བསེ་སྐྱེས་ལད་པོ།
ཉི་མ་རྒྱབ་རིའི་ཕག་ལ་ཡོལ་སོང
བསིལ་རླུང་དལ་གྱིས་བསྐྱོད་པའི་ས་སྲོད་དེ་ལ
ཚེ་སྲོག་གཅིག་གི་རྣམ་ཤེས་གཞན་ལ་འཁྱམས་སོང
རྣམ་ཤེས་དེའི་མེ་ལྕེ་ཡིས་ལུས་མཆོད་སྦར་བཞིན་ཕྱིན་སོང
རྣམ་ཤེས་དེས་འབོད་སྐུལ་དང་ཕྱི་མིག་བསྐྱུར་ནས་འགྲོ་སོང
རྣམ་ཤེས་དེས་གངས་རི་དང་རྩྭ་ཐང་བཞག་ནས་བུད་སོང
རྣམ་ཤེས་དེས་ཕ་མ་དང་སྤུན་ཟླ་བསྐྱུར་ནས་ཡལ་སོང
འདི་ལྟར་རྣམ་ཤེས་གྲངས་མེད་ཅིག་བཞུད་ཟིན་པས
མེ་ལྕེའི་ཁྲོད་ཀྱི་རྣམ་ཤེས་དེ་དག
ཡང་སྙིང་ཅི་ཞིག་གི་ཆེད་དུ་འབར་སོང་ངམ
དྲང་བདེན རང་དབང ཐོབ་ཐང ཞི་བདེ མི་རིགས
ངའི་སྐྱབས་མགོན་ལགས
འདི་ལྟར་ང་ཚོའི་ཚེ་སྲོག་ག་ཚོད་ཞིག་བཞུད་དགོས་སམ
འཇིག་རྟེན་ན་བདེན་པ་འཆད་པའི་མིག་ཤེས་ཞིག་ཨེ་ཡོད
ཟེར་བཞིན་ཨ་མ་རྒན་མོའི་ངག་ནས་ཡིག་དྲུག་སྐྱོར་བཞིན
སྐྱོ་གདུང་གི་སྤྱན་ཆབ་དང་ལྷན་དུ་རྩ་བའི་བླ་མ་མཁྱེན
ཞེས་སྨོན་ལམ་གྲངས་མེད་འདེབས