——ཐོལ་དྲན།
ཀླུ་སྨྱོན།
དེ་དུས་ང་རང་ལོ་ལྔ་ཡིན་བསམས། སྟོན་ཁའི་རྩྭ་ཐང་ཞིག་ཏུ་ངེད་ཚང་གི་ནོར་ནག་ཉི་ཤུ་རྩ་གྲངས་དེ་དག་འཚོ་བཞིན་ཡོད། ཕྱི་དྲོ་ཞིག་རྐྱེན་ཅི་ཞིག་གིས་བསྐུལ་པ་མི་ཤེས་པར་ངའི་སེམས་ནང་ངའི་ལུས་པོ་འདི་གང་ནས་ཡོང་བ་ཡིན་ནམ་སྙམ་པའི་བསམ་བློ་ཐོལ་སྐྱེས་པ་ཞིག་གློ་བུར་དུ་བསླེབས་སོང་བས། སྐར་མ་ཉི་ཤུ་ཙམ་གྱི་རིང་བསམ་བློ་ག་ཚོད་བཏང་ཡང་རང་ཉིད་གང་ནས་ཡོང་བ་དེ་རྩ་བ་ཉིད་ནས་ཤེས་མ་སོང་ལ། དེ་དང་མཉམ་དུ་སེམས་ནང་འཇིགས་སྐྲག་གི་ཚོར་བ་ཁྱད་པར་བ་ཞིག་ཀྱང་བསླེབས་སོང་བས། འཕྲལ་མ་ཉིད་དུ་འཇིགས་སུ་རུང་བའི་གནས་ཚུལ་འདི་ཕ་མ་ལ་འདྲི་ཆེད་ཕྱུགས་འཚོ་རྒྱུ་བཞག་སྟེ་སྤྱི་ལེ་བཞི་ཙམ་གྱི་སར་ཡོད་པའི་ངེད་ཚང་གི་སྦྲ་ནག་དེའི་ཕྱོགས་སུ་བརྒྱུགས་པ་ཡིན། ནང་དུ་འབྱོར་དུས་ངའི་གཟུགས་པོ་ཆུང་ཆུང་དེ་རྔུལ་ཆུས་ཡོངས་སུ་ཚོས་བསྡད་འདུག་ལ། ཕ་རྒན་གྱིས་ཇ་ཞིག་འཐུང་ཞོར་ལུག་ལྤགས་ཤིག་མཉེད་བཞིན་ཡོད་པ་དང་། ཨ་མས་ཐབ་ཀའི་གཡས་ཕྱོགས་སུ་དཀར་ཡོལ་འགའ་འཁྲུད་བཞིན་འདུག
དེ་ནས་ངས་ཕ་རྒན་ལ་དེ་རིང་གི་བསམ་བློ་ཁྱད་མཚར་བ་དེ་སྐྱེས་ལུགས་བརྗོད་པ་དང་འབྲེལ་ང་གང་ནས་ཡོང་བ་རེད་ཅེས་དྲིས་པ་ན། ཁོས་ཐོག་མར་ཧད་པའི་རྣམ་འགྱུར་ཞིག་བསྟན་སོང་ལ།་དེ་རྗེས་གད་མོ་ཞིག་བགད་ནས་ཨ་མར་དྲིས་ཟེར། ཨ་མ་ཚུར་ཡོང་ནས་ངའི་ཞི་ལི་འདི་ནས་ཡོང་བ་རེད་ཟེར་བཞིན་མོའི་ལུག་ལྤགས་ཀྱིས་བཟོས་པའི་ཕྱུ་པ་དེའི་འདབས་ཀ་བསྟན་སོང་བས། ང་དེ་དུས་ལོ་ན་ཆུང་ཡང་བུད་མེད་ཀྱི་ལྭ་བའི་འདབས་ཀ་ལ་བཙོག་ལྟ་ཞིག་སུས་བཞག་མི་ཤེས་པར་རྒྱུད་ལ་སྐྱེས་འདུག་པས། ཕེ། ང་ནི་ཁྱེད་ཀྱི་ལྭ་བའི་འདབས་ཀ་ནས་ཡོང་བ་ཞིག་མིན་ཞེས་བརྗོད་པས། ཨ་མའི་གདོང་ལ་འཛུམ་ཞིག་ལངས་ནས། རེད་རེད། ངའི་ཞི་ལི་དེ་ནས་ཡོང་བ་མ་རེད། ཁྱོད་ཨ་ཕའི་ལུས་ཀྱི་ཤིག་ཅིག་ཆེ་རུ་སོང་ནས་ད་ལྟའི་བུ་ཆུང་འདི་ལྟ་བུ་ཞིག་ཆགས་སོང་བ་རེད་ཅེས་ཟེར་བས། སྐད་ཆ་སྙིང་རྗེ་བོ་དེ་ནི་ངའི་ཡོངས་སུ་མ་སྨིན་པའི་བྱིས་བློ་དེ་དང་ཡོངས་སུ་འཚམ་པར་གྱུར་ནས་ཆུ་ཚོད་ཁ་ཤས་རིང་སྨྱོན་པ་ལྟ་བུ་ཆགས་པའི་སེམས་ཚོར་འཇིགས་སུ་རུང་བ་དེ་མེ་ནང་ཆུ་བླུགས་པ་བཞིན་ཞི་འཇགས་སུ་གྱུར་པས། ཨ་མས་སྤྲད་པའི་ཇ་དང་རྩམ་པ་བཟའ་བཏུང་བྱས་རྗེས་ཕྱིར་ནོར་ནག་གི་རྨིག་རྗེས་སུ་བསྐྱོད་དོ།།
ཡག་གི
རེད།
གསོམ་ཉམས་ལྡན།
གསོན་ལ་བཅོས་རོགས།
སྟོན་དུས་ལ་ཡང་བགས་པ་ཉེད་ནི་ཞིག་ཡོད་ནི་མི་དྲན་གི་རེད་ཨ། ད་ཡོད་ནི་ཡིན་རྒྱོ་རེད། ཨ་ཧངས་བོ། འབྲོག་པའི་འགྲོ་འདུག་སྐོར་གསུམ་བརྗེད་ནས། ད་ར་བེ་རིབ་བེ་ཙམ་ཞིག་མ་གཏོགས་མེད་ཀི།
ང་ཡང་བྱིའུ་ཕྲུག་དམར་རྗེན་ཐང་ན་ཡོད་དུས། ཨ་མའི་བུ་ཁོ་རྐང་རྗེན་ལ་བརྒྱུགས་ནས་ནོར་ལུག་གཉིས་འབོར་གི་བཅུག་མ་མྱོང་།
སྒྲུང་ཐུང་ཤིག་ཕྲུག་མ་འདི། ཤིག་རྒན་སྨྱོན་པས་ཡག་པོ་བྲིས་འདུག།
ཧེ་ཧེ་ཧེ། ཤིག་ཕྲུག་མི་ཚེ་རྒྱལ་ཁམས་བསྐོར་ནས་རྫོགས། ད་ནི་ཤི་རྒན་ཤི་ཐག་ཇེ་ཉེ་རེད།
ལུག་ལྤགས་ཀྱིས་བཟོས་པའི་ཕྱུ་པ་ཟེར་བ་དེ་འདྲ་དེ་ཡང་བོད་སྐད་དག་མ་ཞིག་ཡིན་ནམ། གཡག་མོ་དང་ལུག་མོ་ཟེར་བའི་ཟླར་གྱུར་དོག་འདུག
ང་ཡང་བྱིས་དུས་སུ་ངའི་འོག་ས་དང་ས་འོག་ན་རྡོ་རྡོ་འོག་ན་ཆུ་དེ་འོག་ན་གང་དེ་འོག་དེ་འོག་ན་དེའི་དེའི་འོག་ན་གང་ཡོད་དམ་བསམས་ཏེ་བློ་གཟོད་མི་བདེ་བའི་འཇིགས་སྐྲག་དང་ལུས་ཕུང་ཡོངས་ལ་སྐྱི་གཡའ་བའི་ཚོར་སྣང་རྐྱེན་པོའི་ངན་ལངས་ཤིག་ཡང་ཡང་འབྱུང་གི་ཡོད།
ཕྱུ་བ་ཟེར་བ་དེ་གང་ལ་ངོས་འཛིན་བྱེད་ཀྱི་རེད་དམ་????/
ལུག་ལྤགས་ཀྱིས་བཟོས་པའི་ཕྱུ་པ་ལ་པགས་རྩག་ཟེར།
ང་ལ་འཇིག་རྟེན་ཐོག་མ་འབྱུང་སྟངས་སྐོར་ལ་ཆུང་ཆུང་སྐབས་ཤེས་འདོད་ཆེན་པོ་ཡོད། བོད་དུ་ནང་གི་དགེ་རྒན་ལ་ཡང་འཇིག་རྟེན་ཐོག་མ་ཆགས་ཚུལ་དྲིས་པས། ཐོག་མ་ཆགས་ཚུལ་སུས་ཀྱང་ཤེས་མི་ཐུབ་གསུངས་པས། དེ་ནས་དེ་ལ་ཤེས་འདོད་མེད་པར་གྱུར་སོང་། ཡང་བདག་རང་ལོ་བཞི་ལྔ་ཙམ་ཡིན་ངེས། དགུན་ཁར་ཉི་མར་དྲོད་ལ་བསྡད་པ་ན། ཁྱིམ་མཚེས་པ་བདག་རང་གི་མ་དང་ལོ་མཉམ་པ་ཙམ་ཡོད་པ་ལ་ཕྱི་དྲོ་ཉི་མ་ནུབ་ཀྱི་རི་ན་ཆས་འདུག སྔ་མོ་ཤར་གྱི་རི་ནས་འོང་འདུག མཚན་ལ་གར་ཆས་པ་ཡིན་ནམ། ཞེས་དྲིས་པའི་གནས་ཚུལ་དེ་ལ་བརྟེན་ན་ཇི་ལྟར་བྱུང་བའི་ལོ་རྒྱུས་རིང་པོ་ཞིག་བདག་རང་གི་མས་བཤད་པ་བདག་རང་བོད་ནས་འཁོར་ནས་དྲི་བ་དྲིས་པའི་ལོ་ངོ་བཅོ་ལྔ་ལྷག་ཙམ་རྗེས་ལ་ཐོས།
བྱིས་པ་ལོ་ལྔ་ཅན་ཁེར་རྐྱང་ཞིག་གིས་སྤྱི་ལེ་བཞི་ལྔ་ཡི་རྒྱང་ཐག་ཆོད་པའི་ས་ལ་ནོར་ནག་ཉི་ཤུ་རྩ་གྲངས་འཚོ་ཐུབ་བམ། ང་ཡང་ཆུང་དུས་ར་མ་འཚོ་བར་སོང་མྱོང་། ཕལ་ཆེར་ང་རང་ལོ་བདུན་བརྒྱད་ཙམ་ཡིན་ལ། ཐོག་མའི་དུས་སུ་ང་རང་གི་ཚ་བོ་ང་ལས་ལོ་གཉིས་གསུམ་གྱིས་ཆེ་བ་ཞིག་གི་མཉམ་དུ་སོང་བ་ཡིན། ད་དུང་དོགས་པ་ཞིག་ལ། སྤྱིར་བཏང་ཨ་མདོའི་འབྲོག་པའི་ས་ཆ་ན་ལུག་རྫི་ནོར་རྫི་མང་ཆེ་བ་གཡག་ལ་ཞོན་པ་ཡིན། ལམ་ཐག་ཐུང་ཐུང་ལ་ཡང་གཡག་ལ་ཞོན་ནས་འགྲོ ཁྱེད་རང་ལོ་ལྔ་ཅན་ཞིག་སྤྱི་ལེ་བཞི་ལྔ་ལ་རྒྱུགས་ཐུབ་བམ། རྒྱུག་ཏུ་འཇུག་གམ། ཁྱེད་ལ་རོགས་པ་ཞིག་ཀྱང་མེད་དམ།
དེ་ནི་གང་ཟག་གི་བདག་མེད་པར་རྟོགས་པའི་ས་བོན་དང་། ཚན་རིག་པས་བཤད་པའི་བྱིས་བློའི་མཚར་སྣང་རེད་ཟེར་ན་ཅི་འདྲ་འདུ། ཉིད་ཀྱི་ཡབ་ཡུམ་ཟུང་གིས་བྱིས་བློའི་མཚར་སྣང་འདི་རྨག་མེད་དུ་མ་བཏང་བ་ཡང་ངོ་མ་ཡག་གི་འདོད་ཀི
ཀླུ་སྨྱོན་འདི་ངོ་མ་ཁྱད་པར་བ་ཞིག་ཡིན་རྒྱུ་རེད་མ་གཏོཊ་རང་ལོ་བཞི་ལྔའི་སྟེང་ཁྱིམ་དང་སྤྱི་ལེ་བཞི་ལྷག་རིང་ནོར་ལུག་འཚོ་རུ་འགྲོ་རྒྱུ་ཁག་པོ་རེད། ཁྱོད་ངོ་མ་ངར་གི
ཁྱེད་བློ་སྟོབས་ཆེ་ཡ་།།
ཧཧཧཧཧ་ངོ་མ་སྙན་བྱུང་།