རེབ་ཐོག་མདའ།
ལོ་ན་མ་སོན་བྱིས་པ་ཆུང་ཆུང་རེད།།
ཨ་མར་བྲལ་ནས་ཟླ་བ་ཁ་ཤས་རེད།།
གཟན་ཤམས་དམར་བོ་ཁྱོད་ཀྱི་རྨི་ལམ་རེད།།
འདུག་ཁང་གྲུ་བཞིའི་སྦུག་གི་གཅེས་ཕྲུག་རེད།།
བླ་མ་མཆོད་པ་བློ་ན་མི་འདུག་མོད།།
སངས་རྒྱས་བསྟན་པ་སྐྱོང་བའི་བསྟན་འཛིན་རེད།།
མ་ནི་ཡིག་དྲུག་གོ་བ་མི་རྟོགས་མོད།།
ཨ་ཕའི་མགོ་ལ་བཀུར་སའི་སྐྱབས་གནས་རེད།།
དགེ་སྡིག་གཉིས་ཀའི་དབྱེ་བ་མ་ཤེས་ཀྱང་།།
ལག་ཟུང་གཉི་ཀ་ཐལ་མོ་སྦྱོར་ནས་འདུག།
རྡབ་རྡིབ་ངག་དེ་རྣ་ལ་མི་གསལ་ཡང་།།
འདི་ཕྱི་གཉི་ཀའི་སྨོན་ལམ་འདེབས་ཀྱི་འདུག།
དགུན་ཀྱི་གྲང་མངར་ལྡིང་བའི་ཆོས་ར་ན།།
དྷི་སྐད་ལྷང་ལྷང་སྒྲོགས་པའི་ཆོས་ར་ན།།
ཨ་མ་དྲན་པའི་ལོ་ཆུང་བན་ཕྲུག་ཁོང་།།
སེམས་པ་རྒྱང་རིང་ཕ་ཡུལ་གྲུ་ལ་ཤོར།།
བདེན་རྫུན་དབྱེ་བ་ཁྱོད་ཀྱིས་མི་ཤེས་ཀྱང་།།
དཀར་ནག་དགེ་བ་ཁྱོད་དང་ཁ་ཐག་ཉེ།།
བདག་གི་མིག་ན་ཁྱོད་རང་ཆུང་ན་ཡང་།།
ཁྱོད་རང་བདག་གི་འདི་ཕྱིའི་ལམ་སྟོན་ཡིན།།
ལོ་ཆུང་བན་ཕྲུག
ད་ལྟའི་རྡབ་རྡིབ་ངག་དེ་ཡང་། །
མ་འོངས་དྷི་སྐད་ལྷང་ལྷང་སྒྲོག །
ད་ལྟ་ཡིག་དྲུག་འདོན་ཤེས་ཙམ། །
མ་འོངས་ལུང་རྟོགས་བསྟན་འཛིན་ངེས། །
བན་ཕྲུག་ཆུང་ཆུང་ལྷ་རིགས་འདྲ་བོ་དེ།
བསོད་ནམས་ཅན་གི་ཕ་མའི་བསྟན་སྐལ་ཡིན།།
བཙུན་ཕྲུག་དར་མ་གསར་སྐུ་བླུགས་མ་དེ།
ཚངས་སྤྱོད་མེད་པའི་ཨ་ཁུའི་ཚུལ་ཁྲིམས་ཡིན།
བན་ཕྲུག་ཁོང་ལ་ལྷད་མེད་སེམས་ཤིག་གདའ།
མ་འོངས་བསྟན་པ་འཛིན་པའི་སྙིང་སྟོབས་མཆིས།
སྙིང་རྗེའི་ལམ་ལ་འཇུག་པའི་ལས་ཤིག་འདུག
སྐྱེ་འགྲོའི་བདེ་སྐྱིད་བསམ་པའི་རྒྱུ་ཞིག་ལྡན།