མེ་སྒྱོགས་ནས།
————–
བོད་ཀྱི་རྒྱལ་ས་གཉིས་པ་གངས་སྐྱིད་དུ་སྲོག་རླུང་ཤེལ་དམ་བཟོ་གྲྭ་ཟེར་བའི་ཚོང་རྟགས་(Trademark) ལ་བཀའ་ཁྲི་སྦྱར་བ་ཞིག་བཙུགས་འདུག་ཟེར། དེང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྲོག་རླུང་ཤེལ་དམ་(oxygen bottle) རྣམས་བེད་སྤྱོད་གཏོང་སྟངས་ཀྱི་སྦྱོང་བརྡར་བྱེད་ནས་འཁོལ་སྡོད་འདུག་ཟེར།
སྤྱི་འཐུས་“ཡོད་དོ་ཅོག”་གིས་
‘མ་གྲོས་བསམ་པ་གཅིག་མཐུན་’དང་
‘བྱ་སྤུ་གནོན་’དང་
‘ཕྱར་བ་གྲུ་འདེགས་’དང་
‘ཞལ་གཅིག་གྲག་’གིས་“སྣ་ཁུང་༼དགོངས་དག སྣ་ཁུང་གི་ཞེ་ས་བརྗེད་ངན་གྱིས་འཁྱེར་ཚར་འདུག༽ནས་ཡར་ལ་དབུགས་རྔུབ།”ཟེར་བ་དང་“ཞལ་ནས་མར་ལ་དབུགས་ཐོངས།” ཟེར་བཞིན་སྲོག་རླུང་ཤེལ་དམ་འདི་དག་ནས་དབྱུང་རྔུབ་བྱེད་སྟངས་སྦྱོང་བརྡར་བྱེད་པའི་སྐབས་རེད་ཟེར།
ཐོན་རྫས་གསར་པ་འདི་ཕྱི་ལོ་༢༠༠༩ ཟླ་བ་༦་ཚེས་༢༠་ལ་ཐོག་མ་༼བོད་གཞུང་ཡང་ཟློས་བསྐྱར་ཟློས་ཚོགས་པའི་ཚོགས་ཁང་ ༽དུ་ཁྲོམ་བསྒྲགས་བྱས་(advertised) སོང་ ཟེར། ཚོང་རྫས་འདི་ནི་འཛམ་གླིང་ན་ཁྲོམ་བསྒྲགས་བྱེད་པར་ཐེངས་དང་པོ་རེད་ཟེར། བོད་མི་རིགས་ལ་ཆ་མཚོན་ན་ག་དུས་ཡིན་ནའང་མི་རིགས་གཞན་གྱི་རྗེས་སུ་བསྙེག་མི་ དགོས་པ་འདི་ནི་སྔོན་ཐོན་གྱི་མདུན་བསྐྱོད་ཆེན་པོ་ཞིག་རེད་ཟེར།
བཀུར་ འོས་སྤྱི་འཐུས་མང་ཆེ་བས་སེམས་སུ་བསམ་པ་ཁ་ནས་ཤོད་མ་ཕོད་པར་ལོ་མང་པོར་ར་ལུག་ ནང་བཞིན་མགོ་བོ་འཕྲེད་ལ་གཡུག་བཞིན་ཁྱུ་ཚོགས་དང་ཁྱུ་ཚོགས་བསྡེབས་ནས་འགྲོ་ བཞིན་ཡོད་པ་གོ་རྒྱུ་ཡོད་འདུག་ཟེར། བཀུར་འོས་སྤྱི་ འཐུས་མི་ཉུང་བ་ཞིག་ལ་སྙིང་རླུང་འཚང་ནས་དབུགས་གཏོང་དཀའ་བའི་གནས་སྐབས་འདིར་ བཀའ་ཁྲི་རྟགས་ཅན་གྱི་སྲོག་རླུང་ཤེལ་དམ་འདི་དག་སྤྱད་དེ་སྙིང་རླུང་ཡོད་ཚད་ བསང་ཐུབ་པའི་ཚོད་དཔག་བྱེད་བཞིན་འདུག་ཟེར། ཚོད་དཔག་གི་དཔྱད་བརྗོད་སྤེལ་མཁན་ནི་རྡ་སའི་གྲགས་ཅན་ཚགས་ཤོག་དེ་དག་གི་རྩོམ་ སྒྲིག་པ་དེ་ཚོ་དང་བོད་ཡིག་གི་སྨྱུག་ཐོགས་པ་དེ་དག་རེད་ཟེར། དཔྱད་གཏམ་སྤེལ་སྟངས་ལ་དམིགས་བསལ་གྱི་ཁྱད་ཆོས་འདུག་ཟེར། དེ་ལས་སླ་བོ་མི་འདུག་ཟེར། ཞིབ་འཇུག་གི་སྙན་ཐོ་ལ་རྒྱུ་མཚན་གྱིས་རྒྱབ་རྩ་མི་དགོས་པ་རང་གི་དད་པ་དང་ དམིགས་ཡུལ་གཞི་ལ་བཟུང་ནས་དཔྱད་གཏམ་སྤེལ་གྱིན་འདུག་ཟེར། རིག་གནས་གསར་བརྗེ་སྐབས་སུ་ “རླབས་ཆེན་མའོ་ཀྲུང་ཞིའི་དགོངས་པ་གཞི་བཟུང་་་་་” ཟེར་བའི་བཤད་སྟངས་དང་གཅིག་པ་འདྲ་བོ་འདུག་ཟེར། བཟང་སྤྱོད་ཀྱི་རྣམ་པ་དཔེ་འདྲ་ཡག་པོ་འདུག་ཟེར། ད་དུང་རྩོམ་སྒྲིག་པ་དེ་དག་གིས་སྨྱུག་རྩེ་ནས་ཐོན་མི་ཕོད་པའི་གནད་དོན་མང་པོ་ ཞིག་སྲོག་རླུང་ཤེལ་དམ་དེ་ཁ་ལ་སྦྱར་ཐེངས་རེར་དཔྱད་བརྗོད་ཚད་དང་ལྡན་པ་ཧོན་ འཐོར་མང་པོ་ཐོན་ཡོང་གི་འདུག་ཟེར། གཞིས་ཆགས་པ་མང་པོ་ཞིག་ཧོན་འཐོར་འདུག་ཟེར།
ད་ དུང་གྲྭ་ཚང་ཆེ་ཁག་འགའ་ཞིག་གིས་སྒོམ་སྒྲུབ་ལ་བྱང་པའི་བླ་རྒན་ཁ་ཤས་ཀྱི་ཀླད་ རྩ་ལ་སྲོག་རླུང་ཤེལ་དམ་འདི་བཏགས་ནས་ནུབ་ཕྱོགས་པའི་ཚན་རིག་པ་ཚོས་ཞིབ་འཇུག་ བྱ་རྒྱུ་རེད་ཟེར། ལྷ་བླ་མའི་ལུང་བསྟན་ཕེབས་ནས་ཞིབ་འཇུག་གི་སྙན་ཐོ་འཛམ་གླིང་ན་ཁྱབ་བསྒྲགས་ཡག་ པོ་བྱུང་ན་བོད་དོན་ལ་ཕན་གྱི་རེད་ཟེར། ངོ་མ་བྱང་ཆུབ་སེམས་པའི་རྩ་ཡན་མང་པོ་མི་འདི་དག་ལ་ཡོད་བཟོ་འདུག་ཟེར། ལྐོག་གྱུར་འདི་རིགས་ཚན་རིག་གིས་ལམ་ནས་འགྲེལ་བཤད་བྱ་ཐུབ་ན་འཛམ་གླིང་མི་ དམངས་ལ་ཧོན་འཐོར་བག་ཆགས་ཡག་པོ་འཇོག་རྒྱུ་རེད་ཟེར།
ཡིན་ ནའང་རྡ་སར་བོད་རིགས་དུ་ནག་འཐེན་མཁན་དེ་དག་གི་ཀླད་རྩ་ལ་སྲུང་སྐྱོང་དང་ཉམས་ གསོ་བྱེད་དགོས་པའི་འདུན་པ་ཞིག་ལྭ་བ་དམར་པོ་གོན་མཁན་འདི་དག་ལ་ཡོད་བཟོ་མི་ འདུག་ཟེར། དཔེ་ཞིག་ཞུའོ་ཟེར། དུ་ནག་འཐེན་མཁན་གྱི་རང་རིགས་ན་གཞོན་ཞིག་པད་ཤག་རྫོགས་ནས་གངས་སྐྱིད་དུ་སློང་ མོ་ལ་ཕྱིན་འདུག་ཟེར།
“སྐུ་ངོ་སྐུ་མཁྱེན། ང་ལ་སྲོག་རླུང་ཤེལ་དམ་ཞིག་སྤྲོད་དང་། སྐུ་མཁྱེན་ང་འཆི་ས་རེད།”ཅེས་ བཀའ་བློན་ཞིག་གངས་སྐྱིད་ཐབ་ཚང་ནས་འགྱིང་ནས་ཡོང་སྐབས་སུ་དུ་ནག་འཐེན་མཁན་ གྱིས་སློང་མོ་བརྒྱབས་པ་རེད་ཟེར། བཀའ་བློན་དེ་ངོ་༼ཞལ་རས་༽ཧོན་འཐོར་ཚ་ནས་ “ཁ་ནག འདིར་མ་ཡོང་། ནང་ལ་རྒྱུགས་ཤིག འདིར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་བསྟི་གནས་ཡིན་པར་ཧ་གོ་མ་སོང་ངམ།”ཅེས་བཀའ་བཀྱོན་བཏང་སྟེ་དབུ་གྱེན་ལ་བཏེགས་ནས་བཀའ་ཤག་གི་ལས་ཁུངས་ཕྱོགས་སུ་ཕེབས་སོང་ཟེར།
དེ་ ནས་ཁ་ནག་དུ་ནག་འཐེན་མཁན་དེ་བོད་གཞུང་དཔེ་མཛོད་ཁང་གི་ཕྱོགས་སུ་ཕྱིན་སོང་ཟེར། དགེ་སློང་རྒྱགས་པ་ཞིག་དང་མགོ་སེར་གསུམ་གྱིས་ཚེ་སྔ་ཕྱི་ཡི་སྐོར་ལ་བཀའ་མོལ་ དབྱིངས་ཚ་མདོག་ཁ་བོ་གསུང་གིན་དཔེ་མཛོད་དེའི་སྒོ་ནས་ཐོན་སོང་ཟེར། ཁ་ནག་དུ་ནག་འཐེན་མཁན་དེས་འདི་གོ་སྐབས་ཤིན་ཏུ་བཟང་བསམས་ནས་སྲོལ་རྒྱུན་གུས་ ལུགས་ལྟར་མགོ་འཕུར་འཕུར་བྱེད་བཞིན་ “སྐུ་ཞབས་ལགས། སྐུ་གཟུགས་བདེ་བོ། ང་ལྟོགས་ནས་འཆི་གྲབས་བྱེད་ཀྱིན་འདུག སྐུ་མཁྱེན་ང་ལ་པད་ཤག་ཅིག་སྤྲོད་དང་། ཧ་ལོ། How are yo……” ཁ་ནག་དུ་ནག་འཐེན་མཁན་གྱིས་སློང་ཚིག་མ་རྫོགས་གོང་ནས་སྐུ་ཞབས་རྒྱགས་པས་སྡིག་མཛུབ་འཕྲེད་ལ་གཡུག་ནས་ “ཀེ བོད་པའི་ཞབས་འདྲེན། ཕྱི་རྒྱལ་བའི་མདུན་དུ་འདི་འདྲ་བྱེད་ན་ངོ་ཚ་གིན་མི་འདུག་གམ།” ཟེར་སོང་ཟེར། སྐབས་དེར་མགོ་སེར་ཚོས་ཅི་ཡིན་མི་ཤེས་པ་སྐུ་ཞབས་ལ་དྲིས་དུས་སྐུ་ཞབས་ལགས་ཀྱིས་ “He is not a Tibetan but somehow he speaks Tibetan quite well.” ཟེར་ནས་དེ་མ་ཐག་ཏུ་བརྗོད་བྱ་བསྒྱུར་སོང་ཟེར།
“Śūnyatā is a sanskrit word. We call it བདག་མེད། བདག་མེད་པ། རང་བཞིན་གྱིས་མ་གྲུབ་པ། ་་་་་་་་་་་” གངས་སྐྱིད་ཀྱི་ཟུར་གདོང་ནས་གླ་བ་མོ་ཊ་ཞིག་ཏུ་འཛུལ་ནས་སྐུ་ཞབས་རྒྱགས་པ་དང་ མགོ་སེར་སོགས་འཇིག་རྟེན་གྱི་རྩ་ཆེན་གནད་དོན་འགའ་གླེང་བཞིན་ཡལ་སོང་ཟེར།
ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་མུ་མཐུད་དུ་གངས་སྐྱིད་ལ་འགྲོ་གྱིན་འདུག་ཟེར།
བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཟེར་བའི་སྒོ་བྱང་ཞིག་བྲིས་ཡོད་པའི་མདུན་དུ་ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་འདི་སླེབས་འདུག་ཟེར།
རིང་ མིན་སྤྱི་འཐུས་ཚོས་སྲོག་རླུང་དབྱུང་རྔུབ་ཀྱི་སྦྱོང་བརྡའི་བར་གསེང་བཏང་སོང་ ཟེར། སྤྱི་འཐུས་སོ་སོས་ཁྱུ་ཚོགས་བསྒྲིགས་ནས་ཐོན་སོང་ཟེར།
ཁ་ནག་ཞབས་འདྲེན་པས་“སྐུ་ངོ་སྐུ་མཁྱེན། ང་་་་་་” སྐུ་ངོ་དེས་ཕྱུ་བའི་ཕུ་ཐུང་ཕྲག་པ་ལ་གཡུག་ནས་ཕྱིན་སོང་ཟེར།
“རིན་པོ་ཆེ། ཐུགས་རྗེ་གཟིགས། ང་ལ་” རིན་པོ་ཆེའི་སྤྱན་ཤལ་དེ་ཤམ་ཐབ་ཀྱིས་འཕྱིས་བཞིན་མ་གསན་མདོག་མདོག་བྱས་ནས་ ཕེབས་སོང་ཟེར། རིང་མིན་ཕྲེང་བ་ཞིག་ཀྱང་མཛུབ་མོས་བསྐོར་བཞིན་རིན་པོ་ཆེ་ཏེ་རེ་ཏེ་རེ་སྤྱི་ འཐུས་ཚོགས་ཁང་གི་མདུན་ཐང་གི་མཆོད་རྟེན་ལ་གཡས་སྐོར་གནང་ནས་ཕེབས་སོང་ཟེར།
“ལྕམ་སྐུ་ཞབས། ང་ལ་པད་ཤག་་་་་” ལྕམ་སྐུ་ཞབས་ལགས་ཞལ་གནོང་ནས་སྤྱན་ཟུང་གི་ཀླད་དུ་ཕྱག་གིས་བཀབ་ནས་ཕེབས་སོང་ཟེར། ཚང་མ་ཁྱུ་དང་ཁྱུ་བསྡེབས་ནས་ཕེབས་སོང་ཟེར།
ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་དེ་ཡིད་ཐང་ཆད་ནས་གངས་སྐྱིད་ནས་འཐེན་པའི་འཕྲད་ལམ་ཞིག་གི་སྣེ་མོར་བཟུང་ནས་ཕྱིན་སོང་ཟེར།
ཆོས་ ཕྱོགས་ཀྱི་སྙིང་རྗེ་དང་སྲིད་ཕྱོགས་ནས་རིགས་ཞེན་གྱི་ཁྱབ་ཁོངས་ཀྱི་ཕྱི་རོལ་ དུ་ལུས་པའི་ཁ་ནག་ཞབས་འདྲེན་དུ་ནག་འཐེན་མཁན་འདིས་གངས་སྐྱིད་ཀྱི་ཕྱི་རོལ་དུ་ ཤིང་སྡོང་ཞིག་གི་གྲིབ་བསིལ་ཞིག་ལ་བརྟེན་ནས་འཕྲེད་མ་ཉལ་དུ་ཅུང་ཟད་སྡོད་པས་ གཉིད་ལམ་གྱི་ཞིང་ཁམས་སུ་ལྷུང་སོང་ཟེར།
མེ་སྐྱོགས་ལགས། དངོས་ནས་དོན་སྙིང་ལྡན་པའི་རྩོམ་ཡིག་ཞིག་སྤེལ་འདུག་ལགས། ཡིན་ཡང་། རྩོམ་ཡིག་འདི་འདྲ་ལེགས་པོ་ཞིག་བྲིས་ཀྱང་། གོ་མཁན་ཉུང་བ་མ་ཟད། ཁྱེད་རང་ལ་ངན་སྨོད་བྱེད་རྒྱུ་མགོ་འཛུགས་བྱེད་མི་སྲིད་པ་མིན་ལགས། ཉིད་ཀྱི་རྩོམ་ཡིག་འདིའི་བརྗོད་བྱ་ནི་དངོས་ནས་ད་ལྟའི་བོད་པ་ཚང་གི་བྱེས་ཀྱི་སྐྱིད་སྡུག་དང་ལེགས་ཉེས་གཤམ་འདུག་ཀྱང་། ཀློག་མཁན་ང་ལྟ་བུ་ཁ་ཤས་ཤིག་ལས་ལེགས་ཉེས་བླང་དོར་བྱེད་མཁན་ནི་དངོས་ནས་དཀོན་རྒྱུ་རེད།
གང་ལྟར། བདག་གིས་ཉིད་ཀྱི་རྩོམ་ཡིག་འདིའི་ནང་དོན་ལ་དངོས་ནས་རྒྱབ་སྐྱོར་ཡོད། བདག་གིས་འདི་རིགས་མང་བོ་མཐོང་མྱོང་ཡོད་ལ། ཉིད་ཀྱི་རྩོམ་ཡིག་འདི་ཀློག་ཞོར་དུ་ང་རང་གི་མིག་ལམ་དུ་གློག་བརྙན་བཞིན་དུ་ཤར་ནས་འོང་གི་འདུག་ལ་སེམས་ལ་སྐྱོ་སྣང་ཞིག་ཀྱང་ཞོར་དུ་འོང་གི་འདུག རང་ཉིད་ཀྱིས་རང་་ཉིད་ལ་མགོ་འཁོར་གཏོང་མཁན་གྱི་ང་དང་ང་ལྟ་བུ་དག་ལ་ཡིད་སྐྱོ་བཞིན་ཡོད།
ཁྱེད་ཀྱི་རྩོམ་ཡིག་དེ་མཚར་གཏམ་གྱི་གྲལ་དུ་བཀོད་པ་དེ་་་་་་་་་་། གོ་རྒྱུ་ག་རེ་ཡོད་ན།
མེ་སྒྱོགས་རྒྱ་མཚོ་ལགས། གོ་རྒྱུ་དང་མྱོང་རྒྱུ་གཉིས་ཀ་ཡོད་པ་ཞིག་བྲིས་འདུག དགའ་བསུ་ཡོད། ཁ་ནག་དང་དུད་ནག་པ་ཟེར་ཡང་སྤྲང་པོ་ཉེས་མེད་གཅིག་ཡིན་པར་སྣང་ངོ་། ཉེས་མེད་ལ་སྡུག་གཏད་པ་དང་ཁ་སྣས་ངན་པ་གཏོང་སྟེ་བཙོན་དུ་བཞག་པའམ་སྙིང་རྗེ་མེད་པའི་ལས་ཀ་རེ་གནང་འདུག་གོ སྔོན་གྱི་དགེ་ཆོས་ཡང་དྲན་བྱུང་། དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བཙོན་ནས་བླངས་པའི་མགུར།
འདི་ན་སུ་དང་གང་གིས་མྱི་ཤེས་པའི།།
གཡུང་དྲུང་ལྷ་ཡི་རྨུ་ཐག་རིང་མོ་འདིས།།
མཐའ་མྱེད་ཆོས་དབྱིངས་རིག་པའི་དབྱིངས་སུ་བཏགས།།
རིག་པའི་བུ་ཆུང་ལུས་ཀྱི་ནང་དུ་བཏགས།།
ལུས་ཀྱི་ཐོ་ཡོར་ཟས་དང་སྐོམ་ལ་བཏགས།།
ཟས་དང་སྐོམ་ནི་ཕྱི་རོལ་རྐྱེན་ལ་བཏགས།།
དེ་ལྟར་ཐག་པ་གཅིག་ལ་གཅིག་མཐུད་པས།།
གཅོད་པའི་ས་མཚམས་གཞན་ནི་ཡོད་མ་ཡིན།
ས་མཚམས་གཅིག་ནི་ཀུན་གྱིས་མི་འདོད་པ།།
ལུས་སེམས་འབྲེལ་ཐག་ཆོད་པའི་འཆི་བ་ཉིད།།
ས་མཚམས་གཅིག་ནི་ཀུན་གྱིས་མི་ཤེས་པ།།
ཐག་པ་རུལ་ནས་དབྱིངས་རིག་འདྲེས་པ་ཉིད།།
སེམས་འདི་མཐའ་དང་བྲལ་བའི་ལྷ་མོ་སྟེ།།
ལྷ་མོའི་ཕ་ཡུལ་འཇིག་རྟེན་འདི་མིན་མོད།།
སེམས་ཀྱི་ལྷ་མོའི་ཞབས་ཀྱི་མཐེ་ཆུང་གཅིག།
སྐུད་པས་ལུས་པོ་འདི་ལ་དམ་དུ་བཏགས།།
དེ་ནས་སྐུད་པ་འདི་ཉིད་ཆད་ཀྱི་བར།།
ལུས་ཀྱིས་གང་མྱོང་སེམས་ཀྱིས་མྱོང་བར་སྣང༌།།
མཐེ་ཆུང་འདི་ལ་ཕན་གནོད་གང་བྱས་པས།།
ལྷ་མོ་དེ་ལ་བདེ་སྡུག་མྱོང་བར་ཟད།།
ཐག་པ་འདི་དེ་ཆད་ན་ལེགས་མོད་ཀྱང༌།།
ཐག་པ་ཆད་པར་འཇིག་རྟེན་ཐམས་ཅད་སྐྲག།།
ཐག་པས་འབྲེལ་བའི་ཐབས་ལ་འབད་པ་ན།།
ཐག་པའི་སྣེ་ཀུན་ཚེར་མས་དཀྲིས་པར་མཐོང༌།།
ཚེར་མའི་རྩེ་མོ་རེ་རེ་འགོག་སླད་དུ།།
ཤེས་རིག་ལས་ཀྱི་རྣམ་གྲངས་རེ་རེ་བསླབ།།
དེས་ན་ཚེར་མ་འགོག་པའི་ཁྲལ་ལས་འདི།།
མ་ཤིའི་བར་དུ་བྲེལ་བས་བྱེད་པར་ཟད།།
ཚར་མེད་སྤང་དུ་མེད་པའི་བྲེལ་བ་འདི།།
ཀུན་ཀྱི་སྐྱེ་བ་བླངས་པའི་དོན་སྒོར་སྣང༌།།
མཁའ་དང་མཉམ་པའི་སེམས་ཀྱི་ཆ་ཤས་གཅིག།
ཤ་ཁྲག་ལས་ཀྱི་འདམ་དུ་ཚུད་པ་ན།།
ཚ་གྲང་བཀྲེས་སྐོམ་རེ་དོགས་འཇིགས་སྐྲག་གི།
སྡུག་བསྔལ་འདི་ལ་ཟད་མཐའ་མྱེད་པ་སྙམ།།
འོན་ཀྱང་འབད་པ་བརྒྱ་ཡིས་བསྒྲུབས་བསྒྲུབས་པའི།།
ཤེས་རིག་དཔལ་གྱིས་བསྐྲུན་པའི་ལུས་པོ་འདི།།
ཆོས་ཉིད་གནམ་གྱི་རྒྱལ་མོའི་བཀའ་ལུང་བཞིན།།
ས་སྟེང་འདི་རུ་ལོ་ཤས་སྡོད་པར་ཟད།།
མགུར་འདི་སྐད་ཅེས་བླངས་སོ།། ཕྱི་ནང་གསང་གསུམ་ལ་གོ་རྒྱུ་ཡོད། དཔྱད་རོགས་གནང།
ཨ་ཁ་བདེན་ནོ་མེ་སྒྱོགས་རྒྱ་མཚོ། །
ཧ་ཅང་ཐལ་བའི་རྒྱག་ཆེ་འགའ་རེས། །
ས་སྐྱོང་དཔོན་གྱི་དཀོར་ལ་རྔམ་ཞིང་། །
ཤ་ཉེ་སྤུན་ཟླའི་འདུ་ཤེས་དབེན་ནོ། །
ལ་རྒྱ་ཟེར་བ་ཁ་ཕོ་སྟོང་གཏམ། །
ར་བ་གངས་ཅན་སྐྱིད་སྡུག་གླེང་ཡང་། །
ཡ་རབ་དྲང་བདེན་བྱམས་བརྩེ་བྲལ་ན། །
འ་ཅག་ཆོས་སྲིད་ཁ་ཁོག་མི་མཚུངས། །
ཟ་འདོད་ཁོ་ནའི་དཔལ་འབྱོར་འཛུགས་བསྐྲུན། །
ཞ་ལོང་སྤྲང་པོ་སྐྱོབ་པ་མེད་ན། །
ཝ་སྐྱེས་རྒྱག་པས་དཔོན་པོ་ཇི་བཞིན། །
ཛ་ཡའི་བསྟན་པའི་ཞབས་འདྲེན་དག་མ། །
ཚ་གྲང་སྡུག་བསྔལ་བཏང་ལེན་མེད་ན། །
ཙ་ར་གཅོད་པ་སྒྲུང་གཏམ་དཔྱད་ཡོམས། །
མ་རྩ་བརླག་པའི་སྤྲང་འཁྱམ་དེ་ལ། །
བ་གླང་སྐད་དང་བོད་མི་མ་མཐོང་། །
ཕ་མེས་རིག་གཞུང་མ་འོངས་མདུན་ལམ། །
པ་སངས་ལྟར་དཀར་ལྷག་བསམ་མེད་རུང་། །
ན་ཚའི་གནར་ཞིང་སྲོག་གི་གཅེས་ཕྲུག །
ད་ཐང་རོགས་ཞིག་བྱས་ན་འཐད་དོ། །
ཐ་ཆད་སྐད་ལ་རྫུན་བསྒྱུར་བྱེད་པ། །
ཏ་ལེ་ཤར་བ་སྔོན་མའི་གནས་ཚུལ། །
ཉ་ཉོག་བླ་བཙོང་སུ་ཡིན་མ་ཤེས། །
ཇ་རྩམ་རོལ་བ་དོན་མེད་མིན་ནམ། །
ཆ་མེད་མགོ་སྐོར་གཏོང་བའི་གཡོ་སྒྱུས །
ཅ་ལག་ཉོ་འཚོང་ཚེ་སྲོག་སྐྱོབ་པ། །
ང་ཚོའི་དེང་རབས་ཁྱད་ཆོས་ཡིན་ན། །
ག་ས་གང་ལ་ས་ཁྱབ་རྡོ་ཁྱབ། །
ཁ་བའི་ལས་དབང་ཡིད་ལ་འཁོར་ཚེ། །
ཀ་རྩོམ་འདི་ཡང་ཁ་ནས་ཤོར་ཐལ། །
དམ་ཆོས་མཚུངས་པའི་ལས་ཞིག་སྒྲུབ་ན། །
ང་ཚོའི་ཆོས་འདིས་ལྷག་ཅིག་མི་གདའ། །
མེ་སྒྱོགས་རྒྱ་མཚོ་ལ་ཤྲྰི་སྨྱོན་པས་ཅི་དྲན་གུས་ཕུལ། །
རྩོམ་འདི་ཐེངས་གཅིག་བཀླགས་རྗེས། མཁས་དབང་ཧོར་གཙང་འཇིག་མེད་ཀྱི་སྙན་རྩོམ་ཚན་པ་གཅིག་་ཡིད་ལ་དྲན་བྱུང་།
རང་གི་བུ་མོར་སྤྱོད་པའི་ཆེད་དུ་ལོག་ཆོས་ཚིགས་བཅད་འབུམ་ཕྲག་བརྩམས།།
སྟོབས་ལྡན་བསླུ་བའི་སྒྱུ་ཐབས་ཀྱིས་ནི་མིའུ་ཐུང་གཟུགས་ཀྱིས་ས་གསུམ་བླངས།།
འཕྲལ་གྱི་ཐོབ་བྱ་ཁབ་རྩེ་ཙམ་ལ་ཡ་རབས་བཟང་པོའི་རང་བཞིན་བརླག།
སྲིད་པ་གསུམ་ལ་གཡོ་སྒྱུ་བྱང་བའི་ལྷར་བཅས་སྐྱེ་དགུས་ཁྱེད་ལ་སྲུངས།།
གོམ་ཁ་གློག་བརྙན་ཁང་ལ་བསྒྱུར་ཡང་ལྷ་ཕྱག་འཚལ་དུ་འགྲོ་བར་སྨོས།།
སེམས་སུ་ལོག་ལྟའི་རོ་ལངས་མང་ཡང་ལག་ཏུ་ཕྲེང་བ་འབྲལ་མེད་ཀྱིས།།
དད་པ་སྤུ་རྩེ་ཙམ་ཡང་མེད་ཀྱང་ནང་དུ་རྒྱལ་བའི་སྐུ་པར་ཤོམས།།
ཆ་ལུགས་འདི་ཡིས་བོད་རྒན་རྣམས་ཀྱི་བསྔགས་བརྗོད་སྙན་ངོ་ཉོ་བར་ནུས།།
ལྐོག་ཏུ་རྒྱ་མིའི་ཕོག་གིས་ཚིམས་ཀྱང་ཁ་ནས་རང་བཙན་གཙང་མ་ཤོད།།
ཚུར་ལ་གཞན་གྱིས་མ་བཏགས་གོང་ནས་ཕར་ལ་རྒྱ་མིའི་མྱུལ་མ་ཐོགས།།
རྒྱལ་ཁབ་གཞན་གྱི་ཤིང་ནགས་གསེབ་ནས་དཔའ་ངར་དྲག་པོའི་སྐད་འབོད་ཀྱིས།།
འདི་འདྲའི་རིགས་ལ་བཙན་བྱོལ་བོད་པས་རྒྱལ་གཅེས་དཔའ་བོའི་མཚན་སྙན་གནང་།།
གཡོ་སྒྱུའི་སྨུག་སྤྲིན་སྙིང་ལ་འཁྲུགས་ཀྱང་གུས་ཤིང་ཞུམ་པའི་རྣམ་འགྱུར་སྟོན།།
རྟག་ཏུ་རང་དོན་ཁོ་ན་གཉེར་ཡང་ཁ་ནས་སྤྱི་དོན་འབའ་ཞིག་སྨོས།།
སྐྱོ་བོའི་ཁྱིམ་ལ་གནང་བའི་དངུལ་གྱིས་ཟ་ཁང་མགྲོན་ཁང་དགུ་བརྩེགས་རྒྱོབས།།
དེང་རབས་དུས་ཀྱི་འཇོན་ཐང་ཅན་ཚོ་ཐབས་ལམ་འདི་ལ་བསྟེན་པ་་ཉིད།།
ཤེས་འཇོན་མེད་པའི་སྐུ་ངོའི་རིགས་ལ་འཇིགས་ཤིང་སྐྲག་པའི་རྣམ་འགྱུར་སྟོན།།
ཕུགས་བསམ་མེད་པའི་ཕྱུག་པོ་ཚོ་ལ་ཚད་ལས་བརྒལ་བའི་འུད་སྟོད་ཀྱིས།།
བློ་གཏོད་མེད་པའི་ཕོ་མོ་ཀུན་ལ་ཞེ་སའི་ཚིག་གི་མཛེས་ཆས་སྤྲོས།།
སྤྱི་ཚོགས་འདི་ནས་འཚོ་བ་རོལ་ན་འབྲལ་ཐབས་མེད་པ་འདི་དག་ཡིན།།
འཕྲལ་གྱི་རང་དོན་འགྲུབ་ངོ་ཡོད་ན་༸གོང་ས་མཆོག་ལ་སྐྱག་རྫུན་ཞུས།།
ཕུགས་སུ་གསེར་དངུལ་རེག་ཐབས་འགྲིགས་ན་གྲོགས་པོའི་གཅེས་སྲོག་དགྲ་ལ་ཚོངས།།
དབུལ་བོ་ཞུམ་བའི་ལྕེ་ནར་དགོས་ཚེ་བཀའ་བློན་དྲུང་ཆེའི་རྐུབ་སྟེགས་ཉོས།།
གངས་ལྗོངས་རྒྱལ་ཁབ་དགྲ་ལ་སྤྲད་ཀྱང་སྐུ་ངོ་ཚོ་ལ་ནོར་འཁྲུལ་མེད།།
རྟག་ཏུ་བཤང་ཁང་ནང་ལ་རྒྱུག་ཀྱང་ང་ལ་འདོད་ཆགས་མེད་ཅེས་ཤོད།།
ཁོག་ཏུ་ཁོ་རང་གསོད་འདོད་ཡོད་ཀྱང་གདོང་པ་མཐོང་དུས་འཛུམ་མདངས་སྟོན།།
མགོ་བོ་རྨོངས་པའི་སྨག་གིས་བཀབ་ཀྱང་བཅུ་ཕྲག་རིག་གནས་མཁས་ཞེས་རྗོད།།
བརྟག་དཔྱད་མེད་པའི་སྤྱི་ཚོགས་འདི་ནས་ཁ་ལྕེ་བདེ་བས་ཁེ་བཟང་ཟ།།
ཤེས་འཇོན་གཉིས་ལྡན་གསར་འབྱོར་རྣམས་ཀྱི་མགོ་བོ་འགྱོགས་ན་འབུར་འཇོམས་ཀྱིས།།
སྐས་ཐེམ་གོང་མར་འཛེགས་ཉེན་ཡོད་ན་རྐང་བར་འཇུས་ཏེ་ཐུར་དུ་འཐེན།།
རྒྱ་གར་གསང་བའི་ལས་ཁུང་བརྒྱུད་དེ་ཁྲིམས་ཁང་ནང་ལ་མྱུར་དུ་སྐྱོལ།།
སྐུ་དབང་ཤོར་དུས་སྒོར་དབང་དག་ཀྱང་རྩ་ནས་ཤོར་བ་མ་ཡིན་ནམ།།
ཧིན་སྒོར་གཅིག་གཉིས་རེག་པའི་ཆེད་དུ་ཚིག་རེའི་ཐོག་ནས་མནའ་རེ་ཟོ།།
འདོད་པ་ཚིམ་པའི་ཤོག་སྒོར་ཐོབ་ན་མི་རེ་བཙོང་ནས་རིན་རེ་ལོངས།།
ཕྱི་གླིང་མི་ལ་མགོ་སྐོར་ཐུབ་ཚེ་ཆོས་རེ་བཙོང་ནས་དངུལ་རེ་གསོག།
དཀར་ནག་ལམ་ཁ་གང་ཞིག་བརྒྱུད་ཀྱང་འབྱོར་ལྡན་ཆགས་ཚེ་མི་ཡིས་བཀུར།།
གཞན་གྱི་རྣ་བས་མི་ཐོས་ས་ནས་ཁ་ནས་མི་བཤད་དགུ་བཤད་བྱོས།།
མི་ཡི་མིག་གིས་མི་མཐོང་ས་ནས་ལག་ཏུ་མི་ལས་དགུ་ལས་ཀྱིས།།
སྐྱེ་བོ་གཞན་གྱི་མདུན་ས་དག་ཏུ་སྙིང་ཆུང་ཝ་མོའི་སྤྱོད་པ་སྐྱོངས།།
བོད་པའི་ལུགས་ཀྱི་མི་ཡི་ལེགས་ཉེས་ཕྱི་རོལ་ཤུན་ལྐོག་ཙམ་ལ་བལྟ།།
མདོར་ན་དབང་དང་གོ་ས་འདོད་པས་ཕུགས་འདུན་མྱུར་དུ་འགྲུབ་པ་ཡིན།།
ཕྱུག་པོའི་རྒྱུ་ནོར་ལོངས་སྤྱོད་བསམ་ན་འདི་ཉིད་ཇི་བཞིན་ཉམས་སུ་ལོངས།།
ཁ་ལས་རླུང་རྟ་སྙན་གྲགས་དགོས་ཚེ་འདི་ལྟར་བརྩོན་ན་ཐོབ་པ་ཡིན།།
དེང་རབས་དུས་ཀྱི་ཡོད་ཚད་ཐམས་ཅད་འདི་ཡིས་ཐོབ་པས་ཡིད་ཆེས་མཛོད།།
རྩོམ་འདིའི་ནང་དོན་ལ་རྡ་རམ་ས་ལར། མགོ་བཀའ་ཁྲི་ནས། མཇུག་སྤྲང་པོའི་བར་བོད་མི་ཚང་མ་མགོ་རུལ་ནས་ཡོད་པའི་སྣང་ཚུལ་ཞིག་བཞེངས་འདུག དེ་དངོས་ཡོད་དང་བར་ཐག་ཡང་ཉེ་བར་སྣང་། བྱ་ཐབས་འདིས་ངེད་ཚོའི་སྤྱི་ཚོགས་ཀྱི་དངོས་ཡོད་གསལ་བའི་མེ་ལོང་དྭངས་མ་ཞིག་སྐྲུན་པར་གོམ་སྟབས་དང་པོ་དེ་རེད་སྙམ།
ཡིན་ནའི་ངེད་ཚོའི་སྤྱི་ཚོགས་ཀྱི་རང་བཞིན་ལྷད་མེད་སྟོན་པའི་མེ་ལོང་ཞིག་བཞེང་དགོས་ཚེ། མེ་ལོང་འདིའི་ནང་སྤྱི་ཚོགས་ཀྱི་གནས་ཚུལ་མ་ཚང་བ་མེད་པ་འཇུག་རྒྱུ་དེ་གལ་ཆེ་རེད། ངའི་ལྟ་ཚུལ་ལ་རྩོམ་འདིའི་ནང་བོད་ཀྱི་སྤྱི་ཚོགས་ཀྱི་ཡན་ལག་སྟོབས་ཆེ་ཤོས་ཏེ། རྒྱལ་བ་རིན་པོ་ཆེའི་གནས་ཚུལ་བཀོད་མེད་པ་དེ་རེད།
ངའི་འདྲི་བ་ལ། བཀའ་ཁྲི་དང་དཔེ་མཛོད་ཀྱི་སྐུ་ངོ། སྤྱི་འཐུས། དུག་འཐེན་མཁན་བཅས་འདི་ལྟར་མགོ་བོ་འཁོར་བའི་སྐབས་ལ། རྒྱལ་བ་རིན་པོ་ཆེ་གང་གནང་གི་ཡོད་དམ།
དྲ་གྲོགས་ལྷ་ཀླུ་གཉན་གསུམ་ལགས་ཀྱིས་རྩོམ་ཐུང་འདིའི་བརྗོད་དོན་ལ་མོས་མཐུན་གནང་བར་དགའ་བོ་བྱུང་། ཉིན་འགའ་ལ་ཡུལ་འདིའི་སྟོད་ཕྱོགས་སུ་གླུ་གར་གི་སྟོན་མོ་ཆེན་པོ་ཞིག་འདུག་པས་དེར་ཕྱིན་ནས་མཁའ་རླུང་གཙང་མ་རྔུབ་རྒྱུ་བྱུང་སོང་བས་གནས་སྐབས་རིང་ལ་སྲོག་རླུང་ཤེལ་དམ་ཉོ་དགོས་པ་མིན་འདུག ཧཧཧ། དུས་ཐོག་མཆན་བཏབ་ཐུབ་མ་སོང་བས་དགོངས་དག་ལོ།
བོད་པའི་སྤྱི་ཚོགས་ནང་གི་བསམ་སྤྱོད་མང་པོ་ཞིག་ལ་ཡིད་མ་རངས་བ་ཡོང་གི་འདུག རང་ཉིད་ཀྱང་བོད་རིགས་ཅིག་ཡིན་པས་ཆ་ནས་འཚང་ཁ་ཤིག་ཤིག་གིས་བསམ་ཚུལ་ཤོད་འདོད་འདུག
ཐད་ནག་དུ་ནག་འཐེན་མཁན་འདི་གངས་སྐྱིད་དུ་མངགས་ནས་བདག་སྐྱོང་བྱ་རོགས་གྱིས་ཟེར་ནས་རེ་བསྐུལ་ཞུ་བ་ཕྱིན་ཀྱང་ཞུ་ས་རག་མེད་པ་རེད། མི་འདི་ཚོའི་འཇིག་རྟེན་དུ་འཛུལ་ནས་བལྟས་ན་སྐྱི་གཡའ་བ་ཞིག་དང་སེམས་སྐྱོ་བ་ཞིག་ཡོང་གི་འདུག
བྱ་རྒོད་རྒྱལ་པོ་ལགས། དེང་སང་མཐོང་རྒྱུ་དཀོན་པོ་འདྲ་ཆགས་སོང་བས་བྱ་རྒྱལ་ཡུལ་གཞན་དུ་འཕུར་སོང་བ་མིན་ནམ་བསམ་སོང་། འདི་ངས་བྱས་སོང་། གོང་གི་རྩོམ་ཐུང་དེའི་ཚ་ཚད་འཇོམས་ཕྱིར་དྲ་དཔོན་ལ་འདི་མཚར་གཏམ་ནང་དུ་འགོད་རོགས་ཞུས་པ་ཡིན། ཡིན་ནའང་འདི་དྲ་དཔོན་གྱིས་ཐག་གཅོད་རྒྱུ་ཞིག་ངས་རེ་བསྐུལ་ཞུས་བ་དེ་ངའི་ཐད་ནས་ཅུང་ཟད་ཐལ་སོང་བ་ཡིན་བཟོ་འདུག
དཔལ་དགྱེས་པ་རྡོ་རྗེ་ལགས་ཀྱི་དགོངས་པ་འཁྲུག་མེད་པར་བློ་བདེ་བོ་བྱུང་། གོང་གི་རྩོམ་ཐུང་དེའི་ནང་དུ་ཆོས་ལུགས་པ་དང་སྲིད་སྐྱོང་པ་ཚོ་ལ་བསམ་ཚུལ་འགའ་བསྟན་པ་ཡིན། འདི་ལ་གཞི་མེད་པའམ་མིན་ལ་ཡོད་ཚད་ཀྱང་འདི་ལྟར་མིན་པ་ཉིད་ཀྱིས་མཁྱེན་ཡོད་པ་དགའ་སོང་།
རེད་རེད། ཁ་ནག་སྤྲང་པོ་འདི་ཚོར་མཐོང་ཆུང་བྱ་མི་ཉན། གལ་སྲིད་དུ་ནག་དང་སྨན་༼drug༽་ལ་སྐྱག་ལངས་ཤོར་ཟིན་ན་རང་གིས་རང་གི་སྤྱོད་པ་ལ་རང་དབང་ཕལ་ཆེར་ཤོར་འགྲོ་གྱིན་ཡོད་པ་རེད། དེ་ནི་ཀླད་རྩ་ལ་འགྱུར་བ་ཐེབས་པས་རེད། དེར་བརྟེན་ཁོང་ཚོའི་སྤྱོད་ཚུལ་ལ་མཐོང་ཕྱོགས་མི་མཛེས་པ་ཡོང་གི་ཡོད་ནའང་མཐོང་ཆུང་བྱ་རྒྱུ་མེད་པ་རེད། ཁོང་ཚོ་དང་མཉམ་དུ་ཇ་དང་ཐུག་པ་འདྲ་འཐུང་གིན་སྐད་ཆ་ཤོད་ཀྱིན་ཡིན་ན་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཤོད་རྒྱུ་འདུག ཁོང་ཚོ་ནི་སྙིང་དམར་པོ་འཕག་བཞིན་པའི་བོད་རིགས་རེད། ཕྱོགས་རིས་འཐེན་འཁྱེར་གྱི་རྒྱ་རུ་མ་ཚུད་པར་རང་གི་ལྟ་བའི་རྗེས་སུ་བསྙེག་ཐུབ་མཁན་དང་བསྙེག་ཕོད་མཁན་མཁས་དབང་དགེ་ཆོས་ལྟ་བུ་ལ་མིག་དཔེ་བལྟ་དགོས་རྒྱུ་རེད།
གངས་ཕྲུག་རྨས་མ་ལགས་ཀྱིས་ཧོར་འཇིགས་ཀྱི་སྙན་རྩོམ་འདིར་བཀོད་པ་བཀླགས་ཟིན། སྤྱི་ཚོགས་ཀྱི་སྐྱོན་ཆ་ཐེར་འདོན་གྱི་རང་དབང་འདི་སྤྱོད་ནས་ལེགས་སྤེལ་ཉེས་འགོག་བྱ་ཐུབ་ན་ཡག་པོ་འདུག གང་ཟག་གཅིག་གི་སྐྱོན་ཞིག་འདོན་ན་གང་ཟག་དེའི་མི་ཚེ་ཧྲིལ་པའི་བྱས་རྗེས་ཡོད་ཚད་ཆུ་ལ་གཡུག་པ་ལྟ་བུའི་ལྟ་ཚུལ་ཞིག་ངེད་བོད་པ་མང་པོ་ཞིག་ལ་ཡོང་གི་འདུག ལྟ་ཚུལ་དེ་ནོར་འཁྲུལ་ཞིག་ཡིན་པ་ནི་ངེད་ཚོས་ཤེས་དགོས།
བསམ་ཤེས་ལགས། རྩོམ་ཐུང་འདི་ཡིས་སྤྱི་ཚོགས་ཀྱི་སྟེང་འོག་ཡོངས་ཀྱི་གནས་ཚུལ་ཁ་གསལ་པོ་ཞིག་བཟོས་ཐུབ་མ་སོང་། ཁྱེད་རང་ག་ལ་ཁ་སྣོན་བརྒྱབ་རྒྱུ་ཡོད་ན་དགའ་བསུ་ཞུའོ། ཁྱེད་རང་གིས་རྩོམ་ཐུང་འདིའི་གོ་བ་ལེན་སྟངས་ཡང་དམིགས་བསལ་ཅན་ཞིག་ཆགས་འདུག རྩོམ་ཁ་ཏོག་ཙམ་ལྷོད་པོ་འདུག་པས་དེ་ལྟར་གོ་བ་ལེན་ཆོག་རྒྱུ་རེད།
༸རྒྱལ་བ་རིན་པོ་ཆེས་གང་གནང་གི་ཡོད་དམ་ཞེས་དྲིས་འདུག་པ་དེའི་ལན་ལ་༸རྒྱལ་བ་རིན་པོ་ཆེ་མཆོག་ནི་དབུ་མའི་ལམ་དུ་ཆིབས་བསྒྱུར་གནང་བཞིན་པ་རེད་ཅེས་ཞུའོ།
ཉེ་དུས་བཅར་འདྲི་ཞིག་གནང་པའི་ནང་དུ་རྒྱ་གཞུང་གི་ངེད་ཚོའི་དཀའ་རྙོག་དེ་རྒྱལ་ནང་གི་དཀའ་རྙོག་རེད་ཟེར་བ་ལ་དབྱིན་ཡིག་ཟིན་བྲིས་ཁ་ཤས་ཀྱི་ནང་དུ་བགྲོ་གླེང་འཁྲུག་པོ་བྱེད་བཞིན་འདུག
༸སྐྱབས་མགོན་རིན་པོ་ཆེས་ཐད་ཀར་གསུངས་པར་”The Chinese government considers our problem a domestic one. And we also.”
མཁྱེན་གསལ་རེད། འདི་ལ་འགྲིགས་དང་མི་འགྲིགས་ཀྱི་བགྲོ་གླེང་བྱ་ཆོག་པ་རེད་བསམ་གྱི་ཡོད།
ལོ་འདིའི་ཟླ་བ་གསུམ་པའི་ནང་དུ་བཀའ་ཁྲི་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས་ཐད་ཀར་གསུངས་པར་“We consider this is an internal matter of the People’s Republic of China…”
བཀའ་ཁྲིའི་གསུང་བཤད་འདི་ཐད་དུ་འཇམ་དབྱངས་ནོར་བུའི་ཟིན་བྲིས་སྟེང་དུ་རྩོད་གླེང་བྱས་ཚར་བ་ཡིན། གལ་སྲིད་དུས་ཚོད་ཡོད་ན་དེར་སོང་ནས་ཟིན་བྲིས་དང་མཆན་ཚང་མ་བཀླགས་ན་ཉེ་དུས་ཀྱི་༸གོང་ས་མཆོག་གིས་བཅའ་འདྲི་ནང་དུ་གསུངས་པ་འདི་ལ་བགྲོ་གླེང་ཅི་འདྲ་ཞིག་དགོས་མིན་ཤེས་ངེས་རེད།
གོང་དུ་གསུངས་པ་དེ་དག་དང་དབུ་མའི་ལམ་གྱི་དགོངས་པ་གཉིས་ལ་ངས་འགལ་བ་ཞིག་མ་མཐོང་ངོ་ཞེས་ཞུའོ།