲིས་པར་ངས་དགག་པ་རྒྱག་གི་མེད་དེ། ལོ་རྒྱུས་དང་སྒྲུང་རྩོམ་འདི་དག་ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་ཛ་དྲག་ལྟབུར་མཐོང་གི་འདུག་པས། ཁྱེད་རང་རྣམ་པས་འབྲི་རོགས་གནོངས་དང་། ངས་ཀྱང་མུ་མཐུད་དུ་བྲིས་ཆོག །
ངས།
ལོ་མང་ རིང་ལ་ མ་གཡོག་ ལས་ཀ་ བྱས་པ་ཡིན། ༼འདས་པ་༽
དེ་ཡི་ རྗེས་སུ་ ད་ལྟ་ མ་བྱན་ བྱེད་བགྱིད་ ཡོད། ༼ད་ལྟ་བ་༽
མ་འོངས་པར་ བོད་ཡིག་ རྩོམ་པ་པོ་ ཅིག བྱ་བགྱི་ ཡིན། ༼མ་འོངས་པ་༽
ལེགས་བཤད་ལྗོན་དབང་གི་རྩ་བ་ནས་གསུངས་པ་ལྟར་ན། མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མར་མིན་མེད་མཇུག །ཅེས་ལ་དྭགས་ཀྱི་ཁ་སྐད་དུ་ཤིན་ཏུ་ལེགས་ཞེས་པ་ལ་ མ་རྒྱལ་བ་ཟེར་ན་རང་ལུགས་ཀྱིས་མི་འཐད་དེ། མ་རྒྱལ་བ་ནི་རྒྱལ་ཁ་མ་ཐོབ་པའི་དོན་དུ་གོ་བ་ཡིན། དེས་ན་ངས་བསམ་ན་ མང་རྒྱལ་བ་ ཡང་ན་རྨང་རྒྱལ་བ་ལྟ་བུ་འདྲ་མིན་ནམ།
ཀརྡོ་གགཉེར་ཕྱག་པ་མཆོག་ལ། ད་ལྟ་བའི་ཚིག་འདྲེན་གཞན་ཞིག གྱིན་ཀྱིན་གིན་ཡིན་བཅས་ཀྱང་བཀོལ་སྲོལ་ཞིག་མཐོང་། དཔེར་ན། ཆོས་སྟོན་གྱིན་འདུག མཛེས་སྡུག་ལ་བསྟོད་ཀྱིན་འདི་ལྟར་སྨྲས། ལྟོ་ཆས་སློང་གིན་འདུག རང་སེམས་དགའ་ཡིན་ཞིག་དང་གླུ་ལེན་སོགས་ལ་བརྟག་ན། མ་བྱན་བྱེད་བགྱིད་ཡོད་ཅེས་པ་བརྗོད་མཁྲེགས་པས། མ་བྱན་བྱེད་ཀྱིན་ཡོད་ཅེས་འབྲིན་བརྗོད་བདེ་བ་མིན་ནམ།
ངས།
ལོ་མང་ རིང་ལ་ མ་གཡོག་ ལས་ཀ་ བྱས་པ་ཡིན། ༼འདས་པ་༽Past
དེ་ཡི་ རྗེས་སུ་ ད་ལྟ་ མ་བྱན་ བྱེད་བགྱིད་ ཡོད། ༼ད་ལྟ་བ་༽Present
མ་འོངས་པར་ བོད་ཡིག་ རྩོམ་པ་པོ་ ཅིག བྱ་བགྱི་ ཡིན། ༼མ་འོངས་པ་༽Future
ཡང་།
ལོ་མང་ རིང་ལ་ མ་གཡོག་ ལས་ཀ་ བྱེད་བགྱིན་ བསྡད་པ་ཡིན། ༼འདས་པ་༽Past continue
དེ་ཡི་ རྗེས་སུ་ ད་ལྟ་ མ་བྱན་ བྱེད་བགྱིན་ ཡོད། ༼ད་ལྟ་བ་༽Present continue
མ་འོངས་པར་ བོད་ཡིག་ རྩོམ་པ་པོ་ ཅིག བྱ་བགྱིན་ སྡོད་བགྱི་ ཡིན། ༼མ་འོངས་པ་༽Future continue
བོད་ཡིག་ནང་ལ་ཕྲད་གཞན་དབང་ཅན་མང་དྲགས་པས་སྐྱོན་ཡོད་རེད། ད་དུང་གིན་ཀྱིན་གྱིན་ཡིན་འིན་རྣམས། ཕྲད་གཞན་དབང་ཅན་མིན་བཞིན་དུ། ཨུ་ཚུགས་ཀྱིས་ཕྲད་གཞན་དབང་ཅན་དུ་སྨྱུག་འཛིན་པ་ཚོས། བསྣན་ནས་མང་དུ་མ་བཏང་ན། བོད་ཡིག་བོད་སྐད་ཤེས་སླ་བ་ལ་ཕན་ཐོགས་ཆེ་བར་ཡོད་པས་་་་་ དེས་ན། གིན་ཀྱིན་གྱིན་ཡིན་འིན་ལྔ་ཀའི་དོད་ལ། བགྱིན་གཅིག་པུས་འཐུས་པར་འདུག་པས། ཀུན་གྱིས་དགོངས་འཇགས་འཚལ། དོ་སྣང་དང་སྐྱོན་བརྗོད་ལ་དགའ་བསུ་དང་ཕེབས་བསུའང་ཡོད་ལགས།
Present perfect continue, Past perfect continue, future perfect continue ལ་བོད་སྐད་དུ་གང་ཟེར་རམ། དབྱིན་སྐད་བརྡ་སྤྲོད་ནང་འདས་མ་འོངས་ད་ལྟ་བ་བཅས་རེ་རེ་ལ་དུས་ཀྱི་རྣམ་གྲངས་མི་འདྲ་བ་བཅུ་གཉིས་ཙམ་འདུག་པས། བོད་རང་རེར་འདས་མ་འོངས་ད་ལྟ་བ་དང་སྐུལ་ཚིག་བཅས་བཞི་མ་གཏོགས་དུས་གསུམ་གྱི་རེའུ་མིག་གང་ནས་ཀྱང་མ་མཇལ། གཤམ་གསལ་དབྱིན་སྐད་དུ་ཡོད་པའི་བརྗོད་པ་རྣམས་བོད་སྐད་དུ་བསྒྱུར་བ་མཛད་རོགས། I go. I am going. I have gone. I have been going. Break ,breaking, broke, broken, speak, speaking, spoke, spoken, བཅས་ཀྱི་བྱ་ཚིག་རྣམས་ལ་བོད་སྐད་དུ་བརྗོད་སྟངས་མི་འདྲ་བ་ཞིག་ཡོད་དམ་མེད།
Break = གཅོག་པ།
breaking = གཅོག་བཞིན་པ།
broke = བཅག་ཟིན་པ།
broken = བཅག་ཟིན་པ།
speak = བཤད་པ།
speaking = ཤོད་བཞིན་པ།
spoke = བཤད་ཟིན་པ།
spoken = བཅད་ཟིན་པ།
I go. = ང་འགྲོ
I am going. = ང་འགྲོ་བཞིན་༼བགྱིན་༽ཡོད།
I went. = ང་ཕྱིན་པ་ཡིན།
I have gone. = ང་ཕྱིན་ཟིན་པ་ཡིན།
I have been going. = ང་འགྲོ་མྱོང་།
རོབ་ཚོད་ཙམ་ལས་མི་ཤེས་པས་དག་བཅོས་ཡོད་པར་མཁྱེན།
ཀརྡོ་མཆོག་བཀའ་དྲིན་ཆེ། ཕྱིན་པ་ཡིན་དང་། ཕྱིན་ཟིན་པ་ཡིན་གཉིས་ཀྱི་བར་ལ་ཁྱད་པར་ཞིག་གསལ་བཤད་གནང་རོགས། གལ་ཏེ་དེ་གཉིས་ལ་ཁྱད་པར་ཡོད་ན་ནི། གཉིས་ཀ་བྱ་ཚིག་འདས་པ་སོང་ཙང་འདས་པའི་ནང་ཚན་མིང་ཞིག་ངེས་པར་དགོས་པས། མིང་ཅི་བཏག་དགོས།
༢༥༽ ལ་དྭགས་ངག་དབང་རྒྱ་མཚོ་ལགས།
ཁྱེད་ཀྱིས། དབྱིན་སྐད་བརྡ་སྤྲོད་ནང་འདས་མ་འོངས་ད་ལྟ་བ་བཅས་རེ་རེ་ལ་དུས་ཀྱི་རྣམ་གྲངས་མི་འདྲ་བ་བཅུ་གཉིས་ཙམ་འདུག་པས། གསུངས་པ་ལྟར། བརྗོད་པ་རེ་རེ་བཞིན་ཨིན་སྐད་འདིར་བཀོད་གནོངས་དང་། དེ་ནས་ང་ཚོས་ཕར་ལབ་ཚུར་ལབ་ཀྱིས་བོད་སྐད་སྔར་ཡོད་གསར་དུ་མངོན་གསལ་དོད་པོར་སྟོན་ཐུབ་པའང་སྲིད། དཔེར་ན། ཨིན་སྐད་ནང་ལ། རྣམ་དབྱེ་བདུན་པོ་ཆ་ཚང་བ་ཡོད་པ་དཔེར་ན།
1. I.
2. .. go to …
3. … by me
4. for me.
5. from me.
6. my hand.
7. on me.
༢༥༽ལ་དྭགས་ངག་དབང་རྒྱ་མཚོ་ལགས།
བོད་ཡིག་བོད་སྐད་ཀྱི་འགྲོ་སྟངས་གཞིར་བཞག་ནས། ཨིན་སྐད་ནས་བོད་སྐད་དུ་ཚུར་བསྒྱུར་ཚུལ་གཅིག་དང་། ཨིན་ཡིག་ཨིན་སྐད་ཀྱི་འགྲོ་སྟངས་གཞིར་བཞག་ནས། ཨིན་སྐད་ནས་བོད་སྐད་དུ་བསྒྱུར་བ་གཉིས་ལ་མི་འདྲ་བ་ཅུང་ཟད་འོངས་སྲིད་པ་རེད། དེས་ན། ང་ཕྱིན་པ་ཡིན་དང་། ང་ཕྱིན་ཟིན་པ་ཡིན་གཉིས་ཀྱང་ཨིན་སྐད་འགྲོ་ལུགས་དང་བསྟུན་ནས་མིང་གསར་ཅིག་ཐོབ་དགོས་ཀྱང་། དེ་ནི་ད་ལྟ་ང་ལ་ཞུ་རྒྱུ་ཅང་མི་འདུག་པས། དགོངས་དག་ཞུ་རྒྱུ་ལས་མ་འདས།
broke = བཅག་ཟིན་པ།
broken hand = བཅག་༼ཆག་༽ཟིན་པའི་ལག་པ།
ཀརྡོ་ལགས་སོ།
1Present Indefinite: I see.
2 present continue: I am seeing.
3 Present Perfect: I have seen.
4 Present perfect continue: I have been seeing.
1 Past indefinite: I saw.
2 Past continue: I was seeing.
3 Past perfect: I had seen.
4 Past perfect continue: I had been seeing.
1 Future indefinite: I will see.
2 Future continue: I will be seeing.
3 Future perfect: I shall have seen.
4 Future perfect continue: I shall have been seeing. འདི་རྣམས་ནི་དབྱིན་སྐད་བརྡ་སྤྲོད་ཀྱི་དུས་གསུམ་སོ་སོའི་ནང་ཚན་གྱི་དབྱེ་བ་བཅས་སོ། །དེའི་སྐོར་བོད་སྐད་དུ་ཁུངས་དག་ཅིག་སློབ་གསོ་ཐུབ་པའི་རེ་བ་ཆེན་པོ་ཡིན། སྐུ་ཉིད་ཀྱི་བྲིས་གནང་བའི་རྣམ་དབྱེ་བདུན་ཙམ་དེ་ལ་སྒྱུར་ནི། ང་ ངོ་བོ་ཙམ་སྟོན་པ། ང་འགྲོ ལས་སུ་བྱ་བ། ངས་བྱེད་བྱེད་སྒྲ ང་ལ་དགོས་ལྟ་བུ་དགོས་ཆེད། ང་རང་གི་ཕྱོགས་ནས་ལྟ་བུ་འབྱུང་ཁུངས། ངའི་ལག་པ་ཡན་ལག་ཅན་གྱི་འབྲེལ་སྒྲ། ང་ལ་ལྟ་བུ་རྟེན་གནས། ཀྱཻ་བླ་མ་ལྟ་བུ་འབོད་པའི་སྒྲའོ། །
1. Present Indefinite: = ངེས་མེད་ད་ལྟ་བ།
I see. = ངས་ ལྟ།
2. present continue: = འབྱུང་བཞིན་པའི་ད་ལྟ་བ།
I am seeing. = ངས་ ལྟ་བཞིན་ ཡོད། ངས་ ལྟ་བགྱིན་ ཡོད། ང་ ལྟ་བགྱིན་ སྡོད་ཡོད།
3. Present Perfect: = ཆ་ཚང་བའི་འདས་པ།
I have seen. = ངས་ མཐོང་ མྱོང་། ངས་ བལྟས་པ་ ཡིན།
4. Present perfect continue: = ཆ་ཚང་འབྱུང་བཞིན་པའི་ད་ལྟ་བ།
I have been seeing. = ངས་ ཆ་ཚང་ ལྟ་བཞིན་པའི་ སྒང་ ཡིན།
ངས་ཨིན་སྐད་ཡག་པོ་མི་ཤེས་པའི་སྟེང་དུ། ཨིན་སྐད་སུམ་རྟགས་བོད་སྐད་དུ་བསྒྱུར་བར་ངོ་ཚ་བཞིན་པའི་ཐོག་ནས་ཨུ་ཚུགས་བརྒྱབ་ནས་བྲིས་པ་ཡིན་པས། གོང་གསལ་དག་ནི་དཔྱད་གཞི་ཙམ་མོ། ཀུན་གྱི་དར་ཐེར་མཐར་ཕྱིན་པ་ཅིག་གནང་ཐུབ་ན། མི་རབས་རྗེས་མར་ཕན་ཐོགས་པ་ཡང་མི་སྲིད་པ་མིན་ལགས།
1 Past indefinite: ༡༽ ངེས་མེད་འདས་པ།
I saw. ངས་ བལྟས་པ་ ཡིན།
2 Past continue: ༢༽ འབྱུང་བཞིན་པའི་འདས་པ།
I was seeing. ངས་ ལྟ་བགྱིན་ བསྡད་པ་ ཡིན།
3 Past perfect: ཆ་ཚང་བའི་འདས་པ།
I have seen. = ངས་ མཐོང་ མྱོང་། ངས་ བལྟས་པ་ ཡིན།
I had seen. ངས་ བལྟས་ ཚར་པ་ ཡིན། ངས་ མཐོང་ ཟིན་པ་ རེད།
4 Past perfect continue: ཆ་ཚང་འབྱུང་བཞིན་པའི་འདས་པ།
I had been seeing. ༼དེ་དུས་༽ངས་ ཆ་ཚང་ ལྟ་བགྱིན་ བསྡད་པའི་ སྒང་ལ་ རེད།
འདིར་ཡིན་དེ་ཚོ་རེད་ལ་འགྱུར་འགྲོ་བ་འདྲ། ཡག་པོ་རང་མི་ཤེས།
1 Future indefinite: ༡༽ ངེས་མེད་མའོངས་པ།
I will see. ངས་ བལྟ་བགྱི་ ཡིན།
2 Future continue: ༢༽ འབྱུང་བཞིན་པའི་མ་འོངས་པ།
I will be seeing. ༼དེ་དུས་༽ ང་ ལྟ་བགྱིན་ སྡོད་བགྱི་ རེད།
3 Future perfect: ༣༽ ཆ་ཚང་བའི་མ་འོངས་པ།
I shall have seen. ༼དེ་དུས་༽ ངས་ ༼ཆ་ཚང་༽ ལྟ་བཞིན་པའི་ སྒང་ལ་ ཡིན་བགྱི་ རེད།
4 Future perfect continue: ༤༽ ཆ་ཚང་འབྱུང་བཞིན་པའི་མ་འོངས་པ།
I shall have been seeing. ༼དེ་དུས་༽ ངས་ ༼ཆ་ཚང་༽ ལྟ་བཞིན་པའི་ སྒང་ལ་ ཡིན་བགྱི་ རེད།
ཀརྡོ་ལགས་སྙིང་ནས་ཐུགས་རྗེ་ཆེ། ངས་ཡུན་རིང་ཞིག་ནས་སྒྱུར་འདི་ལ་བསྒུགས་ནས་སྡོད་ཡོད། ངས་ཀྱང་དབྱིན་སྐད་དང་དབྱིན་སྒྲ་ཆ་ཚང་པོ་ཞིག་མི་ཤེས། ང་རང་ལ་དྭགས་སུ་དགོན་སྡེ་ཁག་གི་སློབ་དགེ་ཞིག་སོང་ཙང་འདི་ཚོ་གལ་ཆེར་བརྩིས་ནས་བཀའ་འདྲི་ཞུས་པ་ཡིན། ཕན་ཐོགས་ཆེན་པོ་བྱུང་སོང་བཀའ་དྲིན་་བླ་མེད་ཞུ།
ཀརྡོ་གཉེར་ཕྱག་མཆོག་ལ། ཨིན་སྐད་སུམ་རྟགས་དེ་གོ་མི་བདེ་ཞིང་། ཨིན་སྐད་བརྡ་སྤྲོད་ལབ་ན་ཅི་སྙམ།
༣༤༽ ལ་དྭགས་ངག་དབང་རྒྱ་མཚོ་ལགས་སུ།
English grammar = ཨིན་སྐད་བརྡ་སྤྲོད། ༼ཨིན་སྐད་བརྡ་སྤྲོད་པའི་གཞུང་།༽གསུངས་པ་ལྟར་དེ་དེ་བཞིན་ནོ་ཞུའོ།།
ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལེགས་དང་།
ཞང་ཞུང་པ་ལ་དྭགས་ངག་དབང་རྒྱ་མཚོ་ལགས།
ཁྱེད་རྣམ་པ་གཉིས་ཀྱི་གཙོས་པའི་དྲ་གྲོགས་དོ་སྣང་ཅན་ཚོས་དྲ་རྒྱ་འདིར་ཡང་སྤྱན་དཀྱུས་གཡོ་ཙམ་གནང་གནོངས་རོགས།
http://www.tibetarchaeology.com/newsletter/
ལ་དྭགས་པ་རྣམ་པ་གཉིས་དང་གཞན་དྲ་གྲོགས་ཚོས་དྲྭ་རྒྱ་འདིར་ཡང་གཟིགས་ཙམ་གནོངས།
http://tedahl.org/projects/rock-art-preservation/
ཞང་ཞུང། སྔར་ཡུལ་དེའི་ས་བདག་ནི་ཆོས་རྒྱལ་གྱི་གདུང་རྒྱུད་ལས་མཆེད་པས་བཙན་པོའི་གཉེན་དུ་གྲགས་པའི་རྒྱལ་ཕྲན་ཞིག་བརྗོད་ཀྱང་། ཕྱིས་བཙན་པོའི་མངའ་བབངས་སུ་བཅུགས། གཡུང་དྲུང་བོན་ལུགས་སྔ་ཤོས་དར་བའི་གནས་སུ་གྲགས། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་གུ་གེའི་ཡུལ་ས་དེ་ཉིད་ཡིན་གསུངས། ད་ལྟ་སྟོད་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ཡོད། ཡིན་ཀྱང་ལ་དྭགས་གཤམ་ཕྱོགས་ན་གཡུང་དྲུང་ཐར་པ་གླིང་ཞེས་པའི་དགོན་པ་ཞིག་ཡོད། སྤྱིར་བཏང་ནས་གཡུང་དྲུང་གི་རི་མོ་དེ་ལ་འགྲེལ་བཤད་ཅིག་དཀོན་པ་མཐོང་།
ལ་དྭགས་བློ་བཟང་འཇམ་དཔལ་སྐུ་མཁྱེན། གོང་གི་ཨིན་སྐད་བརྡ་སྤྲོད་ནང་གི་དུས་གསུམ་གྱི་ནང་ཚན་དཔེར་བརྗོད་དང་བཅས་པ་དེ་ལ་གསལ་ཁྲིད་ཅིག་གནང་རོགས། དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱབ་པར་གསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། ། དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །ཞེས་གསུངས་པ་ལྟར། མཁས་པའི་ལེགས་བཤད་བློ་མུན་སེལ་དུ་མ་ཕན་ན།། མཁས་པ་མང་ཡང་འཇིག་རྟེན་མ་སྨིན་མུན་པའི་གླིང། །དེ་བཞིན་ཁྱེད་ཀྱི་མྱོང་བའི་སྦྲང་རྩིས་བློ་དམན་བདག །བློ་ཡི་སྟོབས་ཀྱིས་སྤོབས་པས་གཞན་ལ་ཅིས་མི་སྒྲོགས། །
སྐད་རིགས་ཤེས་པ་ལ་སྐད་རྒྱབ་མཁན་གྱི་མི་དང་འབྲེལ་ནས་སྐད་བརྒྱབ་པ་གལ་ཆེ། ཞེས་པ་འགྲིག་འདུག སྐད་རིགས་ཤེས་པ་ལ་སྐད་ཡིག་ཤེས་མཁན་གྱི་མི་དང་ལྷན་དུ་སྐད་ཆ་བཤད་རྒྱུ་གལ་ཆེ། ཞེས་པ་ངེས་པར་དུ་གལ་ཆེ་བ་མ་མཐོང་སྟེ། སྐད་རིགས་ལ་རྩ་དཔྱོད་གཏོང་མཁན་མཁས་པ་རྣམ་དཔྱོད་ཡོད་པ་ཞིག་ལ་ས་གནས་ས་གཏོགས་ཀྱི་མི་སྐད་ཡིག་མ་ཤེས་མཁན་སྐད་ཙམ་ཤེས་མཁན་མི་དང་ལྷན་དུ་སྐད་ཆ་བཤད་པ་ནས་ཚོད་ཛིན་ཐུབ། འབྱུང་ན་རབ་དང་མ་འབྱུང་ན་ངེས་པར་དུ་དགོས་པ་ཞིག་ཨེ་ཡོད་སྙམ།
ལ་དྭགས་ངག་དབང་རྒྱ་མཚོ་ལགས། །
ཁྱེད་ཞང་ཞུང་པ་ཡིན་ནམ།
བོན་པོ་མཁྱེན། ང་ནི་མངའ་རིས་མང་ཡུལ་ནས་ཡིན། ཞང་ཞུང་ནས་མིན། ཡིན་ཀྱང་ཞང་ཞུང་ནས་ཡབ་མེས་དཔལ་གྱི་ལྡེའི་གཅུང་ལྡེ་གཙུག་མགོན།དེ་དུས་ཞང་ཞུང་དུ་བཞུགས་ནས་རྒྱལ་སྲིད་བསྐྱངས་ཡོད་འདུག
ལ་དྭགས་ངག་དབང་རྒྱ་མཚོ་ལགས། །
མང་ཡུལ་ཡིན་ནམ་མར་ཡུལ་ནས་ཡིན། མངའ་རིས་ཀྱི་ས་ཆ་ག་བར་གཏོགས་ཡོད་དམ།
མངའ་རིས་ནས་ཡིན། ཞང་ཞུང་ནས་མིན་གསུངས་པ་དེ་ནི་དོན་ལ་གནས་ཀྱི་ཨ་ཡོད་ན། དེ་ནི་ཕལ་ཆེར་ང་ལ་དྭགས་ནས་མིན་་་སླེ་ནས་ཡིན་ཟེར་བ་དང་མཚུངས་པར་སྙམ། །
གཡུང་དྲུང་ཐར་པ་གླིང་དགོན་པ་དང་། བླ་མ་གཡུ་རུ་དགོན་པ་གཉིས་ལ་ཁྱད་པར་ཡོད་དམ་ལགས། །
བོན་པོ་ལགས། མགོ་ལ་རྐང་པ་དང་། རྐང་པ་ལ་མགོ་ཞེས་མིང་གཅིག་བཏག་ན། ཞྭ་མོ་རྐང་པ་ལ་གྱོན་ནས། རྐང་ཤུབས་མགོ་ལ་གྱོན་པ་དང་ཁྱད་པར་མི་འདུག མངའ་རིས་སྐོར་གསུམ་བརྩི་ཚུལ་ལ་གཉིས་དབྱེ་ནས་བཤད་ཡོད། བསྟན་པ་སྔ་དར་གྱི་མངའ་རིས་སྐོར་གསུམ་ཞིག་དང་། བསྟན་པ་ཕྱི་དར་གྱི་མངའ་རིས་སྐོར་གསུམ། བསྟན་པ་སྔ་དར་གྱི་མངའ་རིས་སྐོར་གསུམ་ནི། པུ་རང་། ཟངས་དཀར། མར་ཡུལ་གསུམ་སྐོར་གཅིག ལི་ཡུལ། བྲུ་ཞ། སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་། ཁྲི་སྡེ་སྟོད་དང་། ཁྲི་སྡེ་སྨད་གསུམ་ལ་སྐོར་གཅིག་བཅས་གོང་གསལ་སྡེ་ཚན་དགུ་ལ་བོད་ལྗོངས་སྟོད་ཀྱི་གླིང་དགུ་འམ་མངའ་རིས་སྐོར་གསུམ་ཞེས་ཟེར།
བསྟན་པ་ཕྱི་དར་གྱི་མངའ་རིས་སྐོར་གསུམ་ནི། སྟོད་ཀྱི་ཕྱོགས་སུ་རྒྱལ་ཕྲན་ཞྭ་ཙམ་ཆགས་ཞེས། པུར་རྒྱལ་བོད་ཀྱི་གདུང་རྒྱུད་འཁྲུལ་མེད་དུ་གྲགས་པ། སྐྱིད་ལྔེ་ཉི་མ་མགོན་གྱིས་སྟོད་མངའ་རིས་སུ་རྒྱལ་སྲིད་མཛད་པ་ལ་སྲས་སྟོད་ཀྱི་དགོན་གསུམ་འཁྲུངས། ཁོང་གསུམ་ལ་མངའ་རིས་སོ་སོར་བགོས་ནས། མངའ་རིས་གུ་གེ་ལ་སྐོར་གཅིག མང་ཡུལ་ལ་དྭགས་ལ་སྐོར་གཅིག ཟངས་དཀར་སྒོ་གསུམ་ལ་སྐོར་གཅིག་བཅས་ནི་ཕྱི་དར་གྱི་མངའ་རིས་སུ་གྲགས། མདོར་ན་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་གསུམ་ལས་ཆེ་བ་དཔལ་ལྡེ་དགོན་གྱིས་མངའ་རིས་མང་ཡུལ་ལ་དྭགས་སུ་མངའ་མཛད། ལྡེ་གཙུག་དགོན་གྱིས་མངའ་རིས་ཞང་གཞུང་དུ་མངའ་མཛད་པས་ལ་དྭགས་དང་ཞང་ཞུང་གཉིས་ཡིན་པ་ལས་གཅིག་མ་ཡིན་ནོ། །
གཡུང་དྲུང་དང་ཡུ་རུ་གཉིས་ལས་གཡུང་དྲུང་དག་པ་ནི་ལ་དྭགས་ཀྱི་རྒྱལ་རབས་གསར་རྙིང་མང་ཆེ་བ་ནས་གསལ། དེ་ལ་གཡུང་དྲུང་ཞེས་མཚན་ཐོགས་ཚུལ་ནི། སྔོན་ལ་དྭགས་ཀྱི་ས་གཞི་མང་ཆེ་བ་དེ་མཚོ་ཡིན་པར་བཤད། དེ་དུས་དགྲ་བཅོམ་པ་ཉི་མ་དགུང་པ་གནས་དེར་རྫུ་འཁྲུལ་གྱིས་འཕེབས་ནས་འབྲུ་ཡིས་ས་གཞི་བྱིན་གྱིས་བརླབས་པའི་འབྲུ་ཆུའི་ནང་ལ་ཟག་པ་རྣམས་གཡུང་དྲུང་གི་དབྱིབས་སུ་གྱུར་ནས་ལྗངས་པ་སྐྱེས་པར་བརྟེན་ཡུང་དྲུང་ཞེས་མིང་དུ་ཐོགས། བླ་མ་ཡུ་རུ་ཞེས་པའི་མིང་དེ་ནི་ཕྱིས་སུ་རྒྱ་གར་བ་དང་ཕྱི་རྒྱལ་པའི་གནས་སྐོར་སྤྲོ་འཁྱམ་པ་ཚོས་བཏགས་པ་ཞིག་ཡིན་འདུག ཡིན་ན་ཡང་གཡུང་དྲུང་གི་རི་མོའི་སྐོར་ཞིག་ཤེས་འདོད་བྱུང་བས་བོན་པོ་ལགས་ཉིད་རང་གིས་གསལ་བཤད་ཅིག་གནང་རོགས།
མི་རབས་ཕྱི་མ་ཚོས་བོད་ཡིག་བདག་པོ་ལེགས་པར་བརྒྱག་ཐུབ་བམ། བརྒྱ་ཆའི་ནང་ནས་བོད་ཧེ་མ་ལའི་ནང་བོད་ཡིག་ཤེས་མཁན་ག་ཚོད་ཡོད་པ་ཏན་ཏན་བཤད་ཐུབ་མཁན་ཡོད་དམ། དེང་དུས་ཀྱི་ན་གཞོན་ཚོར་བོད་ཡིག་ལ་སྤྲ་ོ་སྣང་ཡོད་དམ་མེད། མེད་ན་ཉེན་ཁ་ཡོད་པ་ཇི་ལྟར་ཤེས།