རེབ་ཐོག་མདའ།
འཛུམ་ཆུང་ལྷུག་ལྷུག་ཁྲོད་ཀྱི་རྩ་བའི་བླ་མ།།
འདི་ཕྱི་ལམ་སྣ་འདྲེན་པའི་སྐྱབས་གནས་ཡིན་སོང་།།
འཁོར་བའི་གྲོང་ན་ལྷག་པའི་མ་གྱུར་འགྲོ་བ།།
བླ་མའི་ཐུགས་རྗེ་ལྕགས་ཀྱུས་འདྲེན་རྒྱུ་བྱུང་ན།།
ཡབ་གཅིག་བླ་མའི་གདན་ས་དགའ་ལྡན་གླིང་ནས།།
ཁྱོད་གསུང་བདུད་རྩི་བུ་ངའི་སེམས་ལ་བབས་པའི།།
མི་ཚེ་སྐྱིད་སྡུག་ལས་ཀྱི་སྣེ་མོ་དེ་ནས།།
དྲིན་ཆེན་བླ་མ་སྙིང་གི་དཀྱིལ་ལ་སྒོམ་ཡོད།
གནས་ཡུལ་གང་དུ་འགྲིམས་ཀྱང་བླ་མའི་ཞབས་རྗེས།།
གནས་དེའི་འགྲོ་བ་སྡུག་གི་དོང་ལས་དྲངས་འགྲོ།།
བླ་མའི་གསེར་ཞལ་རྒྱང་རིང་མཐའ་ནས་མཇལ་ཡང་།།
ཡ་ཁོག་དཀྱིལ་ལ་སྔར་མེད་དྲོད་ཞིག་འཁྱུལ་ཐལ།།
བླ་མ་ཁྲི་ལ་བཞུགས་པའི་ཉི་མ་སེར་པོ།།
ཁ་བ་རི་བའི་གྲོང་ལ་འཆར་རྒྱུ་བྱུང་ནས།།
དྲིན་ཆེན་བླ་མ་དམ་པའི་གསུང་སྐད་སྙན་མོ།།
ཕུ་ནུ་མིང་སྲིང་དག་གིས་ཐོས་རྒྱུ་བྱུང་ན།།
བསྟན་པའི་གཞུང་ཆེན་འཆད་ལ་ཐོག་པ་མེད་པའི།།
དགེ་བའི་བཤེས་གཉེན་གྲྭ་བཙུན་ཁྲི་སྟོང་གཙུག་ལ།།
ང་ཡི་བླ་མས་གནང་བའི་བྱིན་རླབས་བདུད་རྩི།།
དགུ་ཀླུང་རིང་མོའི་འགྲམ་ཀྱི་ཨ་མར་ཐོབ་ན།།
སྲས་གཙང་སྲས་པོ་བདག་གི་སྟོན་པ་ཡིན་ཡང་།།
ཆོས་ཕུང་བརྒྱ་ཁྲི་བཞི་སྟོང་ཁོང་གི་གསུངས་ཡང་།།
ང་ཡིས་བླ་མ་ཡིད་བཞྀན་ནོར་བུ་ལས་ལྷག།།
འདི་ཕྱི་སྟོན་པ་ཞིག་ལ་མཇལ་རྒྱུ་ཨེ་ཡོད།།
མགོ་སེར་མགོ་ནག་མི་ཚོགས་ཁྲི་ཕྲག་འབུམ་ཕྲག།
བདག་གི་བླ་མ་མི་བཀུར་སྐྱེ་བོ་སུ་ཞིག།
ཕྱི་ནང་གྲུབ་མཐའ་རྩོད་པའི་ཆོས་ལུགས་མང་ཡང་།།
འཚེ་མེད་ཞི་བདེ་གླེང་བ་ཁྱོད་ལས་སུ་ཞིག།
རང་ལས་གཞན་གཅེས་བླ་མའི་བཀའ་གསུང་སྙན་མོ།།
སྲོག་ལྡན་སྐྱེ་བོ་ཀུན་ཀྱི་གྲོགས་སུ་གྱུར་སོང་།།
འཛམ་གླིང་གོ་ལའི་གཙུག་གི་རིན་ཆེན་ནོར་བུ།།
ང་ཡི་བླ་མ་ལས་ལྷག་སུ་ཡང་མ་མཆིས།།
ཕྱག་ཟུང་ཐལ་མོ་སྦྱར་ནས་གླིང་འདི་སྐོར་ན།།
དབུལ་པོའི་མྱི་ལ་བདེ་བའི་དུས་ཤིག་འཆར་ཡོང་།།
འཛུམ་ཆུང་མེ་ཏོག་ལྷུག་ལྷུག་གདོང་ནས་བཞད་པར།།
དབང་ཆེན་རྒྱུ་ཆེན་ཡིན་ཡང་མགོ་བོས་གཏུགས་འདུག།
བླ་མ་སྤྲུལ་སྐུ་མང་པོའི་འདུ་རའི་དབུས་ན།།
ང་ཡིས་བླ་མ་སྐར་ཚོགས་ཁྲོད་ཀྱི་ཟླ་བ།།
ཆོས་ལུགས་གྲུབ་མཐའ་མང་བའི་ས་སྒང་འདི་རུ།།
ང་ཡིས་བླ་མ་གཉུག་མའི་དུས་ཀྱི་སངས་རྒྱས།།
ཕྱི་ནང་གཉི་ཀའི་མིག་ཟུང་ཁྱོད་ལ་གཏད་ཡོད།།
འདི་ཕྱི་གཉི་ཀའི་སྨོན་ལམ་ཁྱོད་ལ་བཏབས་ཡོད།།
ང་དང་ཁ་བ་བོད་པའི་བདེ་སྡུག་མཁྱེན་པའི།།
དྲིན་ཆེན་བླ་མ་སྐུ་ཚེ་བསྐལ་བརྒྱར་བརྟན་ཤོག།
སྙན་པོ་འདུག མཐེ་བོང་གནམ་ལ་བཀལ།
༸གོང་ས་མཆོག
གཞིས་བྱེས་གཉི་གའི་མིག་ཟུང་༸ཁྱེད་ལ་གཏད་ཡོད། །
འདི་ཕྱི་གཉིས་ཀའི་ལམ་སྟོན་༸ཁྱེད་ལ་ཞུས་ཡོད། །
བོད་དང་རྒྱལ་སྤྱིའི་རེ་བ་༸ཁྱེད་ལ་བཅོལ་ཡོད། །
ཛམ་གླིང་བླ་མ་༸གོང་ས་མཆོག་༸ཁྱེད་མཁྱེན་ནོ། །