བྱ་མོ་དང་སྒོང་ང་གཉིས་ལས་གང་ཞིག་སྔོན་ལ་བྱུང་མིན་གྱི་རྩོད་པ་དེ་སྤྱིའི་ཆ་ནས་བྱིས་པའི་རྩོད་པ་ལྟ་བུ་ཞིག་རེད། ཡིན་ན་ཡང་། བྱ་མོ་དང་སྒོང་ང་གཉིས་ལས་གང་ལ་རིན་ཐང་ཆེ་མིན་གྱི་རྩོད་པ་དེ་ཇི་ལྟ་བུ་ཞིག་ཡིན་ནམ། ད་ལྟའི་བཙན་བྱོལ་ནང་གི་རྩོད་པ་སྟེ། རང་བཙན་དང་རང་སྲིད་རང་སྐྱོང་གི་རྩོད་པ་གཉིས་ནི་ཏག་ཏག་བྱ་མོ་དང་སྒོང་ངའི་རྩོད་པ་ལྟ་བུ་ཞིག་རེད། ཡིད་མི་ཆེས་ན་མུ་མཐུད་ནས་ཀློག་རོགས།
གལ་སྲིད་རང་སྲིད་རང་སྐྱོང་སྒོང་ང་ཡིན་པ་དང་། རང་བཙན་བྱ་མོ་ཡིན་པའི་དབང་དུ་བཏང་ན། རང་སྐྱོང་དགོས་ཟེར་མཁན་ཚོས་སྒོང་ང་དགོས་ཟེར་བ་དང་། རང་བཙན་དགོས་ཟེར་མཁན་ཚོ་ནི་བྱ་མོ་དགོས་ཟེར་བ་རེད། རྒྱ་དམར་སྲིད་གཞུང་གིས་ང་ཚོའི་བྱ་མོ་དང་སྒོང་ང་ལྷན་དུ་འཕྲོག་ནས་ད་བར་དུ་མི་ལོ་དྲུག་ཅུ་ཙམ་ཕྱིན་ཡོད། བྱ་མོ་དང་སྒོང་ང་ཅི་ཞིག་ཡིན་རུང་། ལོ་རྒྱུས་ཐོག་ནས་དེ་གཉིས་ཀ་ང་ཚོའི་རེད། འདིའི་ཐད་ང་ཚོ་ནང་ཁུལ་ལ་རྩོད་པ་ཡོད་མ་རེད། དེ་ཉིད་ཚུར་ལེན་ཐབས་ཐད་ལ་ཡང་ཕྱོགས་གཉིས་ཀས་འཚེ་མེད་ཞི་བ་ཡིན་ཟེར་བཞིན་ཡོད། དཔེར་ཆ་བཞག་ན་ཕྱོགས་གཉིས་ཀས་གསེར་སྒོར་ལྔའི་མ་རྩ་བཞག་ཡོད་པ་གཅིག་མཚུངས་རེད། རྩོད་པ་ཡོད་ས་ནི། ད་ཆ་ང་ཚོས་དེ་གཉིས་ལས་གང་ཞིག་ཕྱིར་ལེན་དགོས་མིན་དང་ལེན་ཐུབ་མིན་དེ་རེད།
ཕྱོགས་གཅིག་གིས་སྒོང་ང་ལེན་དགོས། དེ་ལེན་སྟབས་བདེ་བ་དང་གཅིག ང་ཚོར་ཡོད་པའི་མ་རྩར་རན་པ་དང་གཉིས། ཕྱིས་སུ་བྱ་མོ་གསོ་མི་དགོས་པར་སྒོང་ང་བཟའ་ཆོག་པ་དང་གསུམ་བཅས་ཀྱི་ “ཁེ་ལས་”རང་བཞིན་གྱི་གྲོས་འཆར་ཞིག་འདོན་བཞིན་ཡོད། ཡིན་ན་ཡང་། རྒྱ་ནག་གི་ཕྱོགས་ནས་དེ་ལ་ཡ་ལན་ཡག་པོ་ཞིག་གཏན་ནས་སྤྲད་མེད། དེ་བས། བྱ་མོ་དགོས་ཟེར་མཁན་ཚོས་བྱ་སྒོང་དགོས་ཟེར་མཁན་ཚོར། ཁྱོད་ཚོའི་བྱ་བ་ལམ་ལྷོང་བྱུང་མ་སོང་། ལེགས་གྲུབ་བྱུང་མ་སོང་། འབྲས་བུ་ཐོན་མ་སོང་ཟེར་བཞིན་ཡོད། དེ་ལ་ང་ཡང་འཐད་པ་ཡིན།
བྱ་མོ་དགོས་ཟེར་མཁན་ཚོས་སྐད་ཤུགས་སྔར་བས་ཇེ་ཆེར་གྱུར། ཁོང་ཚོས་བྱ་མོ་ནི་ཡེ་གདོད་མ་ནས་བོད་མི་རིགས་ལ་བདག་པ་དང་། རྒྱ་དམར་གྱིས་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་ང་ཚོའི་ལག་ནས་འཕྲོག་སོང་། ང་ཚོས་མཐའ་གཅིག་ཏུ་བྱ་མོ་རྩོད་ལེན་བྱེད་དགོས་ཟེར་ནས་“ལོ་རྒྱུས་”ཀྱི་བདག་དབང་གླེང་བཞིན་འདུག ང་དེ་ལ་འཐད་པ་ཡིན།
ཡིན་ན་ཡང་། ཁོང་ཚོའི་མ་རྩ་ཡང་གསེར་སྒོར་ལྔ་རང་རེད། གསེར་སྒོར་ལྔས་སྒོང་ང་མ་ཁུག་པ་མཐོང་བཞིན་དང་དེར་སྐྱོན་བརྗོད་བྱེད་བཞིན་དུ། གསེར་སྒོར་ལྔས་བྱ་མོ་ཉོ་རྒྱུ་ཡིན་ཟེར་ན། ང་དེ་ལ་བློ་གཏན་ནས་བདེ་མ་སོང་། བྱ་མོ་དང་སྒོང་ངའི་རྩོད་པའི་བར་ནས། རྒྱལ་ཁ་ཐོབ་མཁན་མང་པོ་མང་པོ་ཞིག་འདུག་མོད། གཞིས་ལུས་བོད་མི་ཚོ་རྒྱལ་ཁ་ཐོབ་མཁན་མང་མང་གི་རྐང་བྲོ་འོག་ནས་ཞ་བོ་དང་སྨྱོན་པ་ཆགས་ཀྱིན་འདུག བྱ་མོ་དང་སྒོང་ང་། གང་ཞིག་སྔོན་ལ་བྱུང་བ་ཡིན་མི་ཤེས་ན་ཡང་། དེ་གཉིས་ཀྱི་རྩོད་པའི་དབར་ན་རྟོགས་སླ་ཡང་བརྗོད་དཀའ་བའི་གསང་བ་ཞིག་ཏན་ཏན་ཡོད་ས་རེད།
༢༠༡༢ ལོའི་ཟླ་༡༢ ཚེས་༡༣ ཉིན།
ངས་ནི་བྱ་མོ་ལེན་རྐྱང་བྱེད་ཀྱི་ཡིན། རང་ལ་དབང་བའི་དངོས་པོ་དེའི་ཆེད་དུ་རང་སྲོག་ཅི་ཙམ་དོར་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། སྒོང་ངའི་ཆེད་དུ་རང་སྲོག་དོར་དགོས་དོན་མེད་ཀ ལེན་ཐུབ་མི་ཐུབ་རྒྱུ་མཚན་ལོག་པ་རེད།
རིག་ལྡན་གྱི་རིག་ལམ་ཡག་པོ་བྱུང་། ཡིན་ན་ཡང་། ང་ལ་ཅིག་དོ་ས་མ་རེད། ངས་ནི་བྱ་ཚང་རང་ལེན་རྒྱུ་ཡིན། བྱ་མོ་སྐོར་ལོག་ཞིག་དང་བྱ་སྒོང་གས་བོ་ཞིག་ག་དུས་ཡིན་ན་ཡང་ཡོད་ཡོད་པ་རེད། ཆག་བཞིན་གས་བཞིན་པའི་བྱ་ཕོ་བྱ་མོ་འདི་ཚོ་ལ་ཆག་འཇིག་བྱུང་སའི་གནས་ཁང་རང་བདག་མ་ཞིག་དགོས་འི་འདུག། མ་རེད་ནེ། ཧ་ཧ།
བློ་གྲོས་ཅན་གྱི་གཏམ་ལ་རིན་ཐང་མཆིས། གཏམ་རིན་པོ་ཆེ་དེ་རིང་འདི་ནས་མཇལ་བས་ཡག་བྱུང་། ཐུགས་ཆེ་གནང་།
རྒྱ་ནག་པོའི་སྲིད་གཞུང་ནི་བྱ་མོ་ཡིན་པའི་དབང་དུ་བཏང་ན་་་་ངས་ཐབས་ཤེས་ཡོད་ཚད་འཐེན་ནས་གསོད་འེ་ཐུབ་ཅིག་མི་བལྟ་ན་ཡུམ་་་་གལ་ཏེ་ངའི་ལག་འོག་ཏུ་ལྷུང་ཚར་ན་་་་དེ་ནས་བྱ་སྒོང་ཟོག་རྩོད་དགོས་དོན་མེད་ལ།
བྱ་མོ་མེད་ན་བྱ་སྒོང་མེད། བྱ་སྒོང་མེད་ན་བྱ་མོ་མེད། བྱ་སྒོང་ཡོད་ན་བྱ་མོ་འབྱུང་སྲིད་མིན་ལ་ཐེ་ཚོམ།
བྱ་སྒོང་དང་སྒོ་ང་གཉིས་ལ་ཁྱད་པར་ཡོད།
བྱ་སྒོང་ཡིན་ན་སྒོ་ང་ཡིན་པས་ཁྱབ། སྒོ་ང་ཡིན་ན་བྱ་སྒོང་ཡིན་པས་མ་ཁྱབ།
སྲིད་པའི་སྒོ་ང་དང་སྦྲུལ་གྱི་སྒོ་ང་དེ་བཞིན་ཉ་སྦལ་ལས་སོགས་ཀྱི་སྒོ་ངའོ།
རྩོམ་པ་པོས་བྱ་མོ་དང་སྒོ་ང་གང་སྔོན་ལ་བྱུང་མིན་གསུངས་འདུག
དོན་དམ་པ་དེ་ལྕེ་རྩེར་ལེན་འདོད་མཁན་ཉུང་ཉུང་ཡིན་པ་རྨང་ནས་རྟོགས་སོང་ངོ། ། ད་བདེ་མོ་བྱོས།
བྱ་མོ་དང་སྒོང་ངའི་འགྲེལ་བཤད་འདི་ཕན་ཐོགས་ཅན་གྱི་རྩོམ་ཞིག་རེད་འདུག་སྙམ་མོ། །